2010-03-23

ཕ་ཡུལ་གྱི་ཕན་བདེའི་ཆེད་དུ།


(གཞིས་བཞུགས་མཁྱེན་ལྡན་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་དཔེ་དེབ་ངོ་སྤྲོད།)


 བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་བོད་འགྱུར་མ།

༅༅།། བོད་ཀྱི་གྲོང་གསེབ་པ་ཞིག་གིས་ཕྱི་ལོ་ ༡༩༥༥།༥༦ ནས་ཚོང་ལས་གཉེར་བའི་ཁེ་འབབ་བསགས་ཏེ། ཕྱི་ལོ་ ༡༩༥༧ ལོར་རྒྱ་གར་ལ་དབྱིན་སྐད་དང་དེང་དུས་ཀྱི་ཤེས་ཡོན་སྦྱོང་བར་སོང་བ་རེད་ཟེར་ན་སྐུ་ཉིད་ཡིད་ཆེས་སམ།

          བོད་མི་དེས་རྒྱ་གར་དང་ཨ་རིར་སློབ་སྦྱོང་བྱས་རྗེས་ ༡༩༦༣ ལོར་བོད་མི་དམངས་ལ་ཞབས་འདེགས་ཞུ་སེམས་བཅངས་ནས་སྐྱིད་པའི་འཚོ་བ་དང་མཐོ༌བའི་གོ་གནས་ཚང་མ་བསྐྱུར་ཏེ་བོད་ལ་ལོག་པ་རེད་ཟེར་ན་ཁྱེད་རང་ཡིད་ཆེས་ས་ཨེ་རེད།

       ད་དུང་རང་ཉིད་ཀྱི་གནས་བབ་དབང་གིས་ཐོག་མའི་བརྩེ་དུང་ཆགས་སའི་བུ་མོ་དང་ཁ་བྲལ་དགོས་བྱུང་བ་དང་། དེ་ནས་བུད་མེད་གཅིག་གི་ཚེ་སྲོག་སྐྱོབས་ཆེད་ཨ་རིར་གཉེན་སྒྲིག་བྱས་པ། ཐ་མ་དེ་ཡང་བསྐྱུར་ནས་བོད་རིགས་སྨད་ཚོང་མ་ཞིག་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་རེད་ཟེར་ན་ཁྱེད་རང་ཡིད་ཆེས་སམ།

                      འདི་དག་ནི་ཡིད་ཆེས་དཀའ་བའི་གནས་ཚུལ་ཡིན་ཡང་ཡིད་མ་ཆེས་རང་ཆེས་ཀྱི་དོན་དངོས་ཀྱང་ཡིན། འདི་ནི་གཞན་མ་ཡིན་པར། ཁྱེད་དང་ང་ཚོའི་མདུན་དུ་འཚོ་ཞིང་བཞུགས་པའི་བོད་ཀྱི་མི་རིགས་རིང་ལུགས་པ་བཀྲ་ཤིས་ཚེ་རིང་གི་མི་ཚེའི་ལོ་རྒྱུས་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་ཞེས་པའི་ནང་གསལ་ཡོད།

བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་དཔེ་དེབ་དང་པོ་དེ་དོ་བདག་བཀྲ་ཤིས་ཚེ་རིང་དང་ཨ་རི་བ་གྷོལྜ་སི་ཊཻན། ཨ་རི་བ་སའི་བྷན་ཤུ་བཅས་མི་གསུམ་གྱིས་བརྩམས་པ་དང་། དེབ་གཉིས་པ་ནི་བཀྲ་ཤིས་ཚེ་རིང་དང་སའི་བྷན་ཤུ་གཉིས་ཀྱིས་བརྩམས་པ་རེད། ད་ཐེངས་ཕྲན་གྱིས་བོད་ཡིག་ཏུ་བསྒྱུར་ཞིང་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་གནང་བའི་དེབ་འདིའི་ནང་། གོང་གསལ་དེབ་དང་པོ་ཆ་ཚང་ཡོད་པར་མ་ཟད། དེབ་གཉིས་པའི་ནང་དོན་སྙིང་བསྡུས་སུ་བཀོད་ཡོད། (དེབ་སྔ་རྗེས་གཉིས་ཀྱི་བརྗོད་དོན་མང་པོ་ཞིག་གཅིག་མཚུངས་ཡིན་པའི་ཆ་ནས་དེབ་གཉིས་པ་ཆ་ཚང་བསྒྱུར་གལ་མེད་) དེ་ཙམ་མ་ཟད་བཀྲ་ཤིས་ཚེ་རིང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་། བོད་ནང་གི་ཤེས་ཡོན་སློབ་གསོའི་གནས་སྟངས་ཐད་ཕུལ་བའི་སྙན་ཞུ་སྔ་རྗེས་སོགས་ཀྱང་ལྷན་ཐབས་ཀྱི་ཚུལ་དུ་བཀོད་ཡོད་པས། བཀྲ་ཤིས་ཚེ་རིང་གི་མི་ཚེ་དང་འབྲེལ་བའི་དཔེ་དེབ་ཆ་ཚང་ཤོས་དེ་ཆགས་ཡོད།

དེབ་འདིའི་དཀར་ཆག་དང་གླེང་བརྗོད། ལོ་རྒྱུས་དངོས་གཞི། ལྷན་ཐབས༌སོགས་བསྡོམས་ན་ཤོག་གྲངས་ ༤༡༠ ཙམ་ཡོད་ཅིང་། བར་འཇུག་ཏུ་ལོ་རྒྱུས་དང་འབྲེལ་བའི་འདྲ་པར་ ༡༧ བཀོད་ཡོད། དེབ་གཟུགས་ཧ་ཅང་མཐུག་པོ༌མ་ཆགས་པའི་ཆེད་དུ་ཡིག་གཟུགས་ཆུང་ཙམ་སྤྱད་དེ་ཤོག་ངོས་རེར་ཡིག་ཕྲེང་ ༢༨ ཤོང་བ་བྱས་ཡོད། 

དེབ་དེ་ཕྲན་གྱིས་བསྒྱུར་ཟིན་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་སྐད་གསུམ་སྨྲ་བ་དགེ་བཤེས་ལྷག་རྡོར་དང་། བོད་ཀྱི་དཔེ་མཛོད་ཁང་གི་པར་སྐྲུན་དང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྐད་གསུམ་སྨྲ་བ་ན་ག་སངས་རྒྱས་བསྟན་དར་གྱིས་མ་རྩོམ་དང་བསྡུར་ཏེ་ཞུ་དག་དང་། བོད་གཞུང་བདེ་སྲུང་ཉམས་ཞིབ་ཁང་གི་དྲུང་འཕར་སྐད་གཉིས་སྨྲ་བ་འཕགས་པ་ཚེ་རིང་གིས་རྒྱ་ཡིག་གི་འགྱུར་དང་བསྡུར་ཏེ་ཞུ་དག བོད་གཞུང་ཤེས་རིག་སྡེ་ཚན་ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་རྩོམ་སྒྲིག་པ་ཀུན་དགའ་རྒྱལ་མཚན་དང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་དཔོན་དང་རིག་གནས་སྨྲ་བ་རེ་མདོ་སེངྒེས་བོད་ཚིག་གི་དག་སྡེབ་ལ་ཞུ་བཅོས་གནང་བ་བཅས་ཀྱི་ཐོག ཕྲན་རང་གིས་ཀྱང་ཞུ་དག་ཐེངས་མང་བྱས་པས། སྒྱུར་སྐྱོན་དང་ཡིག་ནོར་ཉུང་བའི་དཔེ་དེབ་ཅིག་ཆགས་ཡོད་པའི་རེ་བ་བྱེད་བཞིན་མཆིས།

དཔེ་དེབ་བྱུས་འགོད་དང་པར་སྐྲུན་ལས་རིགས་ཐད་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་ཚེ་རྣམ་ལགས་དང་བུ་མོ་འཆི་མེད་དབང་མོས་དེབ་འདིའི་རྒྱབ་ཤོག་བྱུས་འགོད་དང་དེབ་གཟུགས་བསྒྲིགས་པ་ཞིག་ཡིན་པས། བཟོ་འགོད་དང་སྒྲིག་རིམ་སོགས་ཀྱང་དེང་རབས་པར་སྐྲུན་ལས་རིགས་ཀྱི་ཡོངས་ཁྱབ་གཞུང་ལུགས་དང་ཚད་མཐུན་བྱུང་ཡོད་པའི་ཁུལ་ཡིན།

2010-03-19

༈ སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཐོག་བགྲོ་གླེང་གནང་བའི་མཇུག་བསྡོམས་བཀའ་ཤག་གི་གསལ་བཤད་ཆ་ཚང་།

༄༅། །ཆེས་མཆོག་ཏུ་བཀུར་བར་འོས་པའི་མཚུངས་མེད་ཚོགས་གཙོ་མཆོག གྲོས་ཚོགས་ཀྱི་ཡིག་ཆ་ཨང་༧ པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་རིན་པོ་ཆེ་དང༌། དེ་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཡིག་ཆ་ཨང་ ༨ པ་བཅས་ཀྱི་ཐོག་གྲོས་ཚོགས་སུ་གྲོས་བསྡུར་རྒྱུན་རིང་གནང་བའི་མཇུག་བསྡོམས་སུ་
གསལ་བཤད་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གསུང་འཕྲིན་ཧ་ཅང་ཞལ་གསལ་པོ་ཕེབས་འདུག་པས་དེ་ལ་གསལ་བཤད་ཞུ་མ་དགོས་པ་མ་ཟད།
གྲོས་བསྡུར་གནང་བའི་ནང་དུའང་བཀའ་འདྲི་མང་དག་ཅིག་ྋགོང་ས་མཆོག་ལ་ཐད་ཀར་ཞུས་པ་ལྟ་བུ་འདུག༌པས་
དེ་ཡིན་ན་ནི་བཀའ་ཤག་གིས་ྋགོང་ས་མཆོག་གི་སྐུ་ཚབ་ཞུས་ནས་གསལ་བཤད་ཞུ་རྒྱུའི་ནུས་སྤོབས་མེད།
དེ་ཙམ་མ་ཟད་སྐབས་བཅུ་བཞི་པའི་གྲོས་ཚོགས་འདིའི་ནང་གསལ་བཤད་ཇི་ཙམ་ཞུས་ཀྱང་གསལ་པོ་ཆགས༌ཐུབ་
ཀྱི་མེད་པའི་ཉམས་མྱོང་གཏིང་ཟབ་ཡོད། གལ་སྲིད་གསལ་བཤད་དང་རྒྱུ་མཚན་ཞུས་ནས་ལ་དག་རྒྱུ་ཡོད༌པ་
ཞིག་ཡིན་ན་ད་རེས་གསུང་འཕྲིན་འདི་འདྲ་ཞིག་ཕེབས་དགོས་དོན་མེད། བོད་རྒྱ་འབྲེལ་མོལ་གྱི་བྱུང་རིམ་
དང་འགྱུར་འགྲོས་རྣམས་དུས་ནས་དུས་སུ་དྲི་བ་དྲིས་ལན་དང༌། གསལ་བཤད། བགྲོ་གླེང༌། ཐ་ན་སྟོང་པའི༌དུས་ཚ
ོད་ཡན་ཆོད་ཀྱི་ལས་རིམ་འདྲ་མིན་བརྒྱུད་བསྐྱར་ལྡབ་ཡང་ལྡབ། དམ་པའི་ཆོས་ལ་བརྒྱ་ཚར་གྱི་དཔེ་
ལྟར་ཞུས་ཟིན་པ་ཡིན་ནའང༌། སྤྱི་འཐུས་རྣམ་པའི་ཐུགས་དགོངས་མ་དྭངས་པའི་ཉེར་ལེན་ལ་བརྟེན་ནས་ད་
རེས་གསུང་འཕྲིན་འདི་ཕེབས་དགོས་བྱུང་བ་རེད། དེ་སྔོན་ཡང་གྲོས་ཚོགས་འདིའི་ནང་ཞུས་མྱོང་བ་ལྟར་མདོ༌སྨད་པ་དགེ་འདུན་ཆོས་འཕེལ་གྱིས། དངོས་པོའི་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང༌།། ངམ་ནག་བཞིན་གྱི་
གཉེར་མ་མི་སངས་པ།། ཞེས་སོགས་གསུངས་པ་དེ་ཐུགས་བདེན་པ་རེད་བསམ་གྱི་འདུག འོན་ཀྱང་གྲོས་
ཚོགས་ཀྱི་གལ་ཆེའི་དུས་ཚོད་ཞུས་ནས་གསལ་བཤད་ཞུ་དགོས་པའི་རྒྱུ་མཚན་གསུམ་ཡོད་པའི་དང་པོ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་
ཚན་བཅུ་བདུན་པའི་ནང་གསེས་གསུམ་པ་ལ་བརྩི་བཀུར་ཞུ་རྒྱུ་དང༌། གཉིས་པ་རྒྱ་ཆེ་མང་ཚོགས་ཀྱིས་མཁྱེན༌རྟོགས་
ཡོང་ཆེད། གསུམ་པ་བྱུང་རབས་ལོ་རྒྱུས་ཀྱི་ཆེད་དེབ་ཐེར་དུ་དགོད་རྒྱུ་བཅས་ཡིན།
 

    ཐོག་མར་བཀའ་ཤག་ཏུ་ང་ཚོའི་གསལ་བཤད་ཆེད་སྤྱི་འཐུས་གསང་བའི་ཚོགས་འདུ་ཞིག་ཚོགས་གནང་
ཡོང་བའི་རེ་སྐུལ་ཞུས་ན་ལེགས་ཚུལ་བཀའ་མོལ་བྱུང་སོང༌། དེའི་རྒྱུ་མཚན་ཡང་གནས་ཚུལ་འགའ་ཤས༌བཀུར་འོས་སྤྱི་འཐུས་རྣམ་པའི་མཚན་མཐོང་ལ་གནོད་པའང་ཡོང་སྲིད་པ་ཞིག་རེད། བཙན་བྱོལ་བོད་མང༌གཙོའི་གཞུང་གི་སྒྲིག་འཛུགས་མཐོ་ཤོས་ཁྲིམས་བཟོའི་དབང་འཛིན་པ་སྤྱི་འཐུས་ལྷན་ཚོགས་དང་དེའི་སྤྱི་
འཐུས་རྣམས་ཀྱི་མཚན་མཐོང་སྲུང་སྐྱོབ་ཞུ་རྒྱུ་བོད་མི་ཚང་མའི་ལས་འགན་ཞིག་རེད། ཡིན་ནའང་གནད་དོན་
འདིའི་ཐོག་གྲོས་ཚོགས་ཀྱི་བགྲོ་གླེང་ལ་ཉན་པའི་མཐར་བཀའ་ཤག་གི་ངོས་ནས་གསང་བ་ཞུ་དགོས་ཀྱི་གནས་
ཚུལ་གང་ཡང་ལྷག་མ་སོང་སྙམ་པའི་ཚོར་སྣང་བྱུང༌། དེ་ལ་བརྟེན་ནས་གསང་བའི་ཚོགས་འདུའི་ཆེད་དུ་རེ༌སྐུལ་མི་ཞུ་རྒྱུའི་ཐག་གཅོད་བྱས་པ་ཡིན།


བཀུར་འོས་ཚོགས་གཙོ་མཆོག བཀའ་ཤག་གི་གསལ་བཤད་འདིའི་ནང་ ༡༽ བཀའ་ཤག་གི་སེམས་
ཀྱི་ཚོར་བ་དང༌། ༢༽ ད་རེས་ཀྱི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་གྱི་ནང་དོན་ཁག་ཕེབསདགོས་
པའི་རྒྱུ་མཚན། ༣༽ ཞི་བའི་དོན་ཚན་ལྔ་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་
ཡོང་ཐབས་ཀྱི་བསམ་འཆར་བར་གྱི་འགྱུར་འགྲོས་དང་འཕེལ་རིམ། ༤༽ བགྲོ་གླེང་སྐབས་བཀུར་འོས་སྤྱི་
འཐུས་རྣམ་པའི་དགོངས་ཚུལ་ལ་གསལ་བཤད་ཞུ་དགོས་ཁག ༥༽ གསུང་འཕྲིན་རིན་པོ་ཆེའི་དགོངས་དོན༌སྙིང་པོ་གྲོས་ཚོགས་ནས་ད་རེས་ཐག་གཅོད་ངེས་པར་གནང་དགོས་པའི་དོན་གནད་ཁག་བཅས་དོན་ཚན་ལྔར་
བསྡུས་ནས་སྙན་གསན་ཞུ་རྒྱུ་ཡིན།


བཀུར་འོས་ཚོགས་གཙོ་མཆོག དོན་ཚན་དང་པོ། ཆབ་སྲིད་ཀྱི་ལས་དོན་སྤྱི་དང་ཁྱད་པར་གྲོས་ཚོགས་ཀྱི༌སྡིངས་
ཆའི་ཐོག་དངོས་ཡོད་ཀྱི་གནས་ཚུལ་ལ་གདོང་ལེན་ཞུ་རྒྱུ་མ་གཏོགས་སེམས་ཚོར་ལ་དོ་སྣང་དང་
འགྲེལ་བརྗོད་ཞུ་རྒྱུ་སྐབས་དུས་དང་མི་འཚམས་པ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། འོན་ཀྱང་རྒྱུན་སྲོལ་ལས་
འདས་ནས་ད་རེས་སེམས་ཚོར་སྐོར་ཟུར་ཙམ་ཞིག་མ་ཞུས་ཐབས་མེད་ཆགས་སྟངས་ནི། བཀུར་འོས་སྤྱི༌འཐུས་མི་ཉུང་བ་ཞིག་གིས་བཀའ་བློན་ཚོ་འཕྲུལ་འཁོར་གྱི་མི་ལྟ་བུ་ཞིག་ཡིན་པ་ལས་དགའ་སྡུག༌གི་ཚོར་བ་མེད་པ་ཞིག་ཡིན་པར་དགོངས་ཀྱི་མེད་དམ་སྙམ་པའི་དྭོགས་པ་བྱུང༌། དེར་བརྟེན་བཀུར་འོས་སྤྱི་
འཐུས་རྣམ་པས་གསན་དགོངས་གནང་མིན་ལ་མ་ལྟོས་པར་ང་ཚོ་བཀའ་བློན་རྣམས་ཀྱང་ཉོན་མོངས་མ་སྤངས༌པའི་མི། འདོད་སྡང་རྨོངས་གསུམ་དང་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ཡོད་མཁན་གྱི་གང་ཟག་ཤ་སྟག་ཡིན་ཞེས་ཞུ་འདོད་བྱུང༌། ད་རེས་གྲོས་ཚོགས་སུ་ཕེབས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་
འཕྲིན་རིན་པོ་ཆེ་ཉན་ཀློག་ཞུ་སྐབས་ཐོག་མའི་ཚོར་སྣང་དུ་གསུང་འཕྲིན་འདི་ྋགོང་ས་མཆོག་ཐུགས་དགྱེས་
ཚོར་ཆེན་པོའི་ངང་ནས་གནང་བ་ཞིག་མ་ཡིན་པར་ཞེ་ས་མ་ཞུས་ན་ྋགོང་ས་མཆོག་འ་ཆད་འུ་ཐུག་གིས་བཀའ་
འདི་འདྲ་ཞིག་མ་ཕེབས་ཐབས་མེད་བྱུང་འདུག་པས། ང་ཚོ་འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པའི་བཀའ་
བློན་ཚོས་ྋགོང་ས་མཆོག་གིས་གསུང་འཕྲིན་འདི་འདྲ་བསྩལ་མ་དགོས་པའི་ཐབས་ཤེས་ཞུ་མ་ཐུབ་པ་ནི་མི་གོ་
མ་ཆོད་པ་ཞིག་ཆགས་སོང་བསམས་པ་དང༌། དེ་བཞིན་བགྲོ་གླེང་ལ་ཞིབ་ཉན་ཞུ་སྐབས་ྋགོང་ས་མཆོག་གིས་
མང་གཙོའི་ལམ་བཟང་བོད་མི་རྣམས་ལ་བཙན་ཐབས་སུ་བསྩལ་བ་དེ་བྷོལཱནཱཐ་ཡིས་བྷསྨཱསུར་ལ་མཆོག་སྦྱིན༌པའམ། བྱིས་པའི་ལག་ཏུ་མཚོན་ཆ་སྦྱིན་པ་ལྟ་བུའི་གནས་བབ་ཅིག་བྱུང་མི་སྲིད་པ་མི་འདུག་སྙམ་པའི་ཐེ་
ཚོམས་དང་བཅས་མདོ་དོན་བློ་ཕམ་ཚད་མེད་བྱུང་སོང་ཞེས་ཞུ་རྒྱུ་ཡིན། 

དེ་བཞིན་རྒྱུན་དུ་སྲིད་དོན་གྱི་ཚོགས༌པ་མེད་པའི་གྲོས་ཚོགས་སུ་ཚོགས་མི་ཚང་མས་གཞུང་འཛིན་དང་ཕྱོགས་འགལ་གཉིས་ཀའི་འགན་ཁུར་གནང༌དགོས་
ཀྱང༌། བཀུར་འོས་སྤྱི་འཐུས་མི་ཉུང་བ་ཞིག་གིས་བདེན་དོན་གསུང་ན་འཛིན་སྐྱོང་ལ་སྤྲེལ་ལད་ཤོད་ཀྱི་
འདུག་ཟེར་བའི་མི་ཁ་དང་གནོན་ཤུགས་ལ་འཛེམས་ཟོན་གནང་སྟབས་གྲོས་ཚོགས་ནང་བཀའ་ཤག་གྲོགས་མེད་
གཅིག་པུ་ཡིན་པ་དང༌། བདག་ཉིད་བདག་གི་མགོན་ཡིན་གྱི།། གསུངས་པ་བདེན་སྙམ་པའི་ཚོར་སྣང་ཡོང་གི་
འདུག རྒྱུ་མཚན་དེ་ལ་བརྟེན་ནས་ད་རེས་ཞུ་རྒྱུའི་གསལ་བཤད་འདིའང་ཨི་ཁུང་བརྡོལ་བའི་སྙིང་ནས་ཐོན༌པའི་མཆི་མ་ལྟ་བུ་ཞིག་ཡིན་པས། བཀུར་འོས་སྤྱི་འཐུས་རྣམ་པའི་སྙན་ལ་འཇེབས་པ་དང༌། ཐུགས་ལ་བབས་པཞིག་
ཡོང་བའི་རེ་བ་ཆུང༌། གཅིག་བྱས་ན་རྗེ་གུང་ཐང་པ་ལྟར། རྣམ་རྟོག་རླུང་གིས་མགོ་བོ་འཁོར།། སྙིགས༌དུས་
ཀྱི་སྤྱོད་པར་ཞེན་ཁ་ལོག། །ཁ་འཁྱལ་སྐྱུག་པ་འཆོར་ཉེ་བས།། རང་རང་གི་ན་བཟའ་ཕར་ལ་འཐེན།། ཞེསཞུ་
དགོས་པའི་ཉེན་ཁ་འདུག

2010-03-11

དགེ་རྒན་འོས་སྦྱོང་དང་པོ་གཉིས་པའི་འདྲ་པར།

གཤམ་གྱི་འདྲ་པར་གཉིས་དེ་ཤེས་རིག་གི་དགེ་རྒན་འོས་སྦྱོང་དང་པོ་དང་གཉིས་པའི་འདྲ་པར་རེད། དགེ་རྒན་འོས་སྦྱོང་དང་པོ་དེ་ཕྱི་ལོ་ ༡༩༦༣ ལོར་ཀང་རར་བཙུགས་པ་རེད། དགེ་རྒན་འོས་སྦྱོང་གཉིས་པ་དེ་དྷ་ཤོད་དུ་ཕྱི་ལོ་ ༡༩༦༥ ལོར་བཙུགས་པ་རེད། འདྲ་པར་གཉིས་ཀའི་དབུས་ཀྱི་ཕྱི་རྒྱལ་བུད་མེད་དུ་མིའི་སི་འཇུ་ཊི་ཞུ་བ་དེ་རེད། ཁོང་ནི་ཕལ་ཆེར་བཀྲས་མཐོང་ལྷག་སྒྲོན་ལགས་ཀྱི་ཨ་མ་ལགས་ཡིན་ས་ཡོད། ཁོང་གི་འགྲམ་དུ་བཞུགས་པའི་དགེ་འདུན་པ་དེ་ཛེ་སྨད་རིན་ོ་ཆེ་རེད། འདྲ་པར་དང་པོའི་ནང་གི་རིགས་སློབ་དབུ་དགེ་བློ་བཟང་རྒྱ་མཚོ་སོགས་ཁ་ཤས་ཤིག་ངས་ངོ་ཤེས་ཀྱི་འདུག

གང་ལྟར་དྲྭརོགས་ཚོས་མི་ངོ་ཆོད་པ་བྱུང་ཚེ་ཕྲན་ལ་མཆན་རེ་འཇོག་རོགས། དེ་ཡང་གཡས་གཡོན་གང་རུང་ནས་བརྩིས་ཏེ་གྲངས་འདི་མི་འདི་རེད་ཅེས་གསུང་རོགས་གནང།

 
ཕྱི་ཟླ་ ༣ ཚེས་ ༡༡ ཉིན་གསར་དུ་བཀོད་པ། དགེ་རྒན་འོས་སྦྱོང་པ་དང་པོའི་ནང་མི་གྲངས་ ༣༠ ཡོད་པའི་མིང་གཞཱུང་ཞིག་དེ་རིང་ཤེས་རིག་གི་ཡིག་མཛོད་ནང་ནས་རྙེད་བྱུང་། མིང་གཞུང་ཆ་ཚང་གཤམ་དུ་བཀོད་ཡོད། དེ་དག་པར་ནང་གི་གོ་རིམ་ལྟར་བསྒྲིགས་ཏེ་ལམ་སྟོན་གནང་རོགས།
སྐབས་དང་པོའི་དགེ་རྒན་འོས་སྦྱོང༌། ༡༽ བློ་བཟང་རྒྱལ་མཚན། ༢༽ ཚེ་རིང་བཀྲ་ཤིས། ༣༽ ཡེ་ཤེས་མཁས་གྲུབ། ༤༽ མཐུ་སྟོབས་བསྟན་འཛིན། ༥༽ བློ་བཟང་ཚུལ་ཁྲིམས། ༦༽ དཀོན་མཆོག་དཔག་བསམ། ༧༽ བློ་བཟང་འཇིགས་མེད། ༨༽ བྱམས་པ་བསྟན་འཛིན། ༩༽ སྐལ་བཟང་ཡེ་ཤེས། ༡༠༽ རིན་ཆེན་བཟང་པོ། ༡༡༽ བློ་བཟང་དཔལ་ལྡན། ༡༢༽ ངག་དབང་བརྩོན་འགྲུས། ༡༣༽ བློ་བཟང་རྒྱ་མཚོ། ༡༤༽ ཐུབ་བསྟན་ཆོས་དར། ༡༥༽ བྱམས་པ་མཁས་གྲུབ། ༡༦༽ བློ་བཟང་ཐུབ་བསྟན། ༡༧༽ བློ་བཟང་དམ་ཆོས། ༡༨༽ ངག་དབང་ཆོས་འབྱོར། ༡༩༽ བློ་བཟང་ཆོས་འཕེལ། ༢༠༽ འཇམ་དཔལ་འཕྲིན་ལས། ༢༡༽ ཐུབ་བསྟན་ཤེས་རབ། ༢༢༽ བློ་བཟང་བརྩོན་འགྲུས། ༢༣༽ ཡེ་ཤེས་འཕྲིན་ལས། ༢༤༽ བསྟན་འཛིན་རྒྱ་མཚོ། ༢༥༽ བྱམས་པ་ནོར་བུ། ༢༦༽ བློ་བཟང་སྦྱིན་པ། ༢༧༽ བྱམས་པ་ཐུབ་བསྟན། ༢༨༽ ངག་དབང་ཚེ་རིང༌། ༢༩༽ ཡེ་ཤེས་རྣམ་རྒྱལ། ༣༠༽ རྒྱལ་མཚན།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲོལ་དཀར་ལགས་ཀྱིས་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་རྒན་ཡེ་ཤེས་མཁས་གྲུབ་ལགས་ལ་བཀའ་འདྲི་གནང་སྟེ་གོང་གསལ་འདྲ་པར་དང་པོའི་འགྲེལ་བཤད་ཕྱི་ཟླ་ ༣ ཚེས་ ༡༤ དགོང་མོ༌གནང་སོན་བྱུང་བ་ལྟར་བཀོད་པ་གཤམ་གསལ།

 མདུན་གྲལ། གཡས་ནས་བརྩིས། ༡༽ དགའ་ཤར་བློ་བཟང་སྦྱིན་པ། ༢༽ རཀ་ར་སྤྲུལ་སྐུ་ཐུབ་བསྟན་ཆོས་དར། ༣༽ ལྷ་མགོན་སྤྲུལ་སྐུ་བྱམས་པ་མཁས་གྲུབ། མ་སུ་རིའི་དགེ་རྒན་གནང་མྱོང༌། ༤༽ དེང་རབས་དགེ་རྒན་ལྕམ་འཇུ་ཊིའི་ལགས། ༥༽ སློབ་སྤྱི་ཛེ་སྨད་རིན་པོ་ཆེ། ༦༽ བྱམས་ཆེན་སྤྲུལ་སྐུ། ཕྱིས་སུ་རྡོར་གླིང་སློབ་སྤྱི་གནང་མྱོང༌། ༧༽ བློ་གླིང་ཆོས་གྲགས་སྤྲུལ་སྐུ། ཁམས་བྲག་གཡབ་ནས་ཡིན། རྡོར་གླིང་གཏན་སློབ་དང་ཕྱིས་སུ་སན་འཇོ་སེབ་ཀྱི་སློབ་དགེ་གནང་མྱོང༌། ༨༽ དོན་འདུན་སྤྲུལ་སྐུ། ༩༽ ཀིརྟི་མཚན་ཞབས་བློ་བཟང་འཇིགས་མེད།

བར་གྲལ། ༡༽ མ་བྱན་རྣམ་རྒྱལ་ལགས། ཕྱིས་སུ་ྋགོང་ས་མཆོག་གི་གསོལ་ཐབ་པ་གནང༌། ༢༽ དན་འབག་ཆོས་མཛད་ངག་དབང་ཆོས་འབྱོར། ༼བདེ་ཡངས་ཆོས་མཛད་ཀྱང་ཞུ།༽ ༣༽ དགེ་རྒན་བློ་བཟང་བརྩོན་འགྲུས། ཕྱིས་སུ་རྡོར་གླིང་གཏན་སློབ་ཀྱི་དགེ་རྒན་གནང་མྱོང༌། ༤༽ འབྲས་ཕུ་ཁང་བློ་བཟང་རྒྱ་མཚོ། ཕྱིས་སུ་མ་སུ་རི་གཏན་སློབ་ཀྱི་དགེ་རྒན་དང་བཞུགས་སྒར་དྷ་ས་རིགས་སློབ་ཀྱི་དབུ་དགེ་གནང༌། ༥༽ བློ་བཟང་དམ་ཆོས། ཕྱིས་སུད་སིར་ཕེབས། ༦༽ སེར་སྨད་ཡེ་ཤེས་རྣམ་རྒྱལ། འཁྲུངས་ས་ཀ་སྦུག བོད་ཁྱིམ་དུ་དགེ་རྒན་གནང༌། ༧༽ ཡེ་ཤེས་འཕྲིན་ལས། ༼གདན་མ་བློ་ཆོས་རིན་པོ་ཆེའི་སྐུ་མཆེད།༽ བོད་ཁྱིམ་དུ་དགེ་རྒན་གནང་མྱོང༌། ༨༽ ས་སྐྱ་བ་རིན་ཆེན་བཟང་པོ།  ༩༽ བློ་བཟང་རྒྱལ་མཚན། ཝཱ་ཎ་གཙུག་ལག་སློབ་ཁང་དུ་ཕེབས་ཏེ་སློབ་དཔོན་གྱི་གནས་རིམ་བར་སློབ་གཉེར་གནང༌། བཞིན་བཟང་མ་གཏུམ་དྲག་རོལ་བའི་གཏམ་བརྒྱུད་སོགས་བརྩམས། སློབ་དགེ་ཡུན་རིང་གནང༌། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་ཡང་གནང༌། དེང་སྐབས་འབའ་ཆོས་སྡེ་དགོན་དུ་བཞུགས། ༡༠༽ བློ་གླིང་ངག་དབང་ཚེ་རིང༌། ༡༡༽ སེར་བྱེས་བྱམས་པ་ནོར་བུ།
༡༢༽ ཛེ་སྨད་རིན་པོ་ཆེའི་གསོལ་དཔོན་དང་དྲུང་ཡིག་གཅིག་ལྕོགས་སྐལ་བཟང་ལགས།  
རྒྱབ་གྲལ། ༡༽ འཕན་པོ་ན་ལནྜའི་ཆོས་གྲགས། ༼བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་སློབ་མ།༽ ཕྱིས་སུ་རྡོར་གླིང་དུ་ཡུན་རིང་བཞུགས། ༢༽ གྲོ་མོ་བླ་བྲང་གི་གསོལ་དཔོན་ངག་དབང་བརྩོན་འགྲུས། ༣༽ སེར་སྨད་བློ་བཟང་དཔལ་ལྡན། མ་སུ་རིའི་ཆོས་དགེ་གནང་མྱོང༌། ༤༽ རྒྱལ་ཐང་བློ་བཟང་ཚུལ་ཁྲིམས། ༡༩༦༨ ལོར་སུད་སིར་ཕེབས། རྒྱལ་ཐང་དུ་སློབ་གྲྭ་བཙུགས། ༥༽ ཡེ་ཤེས་མཁས་གྲུབ། ཕྱིས་མ་སུ་རིའི་དགེ་རྒན་གནང༌། ༡༩༦༧ ལོར་ཨ་རིར་ཕེབས། དེང་སྐབས་ཨ་རིའི་རླུང་འཕྲིན་ཁང་དུ་ཕྱག་ལས་གནང་མུས། ༦༽ དཀོན་མཆོག་དཔག་བསམ། ཕྱིས་སུ་ཌལ་ཧོར་གཏན་སློབ་སོགས་ཀྱི་དགེ་རྒན་ཡུན་རིང་གནང༌། དེ་ནས་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་གནང༌། ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་བཞུགས། ༧༽ འབའ་པ་ཚེ་རིང་བཀྲ་ཤིས། འབྲས་སྤུངས་བློ་གསལ་གླིང་ནས་ཡིན། དགོངས་པ་རྫོགས་ཟིན། ༨༽ ཐུབ་བསྟན་ཤེས་རབ། ཕྱིས་བཞུགས་སྒར་གནས་ཆུང་དགོན་གྱི་འགན་བཞེས་ཡུན་རིང་གནང༌། མཚན་གཞན་ལ་དགེ་བཤེས་དབང་རྒྱལ་ལགས་ཞེས་ཞུ། ད་ལྟ་གནས་ཆུང་དུ་བཞུགས། ༩༽ འབའ་པ་བསྟན་འཛིན་རྒྱ་མཚོ། བོད་ལ་ལོག དགོངས་པ་རྫོགས་ཟིན། ༡༠༽ བློ་གླིང་ཐོན་ཟུར་ཆོས་མཛད་འཇམ་དཔལ་འཕྲིན་ལས། ༡༡༽ སྙེ་མོ་བ་སྐལ་བཟང་ཡེ་ཤེས། ཕྱིས་སུ་བཀའ་བློན་ཁྲི་པ་གནང་ཞིང༌། དེང་སྐབས་ནོར་བུ་གླིང་ཁའི་ངེས་སྟོན་པ་ཡིན་མུས། ༡༢༽ རྒྱལ་མཚན། ཕྱིས་སུ་བལ་ཡུལ་དུ་དགེ་རྒན་གནང་རྗེས་ཨ་རིའི་ནིའུ་ཡོག་ཏུ་ཕེབས། 




ཚེས་ ༡༣ ཉིན་ཁང་གསར་རྡོ་རྗེས་འདྲ་པར་གཉིས་པའི་འགྲེལ་བཤད་གནང་བ་གཤམ་གསལ།
གཡས་ནས་གཡོན་དུ་བརྩིས། མདུན༌གྲལ། ༡༽ གཙང་ཞ་ལུ་བཙུན་མ་ཀུན་བཟང་བསྟན་སྒྲོན། ༢༽ ཐུབ་བསྟན་ཤེས་རབ། ༣༽ ཉ་ལུ་སྤྲུལ་སྐུ། ༤༽ དགེ་རྒན་ལྕམ་འཇུ་ཊིའི། ༥༽ སློབ་སྤྱི་ཛེ་སྨད་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས། ༦༽ ཀིརྟི་སྤྲུལ་སྐུ་བློ་བཟང་བསྟན་འཛིན། ༧༽ ཐུབ་བསྟན་སྤྲུལ་སྐུ། ༨༽ དཀོན་མཆོག་དཔག་བསམ། ༩༽ བཙུན་མ་ལྷ་ས་བ་བློ་བཟང་ཆོས་སྒྲོན།
བར་གྲལ། ༡༽ ཆུ་འདུས་བསྟན་པ་བློ་གྲོས། ༢༽ བྲག་འགོ་བློ་བཟང་དར་རྒྱས། ༣༽ བྲག་གཡབ་བྱམས་པ་ཆོས་གྲགས། ༤༽ ཡ་འབྲོག་སྐལ་བཟང་ཆོས་ཉིད། ༥༽ བྲག་འགོ་ཡེ་ཤེས་མགོན་པོ། ༦༽ ལྡན་དོན་མདའ་མཁས་གྲུབ་ཆོས་དབང༌། ༧༽ འབའ་པ་ངག་དབང་འབྱུང་གནས། ༨༽ ལྷ་ས་བ་ཚེ་རིང་བག་གྲོ། ༩༽ རྟའུ་ཉི་མ་ཚེ་རིང༌། ༡༠༽ རྒྱ་མ་བསོད་ནམས་ཆོས་འབྱོར། ༡༡༽ བློ་བཟང་དམ་ཆོས།
རྒྱབ༌གྲལ། ༡༽ རྒྱ་མ་འཇམ་དབྱངས་རྒྱ་མཚོ། ༢༽ ཨ་མདོ་དགེ་འདུན་སྦྱིན་པ། ༣༽ འབུ་མ་རྗེ་དྲུང་བསྟན་འཛིན། ༤༽ འབའ་གོ་བོ་རོང་བློ་བཟང་བསྟན་འཛིན། ༥༽ འབའ་པ་ངག་དབང་རྒྱ་མཚོ། ༦༽ བྲག་གཡབ་འཇིགས་མེད་ཚེ་རིང༌། ༧༽ བྲག་གཡབ་རྟ་མགྲིན་རྒྱ་མཚོ། ༨༽ ལྷ་ས་བ་ཐུབ་བསྟན་ཚེ་རིང༌། ༩༽ འཕན་པོ་བ་བསྟན་འཛིན་ཀུན་དགའ། ༡༠༽ འཇམ་དབྱངས་ཤེས་རབ།

2010-03-08

གསུམ་བཅུའི་དུས་དྲན།



༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སའི་ནོར་བུ་གླིང་ཁའི་གཞུང་སྒོའི་མདུན་དུ་ཆོལ་གསུམ་བོད་མིས་ཞི་བའི་སྒེར་ལངས་བྱེད་བཞིན་པ།

༄༅།། གསུམ་བཅུའི་དུས་དྲན་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཞིག་གི་རྗེས་དྲན་ཡིན་ལ་རྒྱལ་གཅེས་དཔའ་བོ་ཁྲི་སྟོང་མང་པོས། རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཐ་དག བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ཕུལ་བའི་རྨད་བྱུང་སྙིང་སྟོབས་ལ་གུས་བཀུར་རྗེས་དྲན་དང༌། ཁོང་ཚོའི་སྙིང་སྟོབས་དེ་མི་རབས་ཕྱི་མ་རྣམས་ཀྱིས་རྒྱུད་འཛིན་བྱེད་དགོས་པའི་དྲན་སྐུལ་ཡང་ཡིན། མདོར་བསྡུས་ནས་བཤད་ན། གསུམ་བཅུའི་དུས་དྲན་ནི། བོད་ཀྱི་བསྟན་སྲིད་རང་དབང་དེ་དགྲ་བོ་རྒྱ་དམར་གྱི་འོག་ཏུ་ཡོངས་སུ་ཤོར་ཁའི་ཉིན་མོ་སྟེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ལ་རྗེས་དྲན་ཞུ་བ་ཞིག་ཡིན་ཞིང༌། ཉིན་མོ་འདིར་ཆོལ་གསུམ་བོད་མིས་བཙན་འཛུལ་བ་རྒྱ་ནག་དམར་པོའི་གཞུང་གི་དབང་སྒྱུར་འོག་ནས་རང་དབང་སྒེར་ལངས་བྱས་ཤིང་། ཉིན་འདིའི་རྗེས་ཙམ་ནས་ང་ཚོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག བོད་ཀྱི་བསྟན་སྲིད་བདེ་དོན་གྱི་ཆེད་དུ་གཞན་ཡུལ་དུ་བཙན་བྱོལ་ལ་ཕེབས་པ་དང༌། བོད་འབངས་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་ཏེ། རང་ཡུལ་གཞན་ལག་ཏུ་ཤོར་བའི་ཆེས་ཐབས་རྡུགས་ཀྱི་འཚོ་བ་སྟེ། མི་ཡུལ་གྱི་སྡུག་བསྔལ་ཡོད་རྒུ་ང་ཚོའི་མི་རིགས་འདིས་མྱོང་དགོས་བྱུང༌།

༡༩༥༩ ཕྱི་ཟླ་ ༣ ནང་རྒྱ་དམག་གིས་དྲག་གནོན་བྱས་ཏེ་བོད་དམག་འཛིན་བཟུང་བྱེད་བཞིན་པ།
དེ་ཡང་ང་ཚོའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན། གསུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་བོད་རྗེ་ཆོས་རྒྱལ་ཚོའི་སྐུ་དུས་ནས། ྋགོང་ས་སྐུ་ཕྲེང་རིམ་བྱོན་བར་གྱི་ལོ་རྒྱུས་ལས་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ར་འཕྲོད་ངེས་ཡོད་པ་མ་ཟད། བོད་ཀྱི་ས་ཁམས་ཆགས་ཚུལ་དང༌། སྐད་ཡིག ཆས་གོས། རིག་གཞུང་སོགས་ཀྱི་ཐོག་ནས་ཀྱང་བོད་མི་རིགས་འདི་རྒྱ་མི་རིགས་དང་འབྲེལ་མེད་ཐ་དད་ཀྱི་མི་རིགས་གཙང་མ་ཞིག་ཡིན་པ་གསལ་པོ་ཡོད་རུང༌། གཅིག་ནས་བོད་སིལ་བུར་གྱུར་རྗེས་ཡུལ་ཚོ་ཡུལ་ཚོ་ཁག་བགོས་སོང་སྟབས་ཚོ་ཁག་ནང་ཕན་ཚུན་མི་མཐུན་པའི་འཐབ་རྩོད་ཀྱང་ཡང་ཡང་བྱུང་ཞིང་རྒྱ་ནག་གཙོ་གྱུར་ཕྱི་རྒྱལ་ཚོས་བོད་ཀྱི་ས་མཚམས་ཁག་ཏུ་བཙན་འཛུལ་བྱུང་རིགས་ལའང་བཀག་འགོག་འགན་ཁུར་སྤྱི་ཟོམ་དུ་ལུས་ཏེ། འཐུས་ཤོར་ཇེ་ཆེར་སོང་བ་ཉེར་ལེན་དང༌། གཉིས་ནས་རྒྱ་ནག་ཡོངས་རྫོགས་དམར་པོས་དབང་བསྒྱུར་བྱས་རྗེས་སྔར་རྒྱ་ནག་གི་གོང་མ་རིམ་པའི་དུས་སུ་རྒྱ་བོད་མཆོད་ཡོན་གྱི་འབྲེལ་ལམ་སྣ་ཚོགས་ཤིག་བྱུང་བ་དེར་བསྙད་དེ། བོད་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་གླེང་ཐོག ༡༩༤༩ ལོ་ནས་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ་ ༡༩༥༡ ལོར་ཁྲིམས་མཐུན་དང་དྲང་བདེན་མ་ཡིན་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་བཙན་ཤེད་ཀྱིས་མིང་རྟགས་བཀོད་དུ་བཅུག་པ་མ་ཟད། བོད་གཞུང་གི་དམ་ཕྲུག་ཀྱང་རྫུན་བཟོ་བྱས་ཏེ་ཕབ་པ་དང༌། དེ་རྗེས་ཐོག་མར་རྒྱ་བོད་མི་རིགས་ནི་སྤུན་ཟླ་ཡིན་ཞེས་བཅོས་མའི་འཛུམ་གྱིས་བློ་བྲིད་སྣ་ཚོགས་དང༌། བར་དུ་བོད་མི་ཀླད་ཆུང་འགའ་ཤས་ལ་ངན་སློབ་དང་དངུལ་དངོས་ཀྱི་འགྲོ་གྲོན་ཕངས་མེད་བཏང་ནས་བསླུ་མཁས་དུ་མ་བྱས།

2010-03-05

དཔྱོད་ལྡན་གངས་ཐིགས་ལགས་སུ་ལན་དུ་ཕུལ་བ།

མཁྱེན་ལྡན་གངས་ཐིགས་ལགས།
                                 སྐུ་ཁམས་བཟང། ཉིད་ཀྱིས་བཞག་པའི་དྲི་བ་ཁག་དེ་རིང་གཞི་ནས་མཐོང་བྱུང། ལན་མདོར་བསྡུས་སུ་འབུལ་ཐབས་ཞུས་པ་གཤམ་གསལ།

༡༽ ཕྲན་གྱི་ཟིན་བྲིས་འདི་ལས་ཞོར་དུ་ཚོད་ལྟ་ལྟ་བུར་སྤེལ་བ་ཞིག་ཡིན། ལ་ལས་ཆ་ཚང་གཟིགས་ཐུབ་ཀྱི་འདུག་ཟེར། ལ་ལས་གཟིགས་ཐུབ་ཀྱི་མི་འདུག་ཟེར། ལ་ལས་ཡིག་གཟུགས་ཆེ་འདུག་ཟེར། ལ་ལས་ཆུང་འདུག་ཟེར། ལ་ལས་དབུ་མེད་ཤར་གྱི་འདུག་ཟེར། ལ་ལས་ཡིག་གཟུགས་གང་ཡིན་མི་ཤེས་པ་ཞིག་ཤར་གྱི་འདུག་ཟེར། ཕལ་ཆེར་རང་རང་གི་ལས་བཀོད་བཞིན་རྣམ་པ་སྣ་ཚོགས་སུ་ཤར་བཞིན་ཡོད་པ་འདྲ། རྩ་བ་གཏུགས་ན་ང་རང་གི་ལག་རྩལ་ལ་ཐུག་ཡོད་པར་སེམས། དེ་རིང་བསྐྱར་སྒྲིག་བྱས་ཡོད་པ་འདི་ཚང་མས་ལེགས་པར་གཟིགས་ཐུབ་པའི་རེ་བ་ཡོད།

༢༽ བོད་ཀྱི་ཡིག་སྒྱུར་མཁན་ཚོས་ངེས་པར་ནང་འདྲེན་བྱེད་དགོས་པ་གང་ཡིན་ཐད། ང་རང་གི་ལྟ་སྟངས་ཞུས་ན། སྔར་ཡོད་ཁ་སྐོང་དང་སྔར་མེད་རིག་གནས་ནང་འདྲེན་བྱེད་དགོས་པ་དེ་གཙོ་བོ་རེད་སྙམ། སྔར་ཡོད་བོད་ཀྱི་གསོ་བ་རིག་པ་ལྟ་བུར་མཚོན་ན། ཙ་ར་ཀ་མདོ་བརྒྱད་༼དག་ཆ་ཇི་བཞིན་མི་དྲན་༽ལྟ་བུ་བོད་ཀྱི་གསོ་རིག་གི་གཞུང་འགར་ལུང་དྲངས་པ་

2010-03-03

༄༅།། བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་བཙུགས་ནས་ལོ་ ༥༠ འཁོར་བར་དྲན་གསོ་ཞུ།


ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༣ འདི་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་བསྐྱངས་ནས་ལོ་ངོ་ ༥༠ ཏག་ཏག་སོང་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན།

དེ་ཡང། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ དགོང་དྲོ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྟོན་འཁོར། བོད་ཀྱི་རྒྱལ་ས་ལྷ་ས་ནས་བཙན་བྱོལ་དུ། ཕེབས་ཐོན་གནང་འགོ་བཙུགས་ཤིང༌། ལོ་དེའི་ཟླ་བ་ ༣ ཚེས་ ༣༠ ཉིན་རྒྱ་གར་ས་ཁོངས་སུ་ཕེབས་འབྱོར་གྱིས་ཟླ་བ་ ༤ ཚེས་ ༢༠ ཉིན་མ་སུ་རིར་ཞབས་སོར་བཀོད།

མ་སུ་རིར་ཞབས་སོར་འཁོད་རྗེས་ཀྱི་ཉིན་ལྔ་ལས་མ་སོང་བའི་སྐབས་ཏེ། ཕྱི་ཟླ་ ༤ ཚེས་ ༢༥ ཉིན། ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར། མ་སུ་རིར་སྲིད་བློན་ཟུར་པ་ཀླུ་ཁང་ཚེ་དབང་རབ་བརྟན་དང༌། གཡུ་ཐོག་བཀྲ་ཤིས་དོན་གྲུབ། སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། སྤོམ་མདའ་ཡར་འཕེལ་སོགས་ཀ་སྦུག་བདེ་དོན་ཚོགས་པའི་ཚོགས་མི་རྣམས་དང༌། གཞུང་ཞབས་ ༣༠ བརྒལ་བའི་ཚོགས་ཆེན་བསྐྱངས་ཐོག བཙན་བྱོལ་བོད་གཞུང་གི་ཁ་ཚ་དགོས་གཏུགས་ཀྱི་གནང་སྒོ་ཁག་ལས་བགོས་བསྐྱོན། སྐབས་དེར་ཕྱག་ལས་རྣམ་གྲངས་གཙོ་བོ་ནང་སྲིད་དང༌། ཕྱི་སྲིད། འདུ་འགོད། ཤེས་རིག ཆོས་དོན་བཅས་ལ་གཏན་འབེབས་བསྐྱངས་ཤིང༌། ཤེས་རིག་ལས་དོན་གྱི་འགན་ཁུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་གནང་རྒྱུར་ཐུགས་གཏན་འཁེལ།