2009-07-18

ན་ག་སངས་རྒྱས་བསྟན་དར་ལགས་ངོ་སྤྲོད།

༄།། བོད་ཀྱི་བརྡ་སྤྲོད་སྨྲ་བ་ལ་དབང་འབྱོར་ཞིང༌། རང་གི་རིགས་དང་རིག་གཞུང་ལ་ཞེན་པ་དཀར་བའི་ན་ག་སངས་རྒྱས་བསྟན་དར་ལགས་ནི། ཧི་མ་ཅལ་མངའ་ཁོངས་ཀུ་ལུ་བོད་མིའི་ལམ་བཟོའི་སློབ་གྲྭ་ནས་འཛིན་རིམ་དྲུག་པ་བར་སློབ་གཉེར་གནང་རྗེས། སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ལེགས་པར་ཐོན། དེ་རྗེས་མ་སུ་རི་གཏན་སློབ་ཀྱི་ཚན་རིག་ཚན་ཁག་ཏུ་ཞུགས་ཏེ་སློབ་གཉེར་གནང་ཡང་གཟུགས་གཞིའི་བབས་ཀྱིས་ཐོན་རྒྱུགས་སུ་ཞུགས་མ་ཐུབ། ཕྱི་ལོ་ ༡༩༨༡ ལོར་ཝཱ་རཱ་ཎ་སིའི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་ཀྱིས་ལོ་ངོ་དགུའི་རིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་གུས་རྟག་བརྩོན་པས་སྦྱང་བརྩོན་རྒྱུན་མཐུད་དུ་གནང་སྟབས། སློབ་ཐོན་ཡིག་རྒྱུགས་ཀྱི་སྐབས་སུ་གསེར་གྱི་རྟགས་མའི་བྱ་དགའ་ཡང་ཐོབ། བསྟན་བཅོས་ཀྱི་འཛིན་རིམ་ཐོན་འཕྲལ་ཤར་ཁུམ་བོད་མིའི་སློབ་གྲྭ་དང་རྡ་ཤོད་བོད་ཁྱིམ་སློབ་གྲྭ་གཉིས་སུ་དགེ་རྒན་གནང་བ་དང༌། ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་འགྱུར་གྱི་སྡེ་ཚན་དུ་ཞུགས་ཏེ་ད་བར་ཕྱག་ལས་གནང་མུས་ལྟར། ད་ཆ་གོང་གསལ་སྡེ་ཚན་གྱི་འགན་འཛིན་དང༌། བོད་ཀྱི་ཚན་རིག་དུས་དེབ་ཀྱི་རྩོམ་སྒྲིག་པ། སྐད་ཡིག་ཚན་པའི་སློབ་དཔོན་བཅས་ཀྱི་འགན་བཞེས་མུས་ཡིན། དེ་བཞིན་ཁོང་གིས་ཕྱི་ལོ་ ༡༩༩༩ ལོ་ནས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་ཟབ་སྦྱོང་ཁག་ལ་སློབ་ཁྲིད་གནང་མཁན་གྱི་བརྡ་སྤྲོད་ཁྱད་མཁས་པ་དང༌། དཔེ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་འགན་ཁུར་བཞེས་པར་མ་ཟད། བོད་ཀྱི་དཔེ་མཛོད་ཁང་གིས་ཆོས་སྡེ་ཁག་གི་དགེ་འདུན་པ་ཚོར་ཚན་རིག་གི་ཟབ་སྦྱོང་ལན་མང་གོ་སྒྲིག་གནང་སྐབས་གསུང་འགྱུར་གནང༌། ཕྱི་ལོ་ ༢༠༠༣ ལོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གིས་དམིགས་བསལ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་སློབ་ཁང་དེའི་དགེ་རྒན་འོས་སྦྱོང་པ་དང་སློབ་གཉེར་བ་ཚོར་བོད་ཀྱི་བརྡ་སྤྲོད་རིག་གནས་ཀྱི་སྐོར་ལ་ལོ་གཅིག་རིང་སློབ་སྟོན་གནང་བ་དང༌།

དེ་བཞིན་ཨ་རིའི་རྒྱ་གར་སློབ་གཉེར་ཁང་གིས་རེ་སྐུལ་གནང་བ་ལྟར་ཕྱི་ལོ་ ༢༠༠༤ ལོར་བོད་ཀྱི་སྐད་ཡིག་སློབ་སྟོན་ལས་རིམ་གྱི་འགན་འཛིན་གྱི་འགན་ཁུར་བཞེས། གཞན་ཡང་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་མཁས་པའི་བགྲོ་གླེང་མང་པོར་ཡང་གདན་ཞུས་ལྟར་ཚོགས་ཕེབས་ཀྱིས་གསུང་བཤད་དང་ཆེད་རྩོམ་སྒྲོག་སྦྱང་གནང་བ་དང༌། བཙན་བྱོལ་གྱི་དུས་དེབ་དང་ཚགས་ཤོག་ཁག་གི་ཐོག་ཏུའང་དཔྱད་རྩོམ་སྣ་ཚོགས་སྤེལ་བར་མ་ཟད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་རྩོམ་གྲགས་ཅན་ཀུན་ཁྱབ་སེམས་ཁུར་ཞེས་པ་དང༌། སྙིང་རྗེ་དང་སྐྱེས་བུ་སྒེར་ཞེས་པ། བདག་ཉིད་ཆེན་པོ་གྷན་དྷིའི་གསུང་རྩོམ་གྲགས་ཅན་རྒྱ་གར་རང་སྲིད་རང་སྐྱོང་ཞེས་པ་དེ་དང༌། དེ་མིན་གྱི་གསུང་ཐོར་བུ་ཁག་ཅིག་སོགས་བོད་སྐད་དུ་ཕབ་བསྒྱུར་གནང་ཡོད། མདོར་ན་ཁོང་ནི་བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཀྱི་ཁོངས་ནས་གནའ་དེང་དང་ཕྱི་ནང་གི་རིག་གནས་སྐད་ཡིག་བཅས་པར་མཁྱེན་རྒྱ་ཡངས་ཐོག་བོད་ཀྱི་ཆོས་རིག་གི་རིན་ཐང་ཤེས་པའི་ཐོག་ནས་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་ཞབས་འདེགས་བསྒྲུབས་རྒྱུར་སྤྲོ་བ་བརྟས་ཤིང་ཆོད་སེམས་བརྟན་པའི་གཞོན་སྐྱེས་མཁས་པ་ཞིག་རེད་ཅེས་ཞུའོ།། །། འདི་ཉིད་གང་དང་ལོ་ངོ་བཅུ་ཙམ་འདྲིས་གཤིབས་བྱེད་མྱོང་བ་ཕྲན་ཆུང་ཚེ་རིང་པས་ནོར་འོད་དུས་དེབ་ཀྱི་རྩོམ་སྒྲིག་པའི་མཚམས་སྦྱོར་ལ་གཞི་བྱས་ཤིང་བར་བར་དུ་གསལ་ཁ་དང་ཁ་སྐོང་ཅུང་ཟད་ཞུས་ཏེ་མདོར་བསྡུས་སུ་སྤེལ་བ་ལགས། ༼ངོ་སྤྲོད་འདི་བཞིན་ཁོང་གི་རྩོམ་དེབ་བོད་ཀྱི་བརྡ་སྤྲོད་ནག་ཊིཀ་ཐོག་བཀོད་ཡོད།༽

No comments:

Post a Comment