2009-08-13

དྲག་ཆར་ཁྲོད་དུ།

༼སྒྲུང་འདི་ཕྱི་ལོ་ ༡༩༩༢ སམ་ ༡༩༩༣ ལོར་བྲིས་པ་ཞིག་ཡིན། སྐབས་དེར་སུ་ཇཱ་བོད་ཁྱིམ་དུ་མདོ་སྟོད་སྨད་ཀྱི་སློབ་ཕྲུག་དབར་འཁྲུག་རྩོད་ཤོར་ནས་ཟླ་བ་ཁ་ཤས་སློབ་གྲྭ་སྒོ་བརྒྱབ། ང་རང་དྷ་རམ་ས་ལར་ཡོང་སྟེ་མེག་ལོར་གྱི་སྐྱིད་རོང་གྲོང་དུ་སྤུ་ཧྲེང་རྡོ་རྗེའི་སྒེར་ཁང་ནས་ཁང་མིག་ཅིག་གླས་ཏེ་ཟླ་བ་གཉིས་ཙམ་བསྡད། སྐབས་དེར་ང་དང་མཉམ་དུ་ལྷ་ས་བ་བློ་བཟང་བསྟན་འཛིན་ཟེར་བའི་གྲྭ་པ་ཞིག་ཡོད། ཁོང་རྩོམ་རིག་ལ་དགའ་མོས་ཆེ་བས་ངེད་གཉིས་ཡུན་རིང་སྒྲུང་རྩོམ་སོགས་ཀྱི་སྐོར་གླེང་ནས་བསྡད། འོན་ཀྱང་གཉིས་ཀས་སྨྱུ་གུ་འགུལ་མ་ཐུབ། ཉིན་གཅིག་ངས་འདི་ལྟར་བཤད་ནས་བསྡད་ན་སྟོང་གཏམ་རང་རེད། དེ་ལས་སྨྱུ་གུ་འགུལ་ནས་ཚོད་ལྟ་ཞིག་བྱས་ན་ལེགས་སྙམ་ནས་གཤམ་གྱི་སྒྲུང་དེ་མཚན་མོ་གཅིག་ལ་མཇུག་རྫོགས་པར་བྲིས་ཏེ་སྐབས་དེར་རྩོམ་བསྡུའི་གསལ་བསྒྲགས་སྤེལ་བཞིན་པའི་དུས་དེབ་གངས་ཅན་རོལ་སྟེགས་ཞེས་པར་བསྐུར། ཟླ་བ་ཁ་ཤས་ཀྱི་རྗེས་སུ་དུས་དེབ་དེའི་ཤོག་གྲངས་དང་པོར་སྒྲུང་རྩོམ་དེ་བཀོད་འདུག་པས། སྐད་ཅིག་ཉིད་དུ་སློབ་གྲྭའི་ནང་ང་རང་སྤྱིར་བཏང་གི་སློབ་ཕྲུག་ཅིག་ནས་རྩོམ་པ་པོའི་མིང་གྲགས་ཡོད་པ་ཞིག་ཏུ་གྱུར། དེང་སྐབས་དྷ་རམ་ས་ལར་ཆར་ཞོད་ཆེ་བའི་སྐབས་རེད། དྲག་ཆར་ཁྲོད་དུ་འགྲོ་ཐེངས་རེར་ངའི་སྒྲུང་རྩོམ་ཐོག་མ་འདི་ཡིད་ལ་དྲན་འོང་། དེར་བརྟེན་དེ་རིང་ཡང་བསྐྱར་དྲྭ་ཐོག་ནས་ཀློག་པ་པོ་ཚོའི་སྤྱན་ལམ་དུ་སྒྲུང་འདི་འབུལ་བ་ལགས།
སྒྲུང་ནང་གི་ཡུལ་ལྗོངས་ལ་དྷ་རམ་ས་ལའི་མེག་ལོར་གྷན་ཇིའི་རྣམ་པ་ཤུགས་ཆེན་པོ་ཡོད་ལ། སྡོད་ཁང་གི་བཀོད་པ་དེ་ཡང་སྤུ་ཧྲེང་རྡོ་རྗེའི་སྒེར་ཁང་དེ་ག་རང་རེད།༽ 


དྲག་ཆར་ཁྲོད་དུ།
གཅིག
ཡུལ་འདིའི་གནམ་གཤིས་ནི་སུས་ཀྱང་དཔོག་མི་ཐུབ་པ་ཞིག་སྟེ། ད་ལྟ་དགུང་ཨ་སྔོན་གཡའ་དག་པ་ལས་ཁྲི་གདུགས་ཉི་མའི་འོད་ཟེར་སེར་ལམ་ལམ་དུ་སྤྲོས་པ་ན། འཛིན་མའི་ཁྱོན་གྱི་སྐྱེ་དངོས་ཡོད་ཚད་བསྲེག་གམ་སྙམ་པ་ཞིག་བྱེད་ནའང༌། ཡུད་ཙམ་ནས་གློ་བུར་དུ་གནམ་ས་གཡོ་བའི་འབྲུག་སྒྲ་སྒྲོགས་ཤིང་གློག་ཞགས་འཁྱུགས་ནས་ཆར་པ་དྲག་ཏུ་བབས་པས་ན། ཆེ་རྒྱུ་ཆུང་རྒྱུ་མེད་པའི་ཁྲོམ་སྲང་འདིར་ཡང་མི་ཚོགས་ཀྱི་འདུ་ལོང་ཡང་ཡང་མཚམས་ཆད་པར་བྱེད། དེ་རིང་ཡང་དྲག་ཆར་བབས་པས་སྔོ་ལྗང་ལྗོན་ཤིང་གིས་མཛེས་པའི་རི་འདབས་སུ་ཤ་འོད་ཤག་ཤག་ཏུ་རྒྱུག་པ་དང༌། ཁྲོམ་སྲང་འགྲམ་ངོགས་ཀྱི་ཆུ་འགྲོའི་ཡུར་བ་ལས་ཆར་ཆུ་ཕྱིར་ལུད་འོངས། དྲག་ཆར་བབས་པའི་རྐྱེན་ནམ། ཡང་ན་དུས་ཚོད་ཕྱི་པོ་ཆགས་པའི་དབང་གིས་ཁྲོམ་སྲང་ནི་སྟོང་འཇགས་སེར་མཆིས་པས། ལམ་ཟུར་གྱི་གློག་སྒྲོན་ཁོ་ནས་ཁོར་ཡུག་དེ་དག་ལ་མཛེས་སྡུག་གི་ཉམས་སྣང་ཕྲན་བུ་སྦྱིན་པ་མ་གཏོགས་ཐམས་ཅད་མོག་མོག་པོར་སྣང༌། 
རྡོ་རྗེ་དྲག་ཆར་གྱི་ཁྲོད་དུ་རླངས་འཁོར་ལས་བབས་ཤིང་ཆར་གདུགས་ཕུབ། དེ་ནས་བྲེལ་འཚུབ་ངང་རང་གི་སྡོད་ཁང་གི་ཕྱོགས་སུ་བསྐྱོད། གློ་བུར་དུ་རྐང་པ་ཅི་ཞིག་ལ་ཐོགས་ནས་གུ་དོག་པའི་སྲང་ལམ་གྱི་ཆར་ཆུའི་ཁྲོད་དུ་ཁོ་རང་ས་ལ་འགྱེལ། ཁོ་རང་དངངས་འཚབ་དང་བཅས་ཡར་ལངས་ནས་བལྟས་པ་ན། བུ་མོ་ཞིག་ལམ་དཀྱིལ་དུ་འགྱེལ་འདུག་པ་ར་བེ་རིབ་བེར་མཐོང༌། ཁོས་ཞིབ་ཏུ་བལྟས་ཀྱང་མུན་ནག་གི་ནང་ནས་གསལ་པོ་ཞིག་མ་མཐོང་བས། དེ་མུར་ལུས་སྒུར་ནས་ཆར་གདུགས་ལེན་པར་བསམས་པ་ན། གློ་བུར་དུ་རྣ་བའང་འོན་པར་བྱེད་པའི་འབྲུག་སྐད་ཅིག་གྲགས་པ་དང་འབྲེལ་གློག་འཁྱུག་པས། རྡོ་རྗེར་ཞེད་སྣང་སྐྱེས་ཏེ་ཆར་གདུགས་ཀྱང་ལེན་མ་ཐུབ་པར་སར་འགྱེལ་བའི་བུ་མོ་དེར་ཅེར་ཞིང་ངག་ནས་རང་དབང་མེད་པར་‘‘ཚེ་སྒྲོན་”ཞེས་ཧ་ལས་པའི་འབོད་སྐད་ཅིག་ཤོར་བ་དང་འབྲེལ་ཁོའི་ཆེ་ལ་སྒོར་བའི་མིག་གཉིས་ཧྲིག་གེར་འགུལ་མེད་དུ་གནས་ཤིང༌། ཡུད་ཙམ་རིང་སེམས་མེད་བེམ་པོ་ལྟ་བུ་ཆགས། ཡང་བསྐྱར་འབྲུག་སྐད་ཅིག་གྲགས་པས་ད་གཟོད་ཁོའི་རྣམ་ཤེས་ཐག་རིང་ནས་ཕྱིར་བཀུག་པ་ལྟར་གཞི་ནས་མདུན་གྱི་ཆར་པའི་ཁྲོད་འགྱེལ་ཡོད་པའི་བུ་མོ་དེ་པང་དུ་བླངས་ཤིང༌། མུན་སྨག་གིས་བཏུམས་པའི་སྲང་ལམ་དེ་ནས་སྒྲོན་འོད་ཀྱིས་གསལ་བར་བྱས་པའི་རྒྱང་རིང་གི་ཁང་པའི་ཕྱོགས་སུ་ལྗིད་ཏིག་ཏིག་གི་གོམ་པ་སྤོས། ཆར་པ་སྔར་བཞིན་རྡོ་རྗེ་དང་ཁོའི་པང་གི་བུ་མོ་དེའི་ཐོག་འབབ་བཞིན་འདུག །གཅིག་བྱས་ན། ཁོ་གཉིས་སུ་ཞིག་གི་ངོ་གདོང་གི་ཆུ་ཐིགས་དེ་དག་ཆར་ཆུ་མ་ཡིན་པར་སྡུག་བསྔལ་གྱི་མིག་ཆུའམ། ཡང་ན་མཉམ་འཛོམས་ཀྱི་དགའ་བའི་མཆི་མ་ཡིན་ཡང་སྲིད། གང་ལྟར་ག་རེ་ཡིན་ནའང་ཡིན་དུ་ཆུགས། ཤུལ་དུ་ལུས་པ་ནི་དྲག་ཆར་ཁྲོད་ཀྱི་དམར་མདོག་གི་ཆར་གདུགས་ཁོ་ནའོ།། །།

གཉིས།
ལུས་ཡོངས་ཆར་ཆུས་སྦངས་ནས་ཆུ་རལ་འཛར་འཛར་དུ་ཡོད་ཀྱང༌། རྡོ་རྗེ་ཡི་ཚོར་སྣང་ལ་མེའི་ཐོག་ཏུ་བསྡད་པ་ལྟར་ཚ་བས་མནར་ནས་ལུས་ཡོངས་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་བཞུར། ཁོས་མལ་ཁྲིའི་ཐོག་བསྙལ་བའི་ཚེ་སྒྲོན་གྱི་གདོང་ལ་ལྟ་བཞིན་ནམ་ཡང་བརྗེད་ཐབས་བྲལ་བའི་འདས་དོན་ཞིག་གཟུགས་ཅན་བཞིན་དུ་སེམས་ཁོང་གི་མེ་ལོང་ནང་ཤར་བྱུང༌། དེ་ནི་ལོ་ངོ་གསུམ་གྱི་གོང་ལ་བྱུང་བའི་གནས་ཚུལ་ཞིག་སྟེ། དེའི་ཚེ་ད་ལྟའི་མགོ་རིལ་རྡོ་རྗེ་ཡང་ངོ་གདོང་ད་ལྟ་བཞིན་དུ་དཀར་ལ་རྒྱགས་པ་ཞིག་མ་ཡིན་ཡང༌། ལུས་ཕུང་བདེ་ཉམས་དོད་པའི་ཐོག་དེང་རབས་ཀྱི་གོས་གྱོན་ཞིང༌། ནག་ཅིང་རིང་ཐུང་འཚམ་པའི་མགོ་སྐྱེས་ཀྱི་འོག་ཏུ་གྲུང་ཤ་དོད་པའི་མིག་སྒོར་གཟི་འདྲ་བ་གཉིས་ཡོད། ཚེ་སྒྲོན་ཡང་རབ་མཛེས་ཀྱི་སྒེག་མ་ཞིག་མིན་ཡང༌། བག་ཆགས་ཤིང་ཚུལ་ལྡན་གྱི་བུ་མོ་ཞིག་སྟེ། དེ་དུས་ཀྱི་འཚོ་བ་ནི་ཅི་འདྲའི་ཞེན་ཆགས་དགོས་པ་ཞིག་རེད་ཨང༌། ཁོ་དང་མོ་ནི་ཆུང་བྱིས་པའི་སྐབས་ཀྱི་རྩེད་གྲོགས་དང༌། སློབ་སྦྱོང་སྐབས་ཀྱི་འཛིན་གྲོགས་ཏེ། འཛིན་རིམ་དང་པོ་ནས་བཅུ་གཉིས་བར་ཕན་ཚུན་བྲལ་མི་ཕོད་པའི་སློབ་གྲོགས་ཡིན་ལ། ཁྱོད་ཀྱིས་མི་ཟ་ན་ངས་མི་འཐུང་དང་ཁྱོད་མི་འཛུམ་ན་ང་མི་སྐྱིད་ཅེས་ལོ་ངོ་དུ་མའི་རིང་། དགའ་སྐྱིད་ཀྱི་གད་མོའི་ཁྲོད་དང་འཆམས་མཐུན་གྱི་མེ་ཏོག་ཁྲོད། སློབ་གྲྭ་གཅིག་གི་ནང་དང་འཛིན་གྲྭ་གཅིག་གི་ནང༌། ཅོག་ཙེ་གཅིག་གི་ཐོག ། ད་དུང་རྟག་ཏུ་རང་སྦྱོང་བྱེད་སའི་གནའ་བོའི་ལྗོན་ཤིང་གི་འོག་ཏུ། ཁོ་དང་མོ་གཉིས་ལུས་དང་གྲིབ་མ་བཞིན་འདྲིས་ཤིང༌། ཙན་དན་དང་དྲི་བསུང་བཞིན་འདྲེས་ཤིང་འགྲོགས་པར་གྱུར། དེ་དུས་ཡོད་ཚད་ཅི་འདྲའི་སྐྱིད་པ་ལ། ཐ་ན་གླེང་མོལ་སྐབས་སུའང་ལྷད་མེད་ཀྱི་རིན་ཐང་ལྡན་ལ་བརྩེ་བ་ཡི་འོད་ཞགས་ཀྱིས་ཁེངས་ཡོད། སློབ་གྲོགས་ཚོས་ཁོང་གཉིས་ལ་‘‘གཅུང་པོ་དོན་ཡོད་དང་དོན་གྲུབ་’’ཅེས་རང་བཞིན་འཚམ་པའི་མིང་ཞིག་བཏགས་པ་དང༌། ད་དུང་ལ་ལས་‘‘ནོར་བཟང་དང་ཡིད་འཕྲོག་ལྷ་མོ་’’ཞེས་བརྗོད་པའང་དགོད་བྲོ་བ་ཞིག་རེད་ཨང༌། སྐབས་ཤིག་ལ། ཁོས་མོ་ལ། ‘‘ཚེ་སྒྲོན། ཁྱོད་ཀྱིས་སློབ་གྲྭ་མཐར་ཕྱིན་རྗེས་ག་རེ་བྱེད་པར་འདོད་’’ཅེས་དྲིས། ‘‘ང་་་ ང་་ ངས་བཤད་མི་ཤེས་་་’’ ‘‘ཧེ་ཧེ། ཁྱེད་ཀྱིས་བཤད་མི་ཤེས་པ་ཅི་ཡིན’’ ‘‘ ཨིན། ཇོ་ཇོ་རྡོ་རྗེ’’ ‘‘ཨ’’ ‘‘ཁྱོད་ཀྱིས་ག་རེ་བྱེད་འདོད’’ ‘‘ང་དགེ་རྒན་ཞིག་བྱེད་འདོད། ཅིའི་ཕྱིར་ཞེ་ན། ང་ཚོའི་མི་རིགས་ཀྱི་གནས་ཚད་ཤིན་ཏུ་དམའ་བས་ང་རང་དགེ་རྒན་བྱེད་པར་འདོད’’ཁོས་དེ་ལྟར་སྨྲས་པ་དང་མགོ་བོ་བཏེགས་ནས་མིག་ཟུང་རྒྱང་རིང་དུ་ཕྱོགས། མོས་ཁྲ་རིལ་རིལ་གྱི་མིག་ཟུང་འགུལ་བཞིན་‘‘ངའང་ཁྱེད་ཇི་བཞིན་དགེ་རྒན་ཞིག་བྱེད་ཀྱི་ཡིན’’ཟེར། ‘‘ངོ་མ་ཡིན་ནམ’’ ‘‘ཧེ་ཧེ’’ ཁོ་མོས་མགོ་བོ་གུག་གུག་བྱེད། དུས་ཚོད་ནི་འགྲོས་མགྱོགས་པའི་རྟ་རྒོད་ཅིག་དང་ཇི་འདྲའི་མཚུངས་པ་རེད་ཨང༌། ཡུད་ཙམ་ཞིག་ལ་མཐོ་རིམ་སློབ་འབྲིང་གི་སློབ་ཡུན་རྫོགས་ལ་ཉེ། ཚེ་སྒྲོན་དང་རྡོ་རྗེ་ཡང་སྔར་བས་སློབ་སྦྱོང་ལ་སྦྱངས་བརྩོན་གྱིས་མཐོ་སློབ་ཏུ་འགྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད། འོན་ཀྱང་གནའ་མི་བོད་ཀྱི་གཏམ་དཔེ་ལ། ‘‘ལས་བསམ་སར་མི་འགྲོ་གསེག་སར་འགྲོ’’ཞེས་པ་ལྟར། རྡོ་རྗེའི་ཕ་ནད་ཀྱིས་མནར་ནས་ཐབས་ཇི་ལྟར་བྱས་ཀྱང་མ་ཕན་པར་མི་རྟག་འཆི་བའི་ཞགས་པས་ཟིན་སོང༌། ཕ་རྒན་འདས་ཁར་ཁ་ཆེམས་སུ། ‘‘ འཇིག་རྟེན་འཁོར་བའི་ལས་ལ་སྙིང་པོ་མེད་པས། བུ་རང་དགོན་པ་ཞིག་ཏུ་གྲྭ་བ་བྱོས། དེ་ལྟར་བྱས་ན། རང་རེས་ཐོག་མེད་འཁོར་བ་ནས་བསགས་པའི་སྡིག་པ་ཅི་ཡོད་དག་པར་གྱུར་ནས། ཕྱི་མ་ཐར་བའི་ལམ་སྣེ་ཟིན་པར་གྱུར་ངེས། ཕ་ང་ཡི་རེ་བའང་དེ་ཡིས་འགྲུབ་ཐུབ་’’ ཟེར། གནའ་བོའི་ལྗོན་པའི་ལོ་མ་ཚག་ཚག་གི་སྒྲ་དང་བཅས་གང་སར་འཁྱེར་བ་ནི་བསོད་དམན་གྱི་འཁྱམ་པོ་ཞིག་དང་ཁྱད་པར་ཅི། འདྲིས་ཆེ་བའི་ལྗོན་པ་དེ་ནི་གོས་མེད་སྤྲང་པོ་ལྟར་གཅེར་བུར་ལུས་ཤིང༌། ཡལ་ག་རྣམས་བར་སྣང་ལ་གཟེང་བའི་འོག་ཁོ་དང་མོ་གཉིས་འཛོམས། ཁོས་འོད་མདངས་ཉམ་པའི་མིག་ཟུང་གིས་མོ་ལ་བལྟས་ནས་ ‘‘ཚེ་སྒྲོན། ང་དགོན་པ་ཞིག་ཏུ་འགྲོ་རྒྱུ་ཡིན། ཁྱེད་ཀྱིས་སློབ་སྦྱོང་ལ་སྦྱངས་བརྩོན་གྱིས་རང་གི་ཕུགས་བསམ་མངོན་དུ་འགྱུར་བར་བྱོས། ང་རང་་་་’’ཞེས་ངག་འཁྲོལ་ལ་མ་འཁྲོལ་ངང་སྨྲས། མོས་མགོ་བོ་གུག་ཙམ་བྱེད་པ་ལས་ཁ་ཅི་ཡང་མ་གྲག་ལ། ཅི་ཞིག་གིས་བརླན་པར་བྱས་པའི་ས་ཐོག་ཏུ་རྐང་པས་བྲད་ནས་བསྡད། ཕུགས་བསམ་དེ་ནི་ཁོང་མོའི་ཕུགས་བསམ་ཙམ་དུ་མ་ཟད་ཁོ་པའི་ཕུགས་བསམ་ཡང་ཡིན་མོད། འོན་ཀྱང་འདུས་པ་ནི་བྲལ་བ་དང༌། སྐྱེས་པ་ནི་ངེས་པར་འཆི་བ་འདུས་བྱས་ཀྱི་རང་བཞིན་ཁོ་ནའོ། ། དེ་ལྟར་ཁུ་སིམ་མེར་ས་དེ་དང་བྲལ་མི་ཕོད་པའམ། ཡང་ན་གཞན་ཞིག་དང་བྲལ་མི་ཕོད་པའམ། ཡང་ན་གཞན་ཞིག་གིས་དབྲལ་དུ་མ་བཅུག་པ་ལྟར་སུས་ཀྱང་གཏམ་གླེང་གི་རྗེས་མཐུད་མི་ཐུབ་ལ། སུའང་དེ་ནས་ཁ་བྲལ་མི་འདོད། ས་དེ་ན་ལྗོན་པའི་ཡལ་གར་རླུང་བུ་འཕོག་པའི་ཤུར་སྒྲ་ལས་གཞན་ཅི་ཡང་མ་མཆིས་ཏེ། ཐམས་ཅད་སྐྱོ་སྣང་འབའ་ཞིག་གོ། དེ་ནས་བཟུང་ཁོ་དང་མོ་གཉིས་སོ་སོར་ཁ་བྲལ་སོང༌། འབྲལ་ཁ་མའི་སྐད་ཆ་ནི་འདི་ལྟ་སྟེ། མཐར་མོས་ ‘‘ཇོ་ཇོ་རྡོ་རྗེ’’་ཞེས་བརྗོད་པ་དང་འབྲེལ་མགོ་བོ་དགྱེས། ཀྱེ་མ། ཚེ་སྒྲོན་གྱི་སྐྱོ་སྣང་གིས་ཁེངས་པའི་གདོང་མདོག་ནི་ཅི་འདྲའི་ཉམ་ཐག་པ་ལ། སྐྲ་ལོ་རླུང་བུས་བདས་ཤིང༌། མིག་ཟུང་མཆི་མས་སྦགས་པའི་ཚུལ་ནི་ཡོད་ཚད་ཤོར་བའི་སྤྲང་པོ་ཞིག་དང་གཉིས་སུ་མ་མཆིས། མོའི་མིག་ནང་བློ་ཕམ་དང༌། ཡིད་ཆད། སྐྱོ་གདུང་སོགས་ཀྱིས་ཁེངས་ཤིང་ཁ་ནས་སྐད་ཆ་ཞིག་བཤད་རྩིས་བྱས་ཀྱང་མགྲིན་པ་དངོས་པོ་ཞིག་གིས་འགགས་པ་ལྟར་ཅི་ཡང་བཤད་མ་ཐུབ། རྡོ་རྗེས་ཀྱང་མགྲིན་པ་བརྣངས་ནས་‘‘རྗེས་་་རྗེས་སུ་འཕྲད་ཡོང་’’ ཞེས་སྨྲས་མ་ཐག་ཁ་ཕྱིར་འཁོར་ནས་ཨུ་ཚུགས་ཀྱིས་བསྐྱོད། མོས་མིག་ཆུ་བསྙིལ་བཞིན་ཁོའི་རྗེས་སུ་གོམ་པ་གསུམ་བཞི་ཙམ་སྤོས་པ་ན། རྐང་འོག་གི་ཤིང་ལོ་སྐམ་པོ་ཁ་ཤས་རླུང་གི་དེད་ནས་ཡང་ཡང་འགྲེ་ལྡོག་རྒྱག་བཞིན་ཐག་རིང་གི་ས་སྒང་བརྒལ་འགྲོ་བའི་རྡོ་རྗེའི་ཕྱོགས་སུ་བཞུད། དེ་ནི་ལྗོན་པའི་མིག་ཆུ་ཡིན་སྲིད་ཅིང༌། ལྗོན་པའི་སྙིང་དབུས་ཀྱི་བརྩེ་བས་འཕངས་པའི་སྙིང་གཏམ་ཡོད་ཚད་ཀྱང་ཡིན་སྲིད། གང་ལྟར་ཡང༌། ཤུལ་དུ་ལུས་པ་ནི་སྐྱོ་སྣང་གིས་ཁེངས་པའི་གནའ་བོའི་ལྗོན་པའི་འོག་གི་གཟུགས་རིས་འཁྱོག་པོ་དེ་ཁོ་ནའོ།། །།


གསུམ།

འབྲུག་སྒྲ་ཞིག་གིས་དཀྲོགས་པའམ། གང་ལྟར་རྡོ་རྗེ་རྨི་ལམ་ལྟ་བུའི་ཕྱིར་དྲན་ལས་སད་ཅིང༌། ཁོས་སྔར་བཞིན་ཚེ་སྒྲོན་ལ་མིག་ཧྲིག་ཧྲིག་ཏུ་བལྟས། མཚན་མོ་ནི་ཁུ་སིམ་ཞིང༌། ཡིད་མུག་དགོས་པ་ཞིག་རེད་ཨང༌། ཕྱི་རོལ་རི་སྟེང་གི་ལྗོན་ཤིང་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཐ་དག་ནི་མུན་ནག་དང་སྨུག་ཞགས་ཀྱིས་བསྒྲིབས་ནས་ཡོད་ཚད་གོ་མེད་ཚོར་མེད་ཀྱི་ཁོར་ཡུག་ཅིག་གི་ནང་དུ་བཏུམས་ཡོད། མངོན་གསལ་ཆེ་ཤོས་ནི་སྒེའུ་ཁུང་འོག་གི་ཆུ་འགྲོའི་ཡུར་བའི་ནང་རྒྱུག་པའི་ཆར་ཆུའི་སྐད་དང༌། ཤག་ཤག་ཏུ་འབབ་པའི་དྲག་ཆར་གྱི་སྒྲའོ།། རྡོ་རྗེ་ཡིས་བྱིན་རྟེན་དང་སྨན་ཐང་ཚ་པོ་བླུགས་པའི་ཇ་ཕོར་ཞིག་ལག་ཏུ་ཐོགས་ནས། བྱམས་བརྩེ་ཅན་གྱི་ཨ་མས་ཕྲུ་གུར་ཟས་སྦྱིན་པ་ལྟར་ཁེམ་བུ་གང་རེ་གང་རེ་བྱས་ནས་ཚེ་སྒྲོན་གྱི་ཁ་ནང་བླུད། མོའི་ཕྱེད་གདངས་ཕྱེད་བཙུམས་ཀྱི་མིག་ལས་འཁྱགས་པ་གོར་མོ་ཞིག་ཉི་འོད་ཀྱིས་བཞུ་བ་ཇི་བཞིན་མིག་ཆུ་རྡོག་པོ་རེ་རེ་ནི་རིད་ཅིང་མདངས་ཉམས་པའི་གདོང་ནས་སྔས་སྟེངདུ་སིམ། ཚེ་སྒྲོན་གཉིད་ཁུགས་པ་ཇི་བཞིན་མིག་བཙུམས་པར་གྱུར། རྡོ་རྗེ་ཡང་ལྐུགས་པ་ཆགས་པ་དང་འདྲ། ཕན་ཚུན་སུས་ཀྱང་ཁ་མ་གྲག །ཕན་ཚུན་སུས་ཀྱང་ཅི་ཞིག་སྨྲ་དགོས་པ་མ་ཤེས། དེ་འདྲའི་ཁུ་སིམ་ཞིང་ཡིད་མུག་པ་ལ། ཁོ་རང་ཡར་ལངས་ནསསྒེའུ་ཁུང་ཕྱེས། སྔར་ནས་སྒེའུ་ཁུང་གི་གློག་འོད་ལ་འཁོར་བའི་དུག་སྦྲང་སོགས་འབུ་མང་པོ་ཞིག་འཕུར་ལྡིང་གིས་ནང་ལ་འཛུལ་འོངས། ཁོས་མྱུར་དུ་སུན་སྣང་དང་བཅས་ཏེ་སྒེའུ་ཁུང་བརྒྱབ། འབུ་སྦྲང་ཁ་ཤས་སྔར་བཞིན་ཤེལ་སྒོའི་ཕྱི་ནས་སྐབས་རེར་འཕུར་ཙམ་དང༌། སྐབས་རེར་ཤེལ་ངོས་སུ་འབབ་ཙམ་བྱེད་ཀྱིན་ཡོད། སྒེའ་ཁུང་ཕྱིའི་སྲང་ལམ་ནི་དབེན་ཞིང་སྟོང་འཇགས་སེར་མཆིས། ཁོས་ཅི་ཞིག་དྲན་པ་བཞིན་གཟན་ཕུད་པ་དང༌། སྣུམ་ཐབ་ཀྱི་སྲུབ་མདའ་ཡར་འཐེན་མར་གནོན་དུ་མ་བྱས་རྗེས། སྣུམ་ཐབ་ལ་མེ་སྒྲོན། དེ་ནས་ཐུག་པ་སྐོལ་གྲ་སྒྲིག །སྣུམ་ཐབ་ཀྱི་ཙུར་སྒྲ་ཡུན་རིང་ཞིག་གྲགས་རྗེས་ཐུག་པ་འཁོལ་བར་གྱུར། ‘‘ཚེ་སྒྲོན། ཐུག་པ་ཐུངས་’’ ཚེ་སྒྲོན་གྱིས་སྔར་བཞིན་མིག་བཙུམས་ཏེ་སྡོད་པ་ལས་ཁ་ཅི་ཡང་མ་གྲག ། ‘‘ཡ་ཡ་ཐུངས་ཐུངས། ཐུག་པ་ཚ་པོས་ལུས་ལ་དྲོད་སྐྱེད་ཐུབ་’’ རྡོ་རྗེ་ཡིས་ཕོར་བ་དང་ཐུག་པ་མོ་ལ་སྤྲོད་ཀྱིན་ནན་ཏན་ངང་དེ་ལྟར་བཤད། ཚེ་སྒྲོན་ག་ལེར་ཡར་དགྱེ་བ་དང་ཕོར་བ་ལག་ཏུ་བླངས་ཤིང་ཐུར་མ་བཀོལ་ནས་ཐུག་པ་ཅུང་ཙམ་བཏུང་རྗེས། ཕོར་བ་དེ་མལ་ཁྲིའི་འགྲམ་གྱི་ཅོག་ཙེའི་སྟེང་དུ་བཞག ། ‘‘མི་འཐུང་ངམ’’ ‘‘འཐུང་མི་འདོད’’མོས་མགོ་བོ་གུག་གུག་ཅིག་བྱས་ཤིང་སྨྲས། ཡུད་ཙམ་སོང་རྗེས་མོས། ‘‘ཇོ་ཇོ་རྡོ་རྗེ། ཁྱོད་རང་དགོན་པར་བསྡད་མེད་དམ’’ ཞེས་དྲིས་བྱུང༌། རྡོ་རྗེས་ཀྱང་ཐུག་པ་ཐུང་ཚར་ནས་ཕོར་པ་སྟོང་པ་དེ་མདུན་དུ་བཞག་སྟེ། གཟབ་ནན་ངང་’’ ངའི་དམིགས་ཡུལ་ནི་དགེ་རྒན་ཞིག་བྱེད་རྒྱུ་དེ་ཡིན། དེར་བརྟེན་ད་ལྟ་ཕའི་ཁ་ཆེམས་བཞིན་གྲྭ་བ་བྱེད་པ་དང་མཉམ་དུ་འབྲིང་རིམ་དགེ་རྒན་ཞིག་བྱས་ནས་སྡོད་པ་འདི་ཧ་ཅང་འོས་འཚམ་ཞིག་ཡིན་དྲན་གྱི་འདུག །ཨོ། ཚེ་སྒྲོན་རང་འདིར་ག་རེ་བྱེད་དུ་འོངས་པ་ཡིན། གནས་ཚུལ་ག་རེ་བྱུང་ངམ། ད་ཅིའི་ཆར་པའི་ནང་དུ་ཇི་ལྟར་ལུས་སོང༌།’’ ཞེས་སྨྲས་པར་མོ་ངུས་བྱུང༌། མིག་ཆུའི་ཐིགས་པ་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར་མཁུར་ཚོས་བརྒྱུད་ནས་བཞུར། དེར་ཁོ་རང་བྱེད་མི་བདེ་བ་ཞིག་བྱུང་ནས་‘‘ཡ་ཚེ་སྒྲོན། སྔོན་ལ་ངལ་གསོ་བྱོས། སང་ཉིན་ཁ་བརྡ་བྱས་ཆོག །གནས་ཚུལ་ཅི་ཞིག་བྱུང་ཡང་ངས་རོགས་རམ་བྱས་ཆོག’’ ཅེས་སེམས་གསོ་བྱས་རྗེས། ཁང་པ་སྦུབས་མའི་ནང་དུ་སློབ་མའི་ནང་སྦྱོང་ལ་ལྟ་རུ་སོང་ངོ་།། །།

བཞི།
ནམ་གསལ་བྱུང༌། དྲག་ཆར་སྔོན་ནས་ཆད་ཟིན་པས་སྔོ་བསང་ནམ་མཁའི་ངོས་སུ་ཆུ་འཛིན་བྱ་སྒོང་ཙམ་ཡང་མེད་པར་མེ་ལོང་བཞིན་དུ་དྭངས་ཤིང་གསལ་ལ། ཞོགས་རླུང་བསིལ་མོས་རྩི་ཤིང་དང་མེ་ཏོག་གི་བསུང་ཞིམ་སྣ་ལ་སྐྱེལ་ཡོང༌། ནགས་གསེབ་ཀྱི་བྱ་བྱིའུ་རྣམས་ཀྱིས་ཉིན་གསར་པ་ཞིག་བསུ་བའི་བརྡ་ལ་སྙན་འཇེབས་ཀྱི་གྲེ་འགྱུར་སྣ་ཚོགས་ལེན་བཞིན་འདུག ། ‘‘༅༅།། བདག་གི་སྙིང་དབུས་སུ་དུས་ནམ་ཡང་གནས་པའི་ཇོ་ཇོ་རྡོ་རྗེ་ལགས་སུ། ངས་ཁྱེད་ལ་གྱེས་ཚིག་ཙམ་ཡང་མ་ཞུས་པར་འདི་ལྟར་ཆས་པ་ལ་དགོངས་པ་ཡེ་ནས་མི་འགལ་བ་ཞུ། དྲང་པོར་བཤད་ན་ང་རང་ཡང་འདི་ལྟར་འགྲོ་འདོད་ག་ལ་ཡོད། རྒྱུ་མཚན་ནི་ངས་ཉིན་མཚན་དབྱེར་མེད་དུ་སེམས་ནང་བསམ་རྒྱུ་ཁྱེད་དང༌། ཡིད་ལ་དྲན་རྒྱུ་ཁྱེད་ཡིན་པས། ངས་སྔར་ནས་ད་བར་ཁྱེད་ཀྱི་བརྩེ་བའི་ལྕགས་ཀྱུར་ང་རང་གི་ལྷད་མེད་དུངས་པའི་ཞགས་པ་བསྐོན་ནས། ཇི་སྲིད་བར་སྐྱིད་སྡུག་གི་འགྱུར་བ་ཅི་འདྲ་ཞིག་འཕྲད་ཀྱང་མཉམ་མྱོང་བྱེད་རྒྱུའི་སྟོང་བསམ་ཞིག་བཅངས་ཡོད་པས་ཡིན། ཁྱེད་ཀྱིས་གསུངས་དང༌། དེ་ནི་ཁྱེད་དང་ངའི་གནས་སྟངས་ཀྱི་ཆ་ནས་ཅི་འདྲའི་སྟོང་བསམ་ཞིག་རེད་ཨང༌། ལྷད་མེད་པའི་བརྩེ་དུང་གི་ཆེད་དུ་བུ་མོ་ཞིག་གི་ཡོད་ཚད་དོར་བའམ་ཤོར་བའི་ངང་ཚུལ་ནི། ཁྱེད་ཀྱིས་ག་ལ་མཁྱེན། ཁྱེད་དང་ཁ་བྲལ་རྗེས་ང་རང་གིས་ཀྱང་ང་རང་ལ་ཡིད་མི་ཆེས་པའི་འགྱུར་ལྡོག་ཅིག་བྱུང་བ་སྟེ། ཉིན་དེ་ནས་བཟུང་ཉིན་མོ་ཟས་ལ་བཅུད་མེད་པ་དང༌། མཚན་མོ་གཉིད་ཀྱང་མེད་པར་ཉིན་ཞག་ཕྲེང་བའི་ཆུ་ཚོད་རེ་རེའི་ནང་དང༌། ཆུ་ཚོད་རེའི་སྐར་ཆ་རེ་རེའི་ནང་དུ་ངས་ཁྱེད་རང་དྲན་སྣང་བྱུང༌། དེ་ལྟར་ཟླ་བ་གཅིག་ཀྱང་མ་འགོར་བར་ངའི་ལུས་ཟུངས་ཟད་ཅིང་མིག་ཤེས་རྡིབ་པས་རང་གི་རྐང་པས་རང་གི་ལུས་པོ་མི་ཐེག་པའི་མཚམས་སུ་སླེབས། སྨན་དང་བཅུད་ཆེན་གྱི་ཟས། གཉེན་ཉེ་སྤུན་ཟླའི་སེམས་གསོ་སོགས་གང་གིས་ཀྱང་ངའི་ན་ཚ་ཞི་མ་ཐུབ། ང་ལ་མཁོ་གལ་ཆེ་ཞིང་མེད་དུ་མི་རུང་བ་ནི་ཁྱེད་རང་གཅིག་པུ་རེད་ཨང༌། ལོ་དེའི་མཐོ་སློབ་ཀྱི་ཡིག་རྒྱུགས་ལ་ངས་སྡུག་རུས་ཀྱིས་ཞུགས་ཐུབ་པ་བྱུང་ནའང༌། དེའི་གོང་གི་ཟླ་ཤས་ནང་སྔར་བསླབ་པའི་ཤེས་བྱ་ཕལ་ཆེར་དྲན་པའི་ནང་མི་འདུག ། ‘‘འགྱེལ་བའི་ཐོག་ཏུ་རྡོག་རྫིས་’’ནི་ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྲོལ་རེད། དུས་ཚོད་རིམ་གྱིས་འདས་པ་དང་ངའི་ནད་གཞི་ཕྲན་བུའི་དྲག་སྐྱེད་བྱུང་ནའང༌། སློབ་གྲྭ་ཆེ་མོར་འགྲོ་མ་ཐུབ་པས་སྤུན་ཉེ་ཀུན་གྱིས་གཤེ་གཤེ་བཏང་ནས་ངའི་སེམས་ཁོང་གི་སྡུག་བསྔལ་ཇེ་ཆེར་གྱུར། དངོས་གནས་བརྩེ་དུངས་ཀྱི་སྡུག་བསྔལ་ནང་ཚུད་ན། བདེ་བ་ཐམས་ཅད་སྡུག་བསྔལ་དང༌། རྒྱུན་གཏན་ཐམས་ཅད་རྒྱུན་གཏན་མ་ཡིན་པར་མངོན་སྲིད། ངས་གནའ་བོའི་ལྗོན་ཤིང་དང་སློབ་དེབ་སོགས་མཐོང་ཐེངས་རེར་འུ་ཅག་གི་དགའ་སྤྲོའི་གནས་སྐབས་ཡིད་ལ་དྲན་ཞིང༌། དྲན་གདུང་གི་མཆི་མ་མིག་ཟུང་དུ་འཁྱིལ་ཡོང༌། དེ་དུས་ང་ལ་ལས་ཁུངས་ཤིག་ལ་ལས་ཀ་ཐོབ་ནའང༌། ལས་སློབ་གང་དུའང་སེམས་ཤུགས་གང་ཡང་མེད་པར་གྱུར། དེ་དུས་བུ་མོ་ཞིག་གི་གསང་བ་ཡོད་ཚད་ཁྱོད་ལ་ཤོར་ཡོད་པ་གཞི་ནས་གསལ་པོར་རྟོགས་ཀྱང་བྱ་ཐབས་ཅི་ཞིག་ཡོད། ངས་རང་ཉིད་ཀྱི་སེམས་སྡུག་ཞི་ཆེད་ཐབས་ཤེས་ཅི་ཡོད་བཏོན་པས་ངོ་མ་ང་རང་སྨྱོ་ལ་ཉེ་བ་ཞིག་རེད། བཤད་སྲོལ་ལ་ཆང་རག་གིས་སེམས་སྡུག་སེལ་ནུས་ཞེས་ཐོས་པས། ངས་ཨུ་ཚུགས་ཀྱིས་འཁྱམ་པོ་འགའ་དང་འགྲོགས་ནས་ཉིན་ལྟར་ཆང་རག་ལ་རོལ། དེས་གནས་སྐབས་ལུས་སེམས་སྦྲིད་ནས་ཅི་དྲན་འདི་དྲན་མེད་པར་གྱུར་ནའང་སེམས་ཁོང་གི་སྡུག་བསྔལ་ག་ལ་སེལ་ཐུབ། དེ་ལས་ལྡོག་སྟེ་མཐར་ང་རང་ཀུན་གྱིས་འཕྱ་སྨོད་བྱེད་ཡུལ་གྱི་’’འཆལ་མོར་’’གྱུར། ངའི་ལང་ཚོ་དང་ངའི་ཕུགས་བསམ། ཐ་ན་ངའི་ཡོད་ཚད་རྨི་ལམ་དུ་གྱུར། དེ་ལྟར་ཉིན་མཚན་ཀུན་དུ་ཆང་རག་དང་མ་བྲལ་བར་སེམས་གཏིང་གི་སྡུག་བསྔལ་ཁོག་ཏུ་སྦས་ནས་ད་བར་འཁྱམ་མྱུལ་གྱིས་སྙིང་པོ་ཡེ་ནས་མེད་པའི་འཚོ་བར་རོལ། མི་ངན་གྱི་བརྙས་བཅོས་དང༌། མདུན་ལམ་མེད་པའི་ལམ་དེར་ང་རང་འགྲོ་འདོད་ག་ལ་ཡོད། འོན་ཀྱང་བྱ་ཐབས་ཅི་ཡང་མེད་དོ། །ང་རང་སྔོན་ཆད་ཀྱི་ལམ་དེར་ཡང་བསྐྱར་ལོག་རྒྱུ་ནི་ཇི་འདྲའི་ཁག་པོ་ཞིག་རེད་ཨང༌། འཕྱ་སྨོད་དང་བཙན་ཤེད། མཐོང་ཆུང་སོགས་ཀྱིས་ང་རང་འཚོ་འདོད་མེད་པར་གྱུར། ཡིན་ནའང༌། ཧ་ཅང་རྟོགས་དཀའ་བ་ཞིག་ནི། ངའི་ཚེ་སྲོག་གི་རྒྱུ་བ་སུ་ཞིག་གི་ཆེད་དུ་ད་ལྟ་བར་མ་ཆད་པ་དེ་ཡིན། མདང་ནུབ་ངས་ནམ་རྒྱུན་ལྟར་ལུས་པོ་བཙོང་ནས་ཉོས་པའི་ཆང་རག་ཤེལ་དམ་གང་འཐུང་ནས་དྲག་ཆར་གྱི་ཁྲོད་དུ་ཡོང༌། ང་རང་འདི་ལྟར་ཡོང་བ་གྲངས་ཀྱིས་མི་ལངས་ལ། འདི་ལྟར་ཕྱི་རོལ་དུ་ལུས་པའང་བགྲང་གིས་ག་ལ་ཆོད། ང་རང་ཡུལ་ལུང་མང་པོར་འཁྱམས་པས་ས་འདིར་ཇི་ལྟར་སླེབས་པའང་ང་ལ་དྲན་རྒྱུ་མི་འདུག །ངས་ཡིད་དུ་འོང་བའི་རྨི་ལམ་ཞིག་རྨིས་པ་དང་མཚུངས། ཇོ་ཇོ་རྡོ་རྗེ་ལགས། ངའི་སེམས་ཁོང་དུ་འགྱུར་མེད་རྡོ་རྗེ་ཕ་ལམ་བཞིན་འོད་འཕྲོ་བའི་ཇོ་ཇོ་རྡོ་རྗེ་ལགས། ང་རང་འགྲོ་རྒྱུ་ཡིན། ‘‘འཆལ་མོ་’’ཞིག་འདི་རུ་བསྡད་ན་ཁྱེད་ཀྱི་ཞབས་འདྲེན་ལས་གཞན་ཅི་ཡང་འབྱུང་མི་སྲིད་ཅིང༌། ངའི་ལོ་རྒྱུས་དང་ཁྱེད་ཀྱི་གནས་སྟངས་ཀྱིས་ངེད་གཉིས་དབར་ལ་‘‘མིག་ཆུ’’ཁོ་ན་ལས་གཞན་ཅི་ཞིག་ཡོད། གཅིག་བྱས་ན་ངའི་ལྟ་ཚུལ་གུ་དོག་པ་ཡིན་སྲིད་ལ། གཞན་དུ་ན་ཁོར་ཡུག་ཧྲིལ་པོ་གུ་དོག་པས་ཡིན་སྲིད། ང་རང་ལམ་གང་འདྲ་ཞིག་ལ་སླེབས་མིན་མི་ཤེས་མོད། གང་ལྟར་གཞན་གྱི་མཐོང་ཆུང་བྱེད་ཡུལ་དེར་མི་འགྲོ་བའི་སེམས་ཐག་བཅད་ཟིན། ངའི་རེ་འདུན་ཉག་ཅིག་ནི། གནའ་བོའི་ལྗོན་པའི་འོག་གི་སྔོན་ཆད་ཀྱི་ང་རང་སྟེ། ‘ང་་་ཁྱེད་ཇི་བཞིན་དགེ་རྒན་ཞིག་བྱེད་པར་འདོད།’ ཞེས་ཟླ་ཚེས་ལ། ཚེ་སྒྲོན་ནས་’’ ཁོས་མལ་ཁྲིའི་ཐོག་ཏུ་བཞག་པའི་ཚེ་སྒྲོན་གྱི་འཕྲིན་ཡིག་དེ་བཀླགས་ཚར་རྗེས་རང་དབང་མེད་པར་མིག་ལམ་དུ་མཆི་མ་ཞིག་ག་ལེར་འཁྱིལ་བྱུང༌། ཀྱེ་ཧུད། འདི་ནི་ན་ཆུང་བུ་མོ་ཞིག་གི་ལོ་རྒྱུས་ཏེ། འདི་ནི་ལྷད་མེད་ཀྱི་བརྩེ་དུངས་ལས་མངོན་པའི་འོད་སྟོང་ལྡན་པའི་འདུན་པ་ཞིག་རེད་ཨང༌། འདི་ནི་བུ་མོ་ཞིག་གི་སྐྱོ་གར་དང༌། མ་འོངས་པའི་ཆོད་སེམས་ཞིག་ཀྱང་ཡིན་པ་སྟེ། རྡོ་རྗེ་དང་ཁོང་མོ་གཉིས་ལོ་ངོ་དུ་མའི་རྗེས་ནས་གནས་སྟངས་གཞན་ཞིག་གི་ཐོག་དང༌། ལོ་རྒྱུས་གཞན་ཞིག་གི་འོག །ཁོར་ཡུག་གཞན་ཞིག་གི་ཁྲོད་དུ་རང་རང་གི་འདུན་པ་གྲུབ་ནས་མཉམ་འཛོམས་འོང་བའང་སྲིད། གང་ལྟར་ཤུལ་དུ་ལུས་པ་ནི། མིག་སྐྱག་དང་བཅས་གདོང་ན་སེམས་འགུལ་གྱི་མཆི་མ་འཁྲུག་ཅིང་འགུལ་མེད་དུ་ཚེ་སྒྲོན་གྱི་འཕྲིན་ཡིག་ལ་ཅེར་སྡོད་པའི་རྡོ་རྗེ་གཅིག་པུ་རེད།། །།

3 comments:

 1. སྙན་པོ་ཞེ་དྲགས་འདུག ཁྱེད་ཀྱི་སྒྲུང་རྩོམ་མང་ཙམ་འབྲི་རོགས། འོ་རེད་་་་ཁྱེད་ཀྱིས་བྲིས་པའི་སྒྲུང་རྩོམ་༼ འཁྱམ་པོ་་་ཁ་མདོག་མེད་པའི་འཚོ་བ།༽ ཞེས་པ་དེ་གང་ནས་རག་གི་རེད་དམ། དྲ་བའམ་དྲ་རྒྱ་གང་ནས་རག་གི་རེད།

  ReplyDelete
 2. མཚན་མ་བཀོད་པའི་སྤུན་ཟླ་ཁྱེད་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ།
  ངས་བྲིས་པའི་སྒྲུང་རྩོམ། འཁྱམ་པོ། ཁ་དོག་མེད་པའི་འཚོ་བ་ཞེས་པ་དེ་གཟིགས་འདོད་ཡོད་ན། འདི་ནས་གཟིགས་ཐུབ། https://docs.google.com/viewer?a=v&pid=explorer&chrome=true&srcid=0B5SITgCE_AemZTBmM2UyNTUtNDFlNS00NDdhLTlkOTQtMWNmYTNhMjc2Y2Zk&authkey=CLnW67UJ&hl=en_US

  ReplyDelete
 3. སྐུ་ཞབས་ཆུང་ལགས་ཀྱི་བརྩམས་སྒྲུང་ལ་དམིགས་བསལ་གྱི་ཁྱད་ཆོས་འདུག བརྩམས་སྒྲུང་འབྲི་སྐབས་ཆེས་གལ་གནད་ཆེ་བ་དེ་གང་ཡིན་ནམ།
  ཁྱེད་ཀྱི་འདོད་ཚུལ་ཅུང་ཙམ་གསུང་རོགས།

  ReplyDelete