2010-05-19

རྨི་ལམ་ནང་གི་གཤོག་པ།




༅༅།། གྲོགས་པོ་ཆུང་ཆུང་ཚོ། སྐུ་ཁམས་བཟང༌། ང་ནི་ལྷ་བྱ་ཁྲུང་ཁྲུང་དཀར་མོ་ཞིག་ཡིན། ད་རེས་ངས་ཁྱེད་ཚོར། གནམ་གྲུའི་བྱུང་རིམ་མདོར་བསྡུས་ཤིག་བཤད་ཆོག ཁྱེད་རང་ཚོས་ནམ་རྒྱུན།
                                 བྱ་དེ་ཁྲུང་ཁྲུང་དཀར་མོ༌། །
                                 གཤོག་རྩལ་ང་ལ་གཡོར་དང། །
                                 ཐག་རིང་རྒྱང་ལ་མི་འགྲོ། །
                                 ལི་ཐང་བསྐོར་ནས་ལོག་ཡོང་། །ཞེས་གླུ་གཞས་གཏོང་གི་ཡོད་པ་བཞིན། གནའ་བོའི་འགྲོ་བ་མི་ཚོས་ང་ཚོ་དབྱར་དགུན་གཉིས་ལ་རང་གི་གནས་སྤོ་བའི་ཆེད་དུ། ལེ་དབར་སྟོང་ཕྲག་མང་པོའི་བར་དུ་ཕར་འཕུར་ཚུར་འཕུར་བྱེད་པའི་ངང་ཚུལ་ལ་ལྟ་བཞིན། རང་ཉིད་ཀྱང་ང་ཚོ་ནང་བཞིན་འཕུར་རྒྱུ་བྱུང་ན་དགའ་བ་ལ་ཨང་བསམ་གྱི་ཡོད་པ་མ་ཟད། ཉལ་བའི་རྨི་ལམ་དུའང་རང་ཉིད་འཕུར་འགྲོ་བ་རྨིས་ཀྱི་ཡོད།
              རྨི་ལམ་འདིས་མི་མང་པོ་ཞིག་ལ། རང་ཉིད་ས་གཞི་ལས་གྱེས་ཏེ་འཕུར་ཐབས་ཀྱི་གསར་བཏོད་ཅིག་བྱེད་རྒྱུའི་བློ་ཁོག་སྐྱེས་པ་རེད། ཕྱི་ལོ་ ༡༧༨༣ ལོར་བློ་སྟོབས་ཅན་གྱི་ཕ་རན་སིའི་མི་གཉིས་ཀྱིས་འབད་བརྩོན་བྱས་པ་ལ་བརྟེན་ནས་འཛམ་གླིང་ཐོག་ནམ་མཁར་འཕུར་མཁན་གྱི་མི་ཨང་དང་པོ་དེ་ཆགས་པ་རེད། ཁོང་གཉིས་ཀྱིས་རླུང་ཚ་པོས་ཅ་དངོས་གང་ཞིག་ནམ་མཁར་ལྡིང་པར་བྱེད་ཐུབ་པའི་གནད་འགག་དེ་ཤེས་ཀྱི་ཡོད་སྟབས། རང་ཉིད་སྒང་བུ་ཆེན་པོ་ཞིག་ལ་བཏགས་པའི་སྒམ་གྱི་ནང་བསྡད་ཐོག ལྕགས་བུམ་ཞིག་གི་ནང་མེ་བླུགས་ཏེ་སྒང་བུའི་ནང་གི་རླུང་ཚ་པོ་བཟོ་བའི་བྱ་ཐབས་སྤྱད་པ་རེད། དེ་ལྟར་བྱས་པ་ལ་བརྟེན་ནས་སྒང་བུ་དེ་ཉུང་མཐར་མཐོ་ཚད་ཕུ་ཊི་གསུམ་བརྒྱའི་སར་(མི་ཊར་ ༩༡)ལྡིང་ཐུབ་ཀྱི་ཡོད་པ་རེད།
      སྒང་བུར་བརྟེན་ནས་འཕུར་ཐབས་བྱེད་པའི་བྱ་ཐབས་དེས། གནས་སྐབས་གཅིག་རིང་གནའ་བོའི་མིའི་རེ་འདུན་གྱི་རྨི་ལམ་མཛེས་པོ་དེ་དོན་དང་ལྡན་པ་བྱུང་ནའང༌། སྒང་བུ་ནི་རླུང་གི་རྒྱུ་ཕྱོགས་ཀྱི་གནོན་ཤུགས་འོག་ཁ་ཕྱོགས་ངེས་མེད་དུ་འགྲོ་བ་ལས་མིས་སྟངས་འཛིན་བྱེད་ཐུབ་ཀྱི་
མེད་སྟབས། གསར་གཏོད་པ་ཚོས་ང་ཚོ་བྱའི་རིགས་ལ་དཔེ་བལྟས་ཏེ་རང་ཉིད་ཀྱིས་སྟངས་འཛིན་ཆ་ཚང་བྱེད་ཐུབ་པའི་འཕུར་ཆས་ཤིག་བཟོ་ཆེད་འབད་བརྩོན་བྱས་པ་རེད།
          གྲོགས་པོ་ཆུང་ཆུང་ཚོ། ཁྱེད་ཚོས་ངའི་གཤོག་པར་གཅིག་གཟིགས་དང༌། ངའི་གཤོག་པ་གཉིས་ནི་གུག་དབྱིབས་ཅན་ཡིན་ཞིང༌། གུག་དབྱིབས་ཅན་གྱི་གཤོག་པ་འདིའི་འོག་ཏུ་རྒྱུ་བའི་རླུང་ལས། ངོས་རྣམས་སུ་རྒྱུ་བའི་རླུང་རྣམས་མགྱོགས་ཚད་མྱུར་བ་ཡོད་ཅིང༌། མྱུར་ཚད་མགྱོགས་པའི་རླུང་ལས་མྱུར་ཚད་དལ་བའི་རླུང་རྣམས་འདེགས་ཤུགས་ཆེ་བ་ཡོད། དེར་བརྟེན་ངའི་གཤོག་པའི་འོག་གི་འདེགས་ཤུགས་ཆེ་བའི་རླུང་རྣམས་ཀྱིས་ངའི་ལུས་པོ་དགུང་དུ་འདེགས་ཐུབ་པ་བྱུང་བ་རེད།
           ཕྱི་ལོ་ ༡༧༩༩ ལོར་དབྱིན་ཇིའི་བཟོ་སྐྲུན་ཆེ་མོ་བ་སྐུ་ཞབས་ འཇོར་ཇི༌ ཁེ་ལའི་(George Cayley)ཞེས་པ་ཞིག་གིས་གུག་དབྱིབས་ཅན་གྱི་གཤོག་པ་ཡོད་པའི་འཕུར་ཆས་ཤིག་བཟོས་པ་དེའི་མིང་ལ་ གྷེ་ལའི་ཌར་(Glider བོད་སྐད་དུ་ལྡིང་བྱེད་ཟེར། རླུང་ནང་ལྡིང་བས་སོ།།)ཟེར། དེ་མིན་འཇར་མན་གྱི་བཟོ་སྐྲུན་ཆེ་མོ་བ་མིང་ལ་ ཨོ་ཊི་ཁྲུ་ ལའི་ལིན་ཏལ་ (Otto Lilienthal)ཞེས་པ་དེས་ལོ་མང་རིང་ གྷེ་ལའི་ཌར་ ཚད་ལྡན་ཞིག་བཟོ་སྐྲུན་བྱེད་ཆེད་འབད་བརྩོན་བྱས་ཤིང༌། ཁོང་གིས་བཟོས་པའི་འཕུར་ཆས་དེ་ནི། གཤོག་པ་ཆེ་ལ་ཡང་བ་ཞིག་གི་དབུས་སུ་རང་གི་ལུས་པོ་དཔྱངས་ནས་ལུས་པོས་ཕར་རྒྱུ་ཚུར་རྒྱུ་བྱས་ཏེ་སྟངས་འཛིན་བྱེད་པ་ཞིག་ཡིན།
            ཨོ་ཊི་ཁྲུ་ ལའི་ལིན་ཏལ་ གྱི་འཕུར་ཆས་གསར་བཟོའི་ཆེད་ཚོད་ལྟ་བྱེད་པའི་གནས་ཚུལ་དེ། ཨ་རིའི་བཟོ་སྐྲུན་ཆེ་མོ་བ་ ཨོག་ཊེབ༌ ཅ་ནུ་ཊི་ (Octave Chanute)ཞེས་པས་ཐོས་ཏེ། ཁོང་གིས་ ལའི་ལིན་ཏལ་ གྱི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་གཤོག་པ་གཉིས་ཅན་གྱི་འཕུར་ཆས་ཤིག་ཏུ་ཡར་རྒྱས་བཏང་བ་དེ་འཕུར་ཐེངས་ཁ་ཤས་ནང་ལེགས་སྒྲུབ་ཡག་པོ་བྱུང་བ་རེད།
         

ཐོག་མར་མི་ཚོས་འཕུར་ཆས་བཟོ་སྐབས། ང་ཚོ་བྱ་དང་བྱིའུ་ཚོས་དེ་ནི་གླེན་རྟགས་དང་སྒྲུབ་ཐབས་མེད་པ་ཞིག་རེད་སྙམ་ནས་ཁྲེལ་བགད་བྱེད་མྱོང་ནའང༌། མི་ཚོས་འབད་བརྩོན་རིམ་པར་བྱས་ཏེ་དངོས་སུ་འཕུར་ཐུབ་དུས། ང་ཚོ་བྱའི་རིགས་ཚང་མ་ཧང་ནག་པོ་སངས་བྱུང༌། དེ་བས་ཀྱང་ཧང་སངས་དགོས་པ་ཞིག་ནི༌། མི་ཚོས་གྲུབ་འབྲས་དེ་ཙམ་བྱུང་ནའང་ང་ཚོ་བྱའི་རིགས་ཀྱི་ཐག་རིང་གི་འཕུར་བསྐྱོད་ལ་ད་དུང་ཡང་དཔེ་ལྟ་བཞིན་ཡོད་པ་དེ་རེད། རྒྱུ་མཚན་ནི་ཁོང་ཚོས་ང་ཚོ་ཁྲུང་ཁྲུང་ནང་བཞིན་རྒྱང་ཐག་རིང་པོར་འཕུར་འདོད་ནའང་གོང་གསལ་འཕུར་ཆས་རྣམས་ཀྱིས་རྒྱང་ཐག་རིང་པོར་འཕུར་ཐུབ་ཀྱི་མེད་སྟབས། ཐག་རིང་དུ་འཕུར་ཐུབ་པའི་འཕུར་ཆས་ཤིག་གསར་གཏོད་བྱེད་རྒྱུའི་འབད་བརྩོན་ནམ་ཡང་ལྷོད་མྱོང་མེད་པ་རེད།
         ༡༩༠༠ ལོར་མི་ཚོས་རྨི་ལམ་ནང་རྨིས་བཞིན་པའི་འཕུར་ཆས་དེ་དངོས་སུ་འབྱུང་འགོ་ཚུགས་པ་རེད། དེ་ཡང་ ཝིལ་སྦོར་ རག་ཊི་ དང༌། ཨོར་ཝི་ལི་ (Wilbur Wright & Orville)ཞེས་པའི་རྐང་འཁོར་བཟོ་མཁན་བུ་སྤུན་གཉིས་ཀྱིས་ བྱང་ཁ་རོ་ལི་ན་ ཡི་ ཡུལ་ ཀི་ཊིའི་ ཧག་ ཅེས་པའི་ཉེ་འགྲམ་དུ་འཕུར་ཆས་ཤིག་ཚོད་ལྟ་བྱེད་འགོ་བཙུགས་ཤིང༌། དེ་ཡང་ཝིལ་སྦོར༌ རག་ཊིས་དེ་སྔོན་ནས་འཕུར་ཆས་ནམ་མཁར་འཕུར་སྐབས་སྟངས་འཛིན་བྱེད་སྟངས་ཐོག་འབད་བརྩོན་བྱེད་མྱོང་ཡོད་པ་རེད།
         ཁོང་སྤུན་གཉིས་ཀྱིས་འགུལ་ཤུགས་ཅན་གྱི་གྷེ་ལའི་ཌར་རམ་གནམ་གྲུ་ཞིག་བཟོ་ཐབས་ཐོག་དམིགས་བསལ་དོ་སྣང་བྱས་ཏེ་གནམ་གྲུའི་གཤོག་པའི་དབྱིབས་འདྲ་མིན་སྣ་ཚོགས་བེད་སྤྱོད་ཀྱིས་ཚོད་ལྟ་བྱས་པ་མ་ཟད། སྐུད་འཁེལ་ཕང་ལོ་ལྟ་བུའི་རང་འཁོར་འབུད་འདེད་སྒྲོ་གཤོག་(Propeller)གིས་གནམ་གྲུའི་གཤོག་པར་ཕན་གྲོགས་སྣོན་མ་བྱེད་ཐུབ་ཀྱི་ཡོད་པ་ཤེས་ཏེ། འབུད་འདེད་སྒྲོ་གཤོག་སྐོར་བ་འཁོར་ཐུབ་པའི་ཆེད་དུ་སྣུམ་སྤྱོད་འཕྲུལ་ཆས་ཤིག་ཀྱང་བཟོས་པ་རེད། དེ་ལྟར་ཁོང་གཉིས་ཀྱིས་མིང་ལ་ ཕེ་ལའི་ཡར་(Flyer བོད་སྐད་དུ། འཕུར་བྱེད་དམ་འཕུར་མཁན་ཟེར།)ཞེས་པའི་གནམ་གྲུ་ཞིག་བཟོ་ཐུབ་པ་བྱུང་བ་རེད།
           ༡༩༠༣ ལོའི་ཟླ་ ༡༢ པར་ཁོང་གཉིས་ཀྱི་གནམ་གྲུ་དེ་ ཀི་ཊིའི་ ཧག་ ལ་འཁྱེར་ཏེ་དེར་ཕི་ཊི་ ༦༠ (མི་ཊར་༡༨)ཅན་གྱི་ལམ་ཞིག་བཟོས་པ་མ་ཟད། དེའི་ཐོག་འཁོར་ལོ་ཅན་གྱི་སྡིངས་ཆ་
ཞིག་ཀྱང་གསར་བསྐྲུན་བྱས་ཏེ་གནམ་གྲུ་དེའི་ཐོག་བསྒྲིགས་མཐར། ཨོར་ཝི་ལིས་ གནམ་གྲུའི་གཤོག་
པ་འོག་མའི་ཐོག་ནར་སྟབས་སུ་བསྡད་དེ། འབུད་འདེད་སྒྲོ་གཤོག་གྱི་འུར་སྒྲའི་ཁྲོད་དུ་མཐོ་ཚད་ཕི་ཊི་བཅུའི་(མི་ཊར་ ༣ )མཁའ་དབྱིངས་སུ་འཕུར་བ་རེད། དེ་ནི་རང་གི་འགུལ་ཤུགས་འོག་ཐེངས་དང་པོར་མཁའ་དབྱིངས་སུ་འཕུར་བའི་གནམ་གྲུ་ཐོག་མ་དེ་ཡིན་པ་མ་ཟད། འགྲོ་བ་མིའི་རྨི་ལམ་དོན་དངོས་སུ་འགྱུར་བ་ཞིག་ཀྱང་རེད། ད་ཆ་མི་ཚོས་ཐད་འཕུར་གནམ་གྲུ་དང༌། འགྲུལ་སྐྱེལ་གནམ་གྲུ། དམག་སྤྱོད་གནམ་གྲུ་སོགས་གཅིག་ལས་གཅིག་ལེགས་པའི་གནམ་གྲུ་སྣ་ཚོགས་བཟོ་ཐུབ་ཡོད་ཀྱང༌། ངའི་སེམས་ནང༌། གནམ་གྲུ་ཡག་ཤོས་དེ་ནི་ད་དུང་ཡང་ང་ཚོ་བྱ་དང་བྱིའུ་རྣམས་ཡིན་བསམ་གྱི་འདུག རྒྱུ་མཚན་ནི་ང་ཚོ་གང་དུ་འཕུར་འདོད་ནའང་འཕུར་ཆོག་ཅིང༌། གང་དུ་འབབ་འདོད་ནའང་བབས་ཆོག་པ་ལས་ཁྱེད་ཚོ་མིས་བཟོས་པའི་གནམ་གྲུ་ནང་བཞིན་རྙོག་གྲ་གང་ཡང་མེད་པས་རེད། དེར་བརྟེན་ཧམ་པ་ཆེན་པོའི་ཐོག་ནས་བཤད་ན། ཁྱེད་ཚོའི་སྤོ་ལགས་ཀྱི་སྤོ་ལགས་ཚོའི་རྨི་ལམ་ནང་གི་གཤོག་པ་དེ་ད་དུང་ཡང་ཡོངས་སུ་བསྒྲུབ་ཐུབ་མེད་པས། ཁྱེད་ཚོ་དངོས་གནས་ང་ཚོ་ཁྲུང་ཁྲུང་ལྟར་འཕུར་འདོད་ཡོད་ན། བསམ་བློ་དེ་སྙིང་ལ་ཉར་ནས་རྨི་ལམ་མུ་མཐུད་ཐོངས་དང༌། ཉིན་གཅིག་ཁྱེད་ཚོས་ང་ཚོ་ནང་བཞིན་འཕུར་ཐུབ་པའི་གསར་གཏོད་ཅིག་བྱེད་ཐུབ་སྲིད༌།། །།

13 comments:

  1. ང་རང་ཆུང་དུས་རྒྱུག་ཆུའི་ཁར་བསྡད་དེ། ཆུ་མོའི་བཞུར་རྒྱུན་ལ་ཅེར་ནས་འདུག་གི་ཡོད། ཅི་ཙམ་གྱིས་མིག་ཧྲིག་གེར་ཅེར་ན་དེ་ཙམ་གྱིས་སོ་སོ་ཆུ་མོའི་ལྡོག་ཕྱོགས་སུ་འགྲོ་གི་ཡོད། དེ་ནི་ངོ་མ་སྐྱིད་པོ་ཞིག་ཡིན། བྱིས་པ་ཆུང་ཆུང་གི་སྒྲུང་གཏམ་བཤད་དུས་བྱེད་སྟངས་འདི་ཚོ་དྲན་ཡོང་གི་འདུག

    ReplyDelete
  2. ༅༅།། མཁྱེན་ལྡན་ལུང་རིགས་རྒྱལ་ལགས་ཕེབས་པར་དགའ་བསུ་ཡོད། སྐུ་ཉིད་ཆུང་དུས་ཀྱི་ཉམས་མྱོང་དེ་ག་རང་ང་ལའང་བྱུང་མྱོང། ངའི་པཱ་ལགས་ཀྱི་རྟའི་རྒྱབ་ལ་བཞོན་དུས་དང། ཐེར་ཀའི་ནང་བསྡད་དེ་མགྱོགས་པོ་འགྲོ་དུས། ལམ་འགྲམ་གྱི་ཤིང་སྡོང་རྣམས་ལྡོག་ཕྱོགས་སུ་འགྲོ་བར་སྣང་བ་དེ་མཚར་ཉམས་ཆེ་བ་ཞིག་རེད། ད་དུང་མཚན་འགྲུལ་བྱེད་དུས། རང་ཉིད་གང་དུ་སོང་ཡང་ཟླ་བས་བལྟས་བསྡད་པ་འདྲ་བོ་མཐོང་གི་རེད། ངའི་པཱ་ལགས་ཀྱིས་དགོང་མོ་ང་ཚོར་སྒྲུང་མང་པོ་གསུངས་མྱོང་། དེ་ནི་ངས་རང་ཉིད་རྩོམ་རིག་གི་ལམ་བུར་ཞུགས་ཐུབ་པའི་རྩ་བའི་འགུལ་ཤུགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཇི་ལྟར་རང་ཅག་གི་ཕ་མས་འགན་འཁྱེར་ཏེ་ང་ཚོ་བོད་མི་ཞིག་ཏུ་གསོ་སྐྱོང་མཛད་པ་བཞིན། ང་ཚོའི་མི་རབས་རྗེས་མ་ཚོར་ཡང་ང་ཚོས་འགན་འཁྱེར་ཏེ། ཁོང་ཚོ་བོད་མི་ཞིག་ཏུ་གསོ་སྐྱོང་ཐུབ་པའི་རྒྱུ་ཆ་སྔར་ཡོད་ལེགས་སྒྲིག་དང་སྔར་མེད་གསར་གཏོད་དམ་ནང་འདྲེན༌བྱེད་དགོས།

    ReplyDelete
  3. ཡག་པོ་བྲིས་གནང་འདུག་ ཐུགས་རྗེ་ཆེ།

    ར་ས་ཕོ་ཉས།

    ReplyDelete
  4. ར་ས་ཕོ་ཉ་ལེགས་ཀྱིས་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ། འདིར་ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས། སྐུ་ཉིད་ཀྱི་ཟིན་བྲིས་དེ་ཚོ་ཡང་ཕྲན་པས་ཁོམ་པ་ཡོད་དུས་ཀློག་གི་ཡོད།

    ReplyDelete
  5. ཟླ་བའི་སྐོར་བཤད་ན་འདི་འདྲ་རེད། ང་ཚོ་ཆུང་ཆུང་ཡིན་དུས་ཉི་མ་ལ་མཚར་མ་མྱོང་། ཡིན་ཡང་། ཟླ་བ་ཁོ་ཁྱད་མཚར་ཞིག་ལ་མཐོང་གི་ཡོད། ཁྱོད་ཀྱིས་བཤད་པ་བཞིན་ཟླ་བས་ག་དུས་ཡིན་ནའང་བལྟས་བསྡད་པ་ཞིག་ཚོར་གི་ཡོད། དེ་ནས་ང་ཚོ་དྲན་སྣང་གཅིག་པའི་་བྱིས་པ་ཚོ་ཁང་རྩེག་གི་ཟུར་སྣེ་གཡོན་ལ་རྒྱུག་སྟེ་བལྟས་ན་ཟླ་བ་མཐོང་སྟངས་ཤིག་ཡོད་པ་རེད། དེ་ནས་ཁང་རྩེག་གི་གཡས་ཕྱོགས་ཟུར་སྣེ་ནས་བལྟས་ན་ཡང་ཟླ་བ་མཐོང་སྟངས་ཤིག་ཡོད་པ་རེད། ང་ཚོས་ཟླ་བ་གཅིག་མིན་པར། ཟླ་བ་གཉིས་ཡོད་པའི་ལྟ་ཚུལ་ཡང་འདོན་གི་ཡོད། བྱིས་པ་ནི་བྱིས་པ་རང་རེད། ཡིན་ཡང་། བྱིས་པའི་འཚོལ་སྙེག་འདི་འདྲ་ཞིག་མི་དར་མ་ལ་ཡོད་ཁག་པོ་རེད་འདོད།

    ReplyDelete
  6. ད་སྐབས་ངས་བུ་ཆུང་གི་མཚར་སྣང་རིགས་ལ་བརྟག་བསྡད་ཡོད། མགྱོགས་པོ་ཞེ་དྲག་འདུག ཁ་སང་ཁོས་ང་ལ་མགོ་སྐོར་བཏང་སོང་། ལག་པ་གཉིས་ཀྱིས་ངོ་གདོང་བཀབ་སྟེ་ངུ་སྐད་ལྷུང་ལྷུང་བ་རེ་འདོན་གི་འདུག སྙིང་རྗེ་བ་ལའང་སྙམ་སྟེ་ཡར་པང་ལ་བཀྱགས་པ་ན་ཁོས་འཛུམ་བསྟན་སོང་། ལོ་གཅིག་དང་ཕྱེད་ཀ་ཙམ་ནས་འདི་འདྲ་རེད།

    ReplyDelete
  7. འདི་ལྟར་བཤད་ཡོང་དུས་ངས་ངའི་བྱིས་དུས་རྣམས་ཡིད་ལ་དྲན་ཡོང་། ད་དུང་ཨ་མས་གནམ་གྱི་ཉི་ཟླ་སྐར་གསུམ་གྱི་སྐོར་གསུངས་པ་དེ་དག་དྲན་ཡོང་དུས་ངོ་མ་ངའི་སྣ་རྩ་ནས་ཚོར་སྣང་ཡ་མཚན་རེ་སྐྱེ་ཡོང་གི། རྗེས་སུ་ཕ་མེས་ཀྱི་གཏམ་རྒྱུད་འདྲིས་པའི་རྩོམ་རིག་འགའ་འབྲི་ཐུབ་ན་བཟང་། ཐུགས་རྗེ་ཆེ།

    ReplyDelete
  8. ལུང་རིགས་ལགས། རྩོམ་པ་པོ་སྤྱི་དང་ལྷག་པར་བྱིས་རྩོམ་འབྲི་མཁན་ཚོས་རང་རེའི་བྱིས་པའི་དུས་ཀྱི་འཆར་སྣང་དང་རང་ཅག་གི་བྱིས་པ་ཚོའི་བསམ་སྤྱོད་ལ་བརྟག་ཞིབ་རྒྱུས་ལོན་གནང་དགོས་པ་དེ་ཧ་ཅང་གིས་གནད་འགག་ཆེན་པོ་རེད་འདུག ད་ཕན་བོད་ཡིག་དཔེ་དེབ་གང་ཙམ་གྱིས་མང་པོ་ཐོན་ཡོད་ཀྱང་བྱིས་པར་འཚམ་པ་ཉུང་ཉུང་རེད། གནད་དོན་དེ་སྐུ་ཉིད་ཀྱི་ཕྲུ་གུ་ལོ་ལྔ་དྲུག་ལ་སོན་སྐབས་ཐུགས་སྣང་ཡོང་གི་རེད། བྱིས་རྩོམ་ཡིན་ཞེས་བཏོན་པ་ཕལ་མོ་ཆེ། དོན་ངོ་མའི་བྱིས་རྩོམ་ཆགས་མི་འདུག ད་ཕན་བཏོན་པའི་བྱིས་རྩོམ་ཕལ་མོ་ཆེ་ཡིག་གཟུགས་དབུ་མེད་དང་རི་མོས་བརྒྱན་པ། དབུས་ཀྱི་ཁ་སྐད་དུ་བྲིས་པ་ཤས་ཆེ་བ་རེད། འོན་ཀྱང་བྱིས་རྩོམ་གྱི་རྩ་བའི་གནད་འགག་ཚང་བ་ཧ་ཅང་ཉུང་ཉུང་རེད། གནད་འགག་དེ་ནི། རང་རེ་མི་རྒན་ཚོར་མེད་ལ་བྱིས་པ་ཚོར་ཡོད་པའི་འཆར་སྣང་ཁྱད་མཚར་དེ་རེད། ཁོང་ཚོར་བྱིའུས་སྐད་ཆ་ཤོད་པ་དང་། རྩེད་ཆས་ཀྱིས་སྤྲུལ་པ་སྟོན་ཐུབ་པ། དེ་མིན་རྨི་ལམ་དང་སྤྲུལ་པ་སོགས་རང་ཅག་མི་རྒན་གྱིས་ཆོ་མེད་དུ་བརྩི་བ་རྣམས་དགོས་ཀྱི་འདུག བཙན་བྱོལ་ནང་བོད་ཡིག་བརྩམས་སྒྲུང་གི་གནས་བབས་དང་ཡར་རྒྱས་གཏོང་ཕྱོགས་༼http://chungtse.blogspot.com/2010/05/blog-post_12.html༽ཞེས་པའི་དཔྱད་རྩོམ་གྱི་མཇུག་ཏུ་ངས་དེའི་སྐོར་རང་གི་མྱོང་བ་དང་སྦྱར་ཏེ་གླེང་སློང་བྱས་ཡོད།

    ReplyDelete
  9. zangzaringtsun(སྐུ་ཉིད་ཀྱི་མཚན་བོད་ཡིག་ནང་འབྲི་སྟངས་ཤེས་མ་སོང་)ཕེབས་པར་ དགའ་བསུ་ཡོད། ཕ་མེས་ཀྱི་གནའ་གཏམ་འདྲེས་པའི་གཏམ་རྒྱུད་འབྲི་རྒྱུ་དེ་གལ་ཆེན་རེད། ད་ཐེངས་འདིར་བཀོད་པ་དེ་དབྱིན་ཡིག་གི་བྱིས་རྩོམ་ཞིག་བོད་ཡིག་ཏུ་ཁ་སྒྱུར་ཏེ་བྲིས་པ་ཞིག་ཡིན། རྩོམ་འདི་དང་རྗེས་སུ་སྤེལ་རྒྱུའི་གསར་བཏོད་དང་གསར་གཏོད་པའི་སྐོར་གྱི་རྩོམ་མང་པོ་ཞིག་གི་ནང་དོན་ཕལ་མོ་ཆེ་དབྱིན་ཡིག་ནས་བསྒྱུར་བ་ཡིན། འོན་ཀྱང་བོད་ཡིག་གི་ཀློག་པ་པོ་ཚོར་གོ་བདེ་པོ་ཡོང་ཆེད། འབྲི་སྟངས་དང་ནང་དོན་ཕྲན་བུ་བསྒྱུར་ཡོད། དཔེར་ན། རྩོམ་འདིའི་ནང་གི་ཁྲུང་ཁྲུང་དེ། མ་རྩོམ་ནང་ཕྱི་རྒྱལ་དུ་ཡོད་ལ་རང་རེར་མེད་པའི་བྱ་ཞིག་རེད། ངས་དེ་ཁྲུང་ཁྲུང་དུ་བཅོས་ཏེ། དམངས་གཞས། ལི་ཐང་བསྐོར་ནས་ལོག་ཡོང་ཞེས་པ་དེ་ཁ་སྣོན་བྱས་པ་ཡིན།།

    མ་རྩོམ་དང་ཕྲན་བུའི་མི་མཐུན་པ་ཡོད་པར་བརྟེན་ངས་འདི་ལ་བསྒྱུར་བ་ཡིན་ཞེས་བྲིས་མེད། རྩོམ་སྒྱུར་བྱས་ཞེས་བྲིས་ཡོད།

    ReplyDelete
  10. ངས་ཀྱང་ཁྱོད་ནང་བཞིན་གྱི་ཟིན་བྲིས་ཤིག་བཟོས་ནས་རྩོམ་ཡིག་སྤེལ་འདོད་ན་ཡང་ཟིན་བྲིས་བཟོ་ཤེས་མ་སོང་། ཁྱེད་རྣམ་པས་ང་ལ་ཟིན་བྲིས་བཟོ་ཚུལ་ཞིག་གསུངས་གནང་རོགས།

    ReplyDelete
  11. ད་ལྟ་ཕྲན་གྱིས་གཉེར་བཞིན་པའི་ཟིན་བྲིས་འདིའི་རིགས་བཟོ་བདེ་པོ་རེད། རིན་མེད་རེད། དེ་ཡང་དང་པོ་ https://www.blogger.com ལ་སོང་། དེ་ནས་དྲྭ་ངོས་སུ་ Create a blog ཞེས་པ་ཞིག་ཤར་ཡོད་ངེས་རེད། དེ་མནན་ཏེ་འགེངས་ཤོག་ཁག་བརྒྱངས་ཚར་ན་ཚར་པ་རེད། རྒྱབ་ལྗོངས་སོགས་ནི་རང་འདོད་བཞིན་བདམ་ཆོག་གི་རེད། ཞིབ་ཕྲའི་བཟོ་སྟངས་སྐོར་གྱི་གློག་བརྙན་ཡང་འདུག འདི་ལ་གཟིགས་དང་། http://www.youtube.com/watch?v=BnploFsS_tY

    དེ་མིན་འགྲེལ་བཤད་སྙིང་བསྡུས་ཤིག་དབྱིན་ཡིག་ནང་འདུག་པ་འདི་ལ་གཟིགས་དང་། https://www.blogger.com/tour_start.g

    སྤྱིར་བཏང་། gmail གྱི་གློག་འཕྲིན་ཁ་བྱང་ཡོད་ན། ཟིན་བྲིས་འདི་བཟོ་བདེ་པོ་རེད། གློག་འཕྲིན་ཁ་བྱང་གི་མིང་བྱང་དང་གསང་ཚིག་རྣམས་བཀོད་ན། ཟིན་བྲིས་གསར་བཟོའི་དོ་ར་སོགས་ལ་ལམ་སང་འཇུག་ཐུབ། དེར་བརྟེན་ gmail གྱི་གློག་འཕྲིན་ཁ་བྱང་བཟོས་མེད་ཚེ། སྔོན་ལ་དེ་བཟོས་ན་ལེགས་པ་ཡོད།

    ReplyDelete
  12. ང་ནི་ཁྱེད་ཀྱི་དྲྭ་མཛོད་ནང་ཉུལ་བ་ཉིན་མང་པོ་ཞིག་མིན། ངས་ཁྱེད་ཀྱི་རྩོམ་ཡིག་རྣམས་རེ་རེ་བཞིན་དུས་ཚོད་ཡོད་དུས་ཀློག་བཞིན་ཡོད།

    ReplyDelete
  13. ཚེ་མགོན་ལགས། ཐུགས་རྗེ་ཆེ། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete