2010-06-01

གངས་དཀར་སེམས་ཀྱི་གླུ།

ཁྱེད་དང་ངེད་གཉིས་འཕྲད་པ་ནས། །ང་ཡི་སྙིང་ཁ་སྟོང་ལྷང་ལྷང་།།
ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་རྣམས། །དབང་མེད་འཐེན་པའི་རྐྱེན་མིན་ནམ།།

ཁྱེད་ཀྱི་སྤྲོ་བའི་འཛུམ་མདངས་རེར།། ང་ཡི་དགའ་བའི་དགོད་གཏམ་རེ།།
ཁྱེད་ཀྱི་སྐྱོ་བའི་མིག་མདངས་རེས། ། ང་ཡི་སྙིང་ལ་དུག་མདའ་རེ།།

ཁྱེད་ཀྱིས་ཐག་རིང་ཐག་རིང་དུ།། དགའ་བོ་དགའ་བོར་བཞུད་པའི་ཚེ།།
ང་ནི་ཧ་ཅང་ཧ་ཅང་གི ། དྲན་པའི་མིག་ཆུ་མང་པོ་ལྷུང་།།

ཁྱེད་ཀྱིས་ཁུ་སིམ་ཁུ་སིམ་ངང་།། ཐག་རིང་གནས་ནས་ལོག་ཡོང་ཚེ།།
མཛེས་ལྡན་ཁྱེད་ཀྱི་བསུ་རྟེན་དུ།། ང་ཡི་སྙིང་ཚིལ་དར་སྣ་ཕུལ།།

ཀྱེ་ཀྱེ་གསུང་རོགས་བཀའ་མོལ་ཞིག །ཉིན་ལྟར་ཁྱེད་ལ་བསྒུགས་པའི་མཐར།།
ལྐུགས་མ་བཞིན་དུ་བཞུགས་གྱུར་ན། །བདག་ནི་གདུང་བས་སྨྱོ་ལ་ཉེ།།

ཁྱེད་ཀྱིས་ཅི་ཞིག་བསམ་གྱིན་ཡོད། །ཁྱེད་ལ་ཅི་ཞིག་དགོས་པ་ཡིན།།
ནམ་མཁའི་ཉི་ཟླ་གཉིས་པོ་ཡང་། །ཁྱེད་ལ་དགོས་ན་ང་ཡིས་ལེན།།

ཁྱེད་ལ་བདག་གི་ཡོད་ཚད་ཀུན། །གསང་མེད་ཇི་བཞིན་སྨྲས་ནའང་།།
ཁྱེད་ཀྱི་ཡོད་ཚད་བདག་ལ་ནི། །ཅི་འདྲའི་དཀའ་བའི་གབ་ཚིག་ཅིག །

ཁྱེད་ཀྱིས་སྒྱུ་འཕྲུལ་ལྷ་མོ་ལྟར།། ང་ལ་བསླུ་བྲིད་བྱས་འདིས་ཀྱང་།།
ཁྱེད་ཀྱི་འདོད་པ་མ་འཚིམ་པས།། བདག་གི་སྲོག་དབང་འཕྲོག་འདོད་དམ།།

ཁྱེད་ཀྱིས་ངེས་པར་གསོད་བསམ་སྟེ།། ཁྱེད་ཀྱིས་ང་ཡི་མཐོང་ལམ་ན། །
ཁོང་དང་ལྷན་ཅིག་བརྩེ་བ་འདི།། ཆེད་དུ་སྙིང་རླུང་བསློང་མིན་ནམ།།

ཁྱེད་ཀྱིས་ཁོང་དང་ལྷན་ཅིག་ཏུ། །ཟ་ཁང་དག་ཏུ་དགའ་སྤྲོས་མྱུལ།།

ང་ནི་ལག་པས་འགྲམ་སྐྱོར་ནས།། སྐྱོ་གདུང་ཐ་མག་འཐེན་བཞིན་ངུས།།

ཁྱེད་ཉིད་ཁོང་དང་འགྲོགས་ཀྱང་རུང་། །བདག་ལ་བརྙས་བཅོས་བྱས་ཀྱང་ཆོག །
འོན་ཀྱང་བདག་གི་སྙིང་ཁོང་ནས།། ཁྱེད་ལ་དགའ་དེ་མཁྱེན་པར་མཛོད།།

ཁྱེད་ཉིད་བདག་དང་ཇེ་རིང་དུ། །ཇི་ལྟར་གྱུར་ཡང་བདག་གི་ནི།།
སེམས་ཀྱི་མེ་ལོང་ནང་གསལ་བའི།། ཁྱེད་ཀྱི་གཟུགས་བརྙན་ཇེ་གསལ་ཉིད།།

ཉིན་རེ་ཉི་མ་ལ་རྩེ་རུ།། ག་ལེ་ག་ལེར་བཞུད་པའི་སྐབས།།
ངས་ནི་ལག་པར་མགོ་བཞག་ནས།། ཁྱེད་ཉིད་ཡོང་བའི་རྨི་ལམ་བསྒུགས།།

ཞོགས་རེ་ཉི་མ་འཆར་རིམ་བཞིན།། །ང་ཡིས་མིག་ཆུ་འཁྲུས་བཞིན་དུ།།
ནམ་ཞིག་ཁྱེད་ཀྱིས་ཁོང་བསྐྱུར་ནས།། ང་ཡི་པང་དུ་ཕེབས་པར་རེ།།

དུས་ཚོད་དེ་ལྟར་འདས་ན་ཡང་། །ཁྱེད་ཉིད་ཐོབ་འདོད་སྔར་མུས་བཞིན།།
ལང་འཚོ་འདི་ལྟར་ཟད་ན་ཡང་། །ང་ནི་ཁྱོད་ལས་གཞན་མི་སེམས།།

ང་ཡིས་ཁྱེད་ལ་དགའ་བ་བཞིན། །ཁྱེད་ཀྱིས་ཁྱེད་ལའང་དགའ་མིན་ཏེ།།
ང་ཡིས་ཁྱེད་ཉིད་དྲན་པ་བཞིན།། དྲན་མཁན་ནམ་ཡང་སྲིད་མ་ཡིན།།

ཁྱེད་ལ་ང་རང་ཆེས་དགའ་བས། །ང་ནི་ཁྱེད་ཆེད་འཚོ་བ་ལགས།།
གལ་ཏེ་སྲོག་དབང་ཆད་ན་ཡང་། །ང་ཡི་བརྩེ་དུང་ཆད་མི་སྲིད།།

ཁྱེད་ཀྱིས་ཅིས་ཀྱང་མཁྱེན་དགོས་པར། །ཉི་ཟླ་མེད་ལ་སྐར་འོད་ཀྱང་།།

མེད་པའི་གྲང་འཁྱག་མཚན་ཞིག་ལ། །ང་ནི་ཁྱེད་རང་དྲན་བཞིན་དུ།།

ཕྱི་མའི་ལམ་དུ་འགྲོ་སྲིད་པས། དེ་དུས་བརྩེ་བའི་བདག་གི་སྙིང་། །
ཁྱེད་ལ་གཏན་དུ་དགའ་བ་འདི།། ཅོལ་ཆུང་རེད་སྙམ་མ་བསམས་རོགས།། །།

(༡༩༩༤།༢།༡༦ ཉིན་གྱི་མཚན་མོར་བྲིས།)

2 comments:

  1. ཆུང་ཚེ་རིང་ཟེར་བའི་མི་ཁྱོད་ང་ལ་ཆ་རྒྱུས་ཅུང་ཟད་མེད་ལ་ཐ་ན་ཁྱོད་ཉིད་ལན་གཅིག་མཐོང་མྱོང་ཡང་མེད་ཅེས་བརྗོད་ཆོག སྔ་མ་ཞིག་ནས་རྩོམ་པ་དུས་དེབ་སོགས་ལས་བྱ་སྒྲོ་དཀར་པོ་ཟེར་བ་ཞིག་གིས་བྲིས་པའི་རྩོམ་སྒྲུང་དང་སྙན་རྩོམ་ཁག་ཅིག་མཐོང་མྱོང་བྱུང་བས་རྩོམ་རིག་ལ་དུང་ཞེན་ཟབ་པའི་ང་རང་གི་ངོས་ནས་གྲོགས་པོ་ཞིག་གི་འདུ་ཤེས་བཅང་ཞིང་ཤེས་ཡོན་པ་ཞིག་ཏུ་བཀུར་བའི་དད་འདུན་བྱས་པ་ཡིན། ལོ་ཤས་རྗེས་ནས་ས་རཱ་སློབ་གྲྭའི་དགེ་རྒན་ཞིག་གིས་ངོ་སྤྲོད་ལས་བྱ་སྒྲོ་དཀར་པོ་ནི་ཆུང་ཚེ་རིང་ཡིན་པར་ཤེས་ལ་དེ་ཡང་ལ་རྒྱ་དང་ཤེས་འཇོན་ལྡན་པའི་གཞུང་ཞབས་པ་ཞིག་ཡིན་པ་རྟོགས་པས་ཁྱེད་ལ་དད་པའི་བརྩི་བཀུར་ཡང་གྱེན་ནས་གྱེན་དུ་འཕགས་སོང་། ཡུལ་གྲུ་ག་གེ་མོ་ཞིག་ནས་དུས་ཚོད་ཀྱི་ཉི་མ་རིང་པོ་འཁྱོལ་བ་དཀའ་བའི་ནམ་ཟླ་ཞིག་ཏུ་གྲོགས་པོ་ཞིག་གིས་ལེགས་སྐྱེས་སུ་་རླབས་ཆེན་གྱི་བསམ་བློ་བ་ཕུན་དབང་གི་ལོ་རྒྱུས་ཉིད་ཀྱིས་བསྒྱུར་བ་ཞིག་ཀློག་རྒྱུའི་གོ་སྐབས་ཐོབ་པས་ཚིག་དོན་འབྱོར་ལ་བརྗོད་པ་བདེ་བ་མ་ཟད་གོ་སླའི་ཁྱད་ཆོས་ལྡན་པའི་བསྒྱུར་རྩོམ་དེས་སྤྲོ་སེམས་ཆེན་པོས་་ཡང་ནས་ཡང་དུ་ཀློག་རྒྱུའི་སེམས་ཚོར་ནན་མོ་ཞིག་བདག་ལ་སྟེར། ཉིན་དེ་ནས་ངས་ཁྱེད་ལ་བརྗོད་འདོད་པའི་སྐད་ཆ་ཤིན་ཏུ་མང་བ་དེ་དག་མདོར་བསྡུས་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཁོ་ན་ལ་འདུས་དེའི་ཕྱིར་ཐུགས་རྗེ་ཆེ། ཁྱེད་དང་ཁྱེད་ཀྱི་རྩོམ་རིག་ནམ་ཡང་རྒྱལ་གྱུར་ཅིག །།

    ReplyDelete
  2. མཚན་མི་གསལ་བའི་ཀློག་པ་པོ་ཁྱེད་ཀྱིས་ཕྲན་གྱི་རྩོམ་ཡིག་ལ་ཐུགས་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། རྩོམ་རིག་གི་ཆ་ནས་བཤད་ན། ང་རང་གཞུང་ཞབས་ནང་མ་འཛུལ་བར་རང་དབང་གི་ཐོག་ནས་རྩོམ་བྲིས་བསྡད་ན། རྩོམ་སྤྱི་དང་བྱེ་བྲག་བརྩམས་སྒྲུང་གི་ཐད་ལག་རྗེས་ཕྲན་བུ་འཇོག་ཐུབ་རེ་ཡོད། ཡིན་ནའང་། ངས་གཞུང་ཞབས་ཀྱི་ལམ་དུ་སོང་ནས་ཞར་དང་ཞོར་དུ་རྩོམ་ཐར་ཐོར་འབྲི་ཁུལ་བྱེད་བཞིན་ཡོད། ང་རང་ད་ལྟའང་སོ་སོས་བདམས་པའི་ལམ་དེ་འགྲིག་ཡོད་མེད་སོམ་ཉིའི་ནང་དུ་ལྷུང་།

    ReplyDelete