2010-06-08

གཙང་མཆོག་བུ་ཁྲིད་དང༌། འབྲོང་རྩེ་སྡེ་པའི་སྐུ་ཞབས།

དང་པོ། གཙང་མཆོག་བུ་ཁྲིད།
༄༅། །འཛམ་བུ་གླིང་གི་གཙུག་གཏོར། །གངས་ཅན་བོད་ཀྱི་ཡུལ་དུ། །སྟོད་ལ་མངའ་རིས་སྐོར་གསུམ། །རྫིང་ཆེན་ཆུ་ཡིས་ཁེངས་འདྲ། བར་དུ་དབུས་གཙང་རུ་བཞི། །ཆུ་ཆེན་ཡུར་བུས་འདྲེན་འདྲ། །སྨད་དུ་མདོ་ཁམས་སྒང་དྲུག །ཞིང་ཆེན་འབྲས་བུས་གཏམས་འདྲ། །དེ་འདྲའི་ཡུལ་ལུང་ཆེན་པོའི། །ནོར་འཛིན་ཡངས་པའི་ཁྱོན་ལ། །ལུགས་གཉིས་ཆབ་རྒྱུན་སྲིད་རིང༌། །རྒྱས་མཛད་དགའ་ལྡན་ཕོ་བྲང༌། །མངའ་ཐང་རྒྱས་པའི་དུས་ན། །གཙང་གི་རྒྱལ་རྩེ་རྫོང་ཞེས། །དཔའ་བོ་རྣམ་པར་རྩེ་ས། །ཆོས་པ་ཉམས་བོགས་ཐོན་ས། །ཚོང་པ་འབྱོར་བ་རྒྱས་ས། །གཞོན་ནུ་ལག་ཤེས་སྦྱོང་ས། །ཨིའི་(གཙང་སྐད་དེ། ཆང་ལ་ཟེར་)དང་ཨི་པག་ཞིམ་ས། །ཀུན་གྱིས་མཐེ་བོང་བསྒྲེངས་ཡུལ། །གྲོང་ཁྱེར་ཆུང་ངུ་ཡོད་དོ། །དེ་ནས་ལྷོ་རུ་སོང་ན། །མིག་རྒྱང་གང་གི་ས་རུ། །ཡོས་སོགས་བརྔོ་བའི་ལས་དོན། །གཉེར་ཕྱིར་རྔོས་ཚང་གདོང་ཞེས། །ཐོགས་པའི་དུད་ཆུང་ཞིག་ལ། ཁྱོ་གཅིག་ཟླ་བ་བཟང་པོ། །སྨན་ལ་ཡེ་ཤེས་མཚོ་མོ། །ཚུལ་མཐུན་བཟའ་ཚོ་གཉིས་ཡོད། །ལས་ལ་གཙང་བཙོག་མེད་པ། །རྣལ་འབྱོར་བ་ལ་འགྲན་འདྲ། །ཟས་ལ་ཞིམ་ལོས་མི་ལྟ། །མུ་ཏོ་བ་ལ་འཕྱ་འདྲ། །གོས་ལ་བཟང་ངན་མེད་པ། །བདེན་མཐོང་བཙུན་པའི་ངང་ཚུལ། །ནོར་གཞན་བཙལ་ཡང་མེད་རུང༌། །གཅིག་ཡོད་ཡ་རབས་ཚུལ་ལྡན། །དེ་གཉིས་ཐབས་ཤེས་ཟུང་གི །དགའ་སྐྱིད་ལྗོན་པའི་རྩེ་ལས། །འབྲས་བཟང་བུ་མོ་བལྟམས་པར། །བཀྲ་ཤིས་ཕྱེ་མར་དང་བཅས། །གཙང་མཆོག་བུ་ཁྲིད་ཅེས་པའི། །མིང་གིས་ཤིས་པར་བྱས་སོ། །

སྙན་སྙན་མིང་ནས་བོས་ཤིང༌། །དུང་དུང་ཡིད་ཀྱིས་བཟུང་སྟེ། །གཙང་མཆོག་བུ་ཁྲིད་མེ་ཏོག །ཕ་མའི་ཕྱག་གིས་གསོས་སོ། །ངུས་ན་རང་སྙིང་གས་འདྲ། །བགད་ན་ནོར་བུ་བརྙེད་འདྲ། །གང་ཞིམ་ལྷ་ལ་འབུལ་འབུལ། །གང་འཇམ་ལྷ་མོར་གཡོགས་གཡོགས། །ཕ་མས་གཅེས་པར་བསྐྱངས་པས། །བུ་མོ་གེགས་མེད་འཚར་བྱུང༌། །གོག་འགྲོས་འབུ་ཡི་ངང་ཚུལ། །གོམ་འཁྱོར་ར་རོའི་ཚུལ་འཛིན། །བཟང་རིལ་ཌ་རུ་དཀྲོལ་འདྲ། །ཨ་གུང་འཇོལ་མོའི་སྐད་སྙན། །བུ་མོའི་འཚར་སྐྱེད་བྱ་སྤྱོད། །ཕ་མའི་ཡིད་ལ་སིམ་པས། །རིང་པོའི་ལོ་ངོ་ལྔ་ཡང༌། །ཐུང་ངུའི་ཟླ་ལྔར་སྣང་ངོ༌། །དེ་ལྟ་དེ་ལྟའི་ངང་ནས། །བདེ་སྐྱིད་འཚོ་བར་རོལ་མུར། །གློ་བུར་བར་ཆད་ནད་ཀྱིས། །ཕ་རྒན་ལུས་པོ་བཟུང་བས། །རིམས་དང་སྨན་བཅོས་ལ་སོགས། །གང་བརྙེད་གང་ཐུབ་བསྒྲུབས་རུང༌། །འཆི་བདག་གཤིན་རྗེའི་བཙན་བཀའ། །བཟློག་པའི་ནུས་པ་མ་བྱུང༌། །

      དགྲ་ཅན་གདུག་རྩུབ་ཅན་གྱིས། །ཟླ་བ་མུག་ཟོས་བྱས་སོང༌། །ཤུལ་ལུས་མ་བུའི་ལམ་ཁར། །མུན་པ་ཅི་འདྲའི་གནག་ཨང༌། །དྲིན་ཅན་ཉི་མ་དྲོ་པོ། ཁ་གནག་སྤྲིན་པས་བསྒྲིབས་སོང༌། །མ་བུའི་ལུས་སེམས་གཉིས་ལ། །གྲང་རླུང་ཧ་ཅང་སྡང་ཨང༌། །དྲོ་སྐྱིད་ལྡན་པའི་ཁྱིམ་ཚང༌། །ད་ཆ་སྙིང་མེད་ཁང་སྟོང༌། །སྣུམ་ཞག་ཅན་གྱི་ཁྱིམ་ཚང༌། །ད་ཆ་ཐལ་རྡུལ་འཚུབ་འཚུབ། །མ་སྨད་སེམས་པའི་རྡོ་ཡང༌། །གདུང་བའི་འཁྱག་གིས་གས་སོ།།
༈ མ་གཅིག་ཡེ་ཤེས་མཚོ་མོ། །དར་ཅིག་གདུང་བས་མནར་ཞིང༌། །སྙིང་མེད་འཁོར་བའི་ཆོས་ལ། །ཞེན་པ་གཏིང་ནས་ལོག་ཀྱང༌། །བུ་མོ་གཙང་མཆོག་བུ་འཁྲིད། །མཐོང་བས་ལྷ་ཆོས་བསྐྱུར་ཏེ། །ཉིན་མོ་འུ་ལག་རྒྱུག་ཅིང༌། །སྔ་དགོང་བལ་ལས་བྱས་ཏེ། ཁོག་པའི་སྙིང་དང་འདྲ་བའི། །བུ་མོ་གཅེས་པར་བསྐྱངས་སོ། །བུ་མོ་ལོ་ན་ཆུང་ཡང༌། །རྣམ་རིག་ཧ་ཅང་སྐྱེན་པས། །དྲིན་ཅན་ཨ་མའི་ལག་ཤེས། །སྦྱོང་བའི་རིམ་པར་བརྩོན་ནོ། །ལོ་ཡི་སྡོང་པོའི་མཉམ་དུ། །ལག་ཤེས་ལོ་འདབ་རྒྱས་བྱུང༌། །བཅུ་དྲུག་འདབ་མའི་དབར་ན། །ནུ་མའི་འབྲས་བུ་སྨིན་ཞིང༌། ཁ་སྒོ་མཚར་བའི་མེ་ཏོག །ཀུན་གྱིས་སྨོན་པའི་ཡུལ་ཉིད། །དཀར་པོ་འོ་མས་མ་བཀྲུས། །ཞལ་རས་དཀར་གསལ་ཟླ་བ། །སྨྱུག་མའི་ཚིགས་ལ་མ་བལྟས། །སྐུ་གཟུགས་མདའ་ལས་འདྲོང་བ། །ཕོ་བརྒྱ་སེམས་པ་ཤོར་ས། །མོ་བརྒྱ་སྙིང་རླུང་ལངས་ས། །སྡོམ་གཙང་དགེ་སློང་རྣམས་ཀྱང༌། །འགྲོ་ཞོར་ཁ་སུག་ལོག་ས། །ཨ་ཧོ༑གཙང་མཆོག་བུ་འཁྲིད། །ལང་འཚོ་རྨད་དུ་བྱུང་བ། །ཤིང་ལ་འབྲས་བུ་ཡོད་ན། །འཛེགས་མཁན་གང་ལས་མང་ཞིང༌། །ནང་ལ་ནོར་བུ་ཡོད་ན། །རྐུན་མ་ཅི་བས་སྡང་སྟབས། །གཙང་མཆོག་བུ་ཁྲིད་ཁ་འབྲས། །སྟེང་གི་ལྷ་ལས་མཚར་ཐོག །གཙང་གི་ཕོ་གཞོན་རྣམ་པ། །ཆང་དང་མོ་དད་ཆེ་བས། །མ་གཅིག་ཡེ་ཤེས་མཚོ་མོ། །བློ་ཡིད་བདེ་བའི་སྐབས་མེད། །རྒྱུན་དུ་ཁྱིམ་ལ་བུ་མོ། །བཞག་སྟེ་སྒོ་ལ་སྒོ་ལྕགས། །རིམ་པ་གསུམ་ཙམ་རྒྱག་ཅིང༌། ཁྱིམ་གྱི་གོང་ལའི་ཐོག་ལ། །མཚེར་མའི་ར་བས་བསྐོར་ཏོ། །ཡོད་ན་ལུས་པོ་དགྲར་ལངས། །མཛེས་པོ་བྱུར་གྱི་སྣ་འདྲེན། །མེད་ན་ལྟ་མཁན་མེད་པ། །རྣམ་པ་སེམས་ཀྱི་ཞགས་པ། །

གཉིས་པ། འབྲོང་རྩེ་སྡེ་པའི་སྐུ་ཞབས་དགྲ་འདུལ།
༈ “དུད་པ་སྐྱ་དུད་འཕྱུར་འཕྱུར། །ལྷ་བསང་དུད་པ་མ་རེད། །གཙང་སྨད་འབྲོང་རྩེ་སྡེ་པའི། །ཞོགས་ཇ་བསྐོལ་བའི་དུད་རེད། །གཞན་གྱི་སྙིང་ཁ་འཇིགས་བྱེད། །འབྲི་སེར་འབྲོང་རྭ་མ་རེད། །འབྲོང་རྩེ་སྡེ་པའི་སྲས་གཅིག དགྲ་འདུལ་རལ་གྲི་ལགས་སོ། །”ཞེས་པའི་གླུ་དབྱངས་སྙན་མོ། །ཕྱི་ཡི་ཞིང་ཁའི་ནང་ནས། །གཟིམ་ཤག་ནང་དུ་གྲགས་པས། །འབྲོང་རྩེའི་ཡབ་ཆེན་དགྱེས་ཏེ། །སྨྲ་རར་བྱིལ་བྱིལ་བྱས་ཤིང༌། །ད་ནངས་བོད་ཀྱི་རྒྱལ་ས། །ལྷ་སའི་ཕྱོགས་ནས་འབྱོར་བའི། །བཀའ་རྒྱ་སེར་པོར་བལྟ་ཞོར། །སེམས་ལ་འདི་ལྟར་འཆར་རོ། །རང་ལ་བུ་མོ་གཅིག་ལས། །རིགས་མྱུག་བུ་གཅིག་མེད་པས། །ཕ་ཤུལ་འཛིན་མཁན་མེད་པའི། །སེམས་ཁྲལ་གངས་ཀྱིས་གནོན་སྐབས། །དགྲ་འདུལ་ཉི་མ་སེར་པོ། །ལམ་ནས་གསར་བརྙེད་བྱུང་བས། །མཆོག་གསུམ་དྲིན་དུ་སེམས་ནས། །རང་ཕྲུག་གཉིས་མེད་བསྐྱངས་སོ། །ད་ཆ་སྔར་ལམ་གཞི་བཟུང༌། །དགྲ་འདུལ་ཞབས་སྡོད་ཞུས་པར། །གཞུང་ས་ཆེན་པོའི་བཀའ་ཡིས། །རྫོང་དཔོན་གསར་པར་བསྐོས་བྱུང༌། །དཔོན་གྱི་ལས་ཁུར་སྤ་ལྕོག །དབུ་ལ་རྒྱན་དང་ལྷན་གཅིག །གཉེན་སྒྲིག་མེ་ཏོག་རྒྱན་ཆ། །འགུལ་དུ་འདོགས་རྒྱུ་བྱུང་ན། །བཀྲ་ཤིས་ཉིས་བརྩེགས་ཡིན་སྙམ། །སྔོན་ནས་གྲ་སྒྲིག་ཡོད་པའི། །རང་ཕྲུག་སྲས་མོ་ལྷ་མཛེས། །དགྲ་འདུལ་འདུན་མར་བསྡེབས་པའི། །གཉེན་སྒྲིག་ལས་ལ་བྲེལ་ལོ། །དགྲ་འདུལ་སེམས་ཀྱི་ས་གཞིར། །མོས་མཐུན་མེ་ཏོག་མེད་ཀྱང༌། །དྲིན་ཅན་ཕ་མའི་དྲིན་བསམ། ཁས་ལེན་བཅོས་མའི་འདབ་སྟོང༌། །འཛུམ་པའི་ཁུལ་ཞིག་བྱས་སོ། །

ཇ་ཆང་རྒྱ་མཚོ་བསྐྱིལ་བསྐྱིལ། །ཟས་སྣ་རི་བོ་བརྩིགས་བརྩིགས། །ཞབས་གཞས་གཡག་གུ་རྩེ་རྩེ། །གཟབ་འཆོར་ཟློས་གར་འཁྲབ་འཁྲབ། །དེ་ལྟ་དེ་འདྲའི་ངང་ནས། །།གཉེན་སྒྲིག་དགའ་སྟོན་ཡར་ཆབ། །ཉིན་མཚན་བདུན་དུ་བཤམས་རྗེས། །དགྲ་འདུལ་ལྕམ་ཆུང་ལྷ་མཛེས། །བཞག་ནས་རྒྱལ་རྩེར་ཆས་སོ།། །།

གསུམ། ལས་དབང་གི་ཐུག་འཕྲད།
༈ སྔོ་ཞིང་དང་པའི་གནམ་འོག །རྒྱལ་རྩེ་དཔལ་འཁོར་མཆོད་རྟེན། །སྔོན་པོའི་མཚོ་ཡི་གཏིང་གི །དུང་དཀར་གཡས་འཁྱིལ་འདྲ་བ། །དེ་ལ་ཕྱག་བསྐོར་བྱེད་མཁན། །ཉ་མོའི་ཁྱུ་ཚོགས་འདྲ་བྱུང༌། །གློ་བུར་རྟ་ཡི་རྨིག་སྒྲས། །ཉ་མོ་འཁྱུག་མཚམས་བཞག་སོང༌། །ཚང་མས་ཕར་ལ་བལྟ་སྐབས། །ནུབ་ཀྱི་ཕྱོགས་ནས་རྒྱལ་རྩེར། །ལམ་ཆེན་རྐྱང་ཐག་གཏིང་འདྲ། །རྟ་རྨིག་ཐལ་བ་འཚུབ་འཚུབ། །གཡེར་ཁ་སི་སི་ལིང་ལིང༌། །ལང་ཤང་ལིང་ཤང་སྒྲ་ཡིས། །བུ་འཁྲིད་སེམས་པ་དཀྲུག་པས། །སྒེའུ་ཁུང་ཕྱེད་ཙམ་ཕྱེ་ནས། །གང་ཡིན་ཕྱི་ལ་བལྟ་ཐལ། །བརྗིད་རྔམ་རི་ལས་ཆེ་འདྲའི། །རྟ་པ་ཉི་ཤུའི་ཁྲོད་དུ། །པགས་པ་རྒྱན་བཞིའི་ཕྱུ་པ། །ཡལ་ག་གསེར་གྱི་སོག་བྱིལ། །མེ་ཏོག་དཀར་པོའི་གདོང་པ། །ཟེའུ་འབྲུ་སྨེ་བས་བརྒྱན་པའི། །ཕོ་གཞོན་ལྗོན་པ་ཆས་བྱུང༌། །དེ་ཉིད་མཐོང་བའི་མོད་ལ། །རྒྱུ་རྐྱེན་འདི་ཡིན་མེད་པར། །སྙིང་ཁ་ལུ་གུ་ལྡིང་ལྡིང༌། །སེམས་པ་རྦ་རླབས་འཕྱོ་འཕྱོ། །གདོང་པ་ཚ་དྲོད་ལམ་ལམ། ། །གྱུར་པས་སྒེའུ་ཁུང་བརྒྱབ་སྟེ། །བསམ་བློ་ཞིབ་ཏུ་བཏང་རུང༌། །དེ་འདྲའི་ཚོར་བ་སྐྱེ་དོན། །བཙལ་ཀྱང་མི་བརྙེད་འདུག་པས། །གཅིག་པུར་ཆིག་དགོད་ཤོར་རོ།

༈ ཕྱི་དྲོ་ཨ་མ་སླེབས་པས། །ཐུག་པ་བག་ཐུག་བསྐོལ་ཞིང༌། །བལ་སྐུད་ཕྲ་མོ་འཁེལ་ཞོར། །དེ་རིང་རྒྱལ་རྩེ་རྫོང་གི །རྫོང་དཔོན་གསར་པའི་ཁྲི་ལ། །གཙང་སྨད་འབྲོང་རྩེ་སྡེ་པའི། །སྲས་གྱུར་དགྲ་འདུལ་ཞེས་པ། །ཕེབས་སྐོར་གསུངས་དང་ལྷན་ཅིག །ད་ཆ་དཔོན་གསར་འོག་ཏུ། །ཆོས་སྲིད་དར་རྒྱས་ཡོང་བའི། །གསོལ་བ་སྨོན་ལམ་བཏབ་པས། །གཙང་མཆོག་བུ་ཁྲིད་སེམས་ངོར། །བརྗིད་ལྡན་གཞོན་པ་འཆར་གྱིན། །རྒྱུ་རྐྱེན་ཅི་ཡིན་མེད་པར། །སེམས་ནང་འཇིགས་སྣང་སྐྱེས་སོ། །

ཉིན་གྱི་ཕྲེང་རྡོག་དཀར་པོ། །ཕར་ལ་སོང་བའི་མཇུག་ཏུ། །མཚན་མོའི་ཕྲེང་རྡོག་ནག་པོ། །མིག་གི་མཛུབ་འོག་སླེབས་བྱུང༌། །དཀར་ནག་འདྲེས་མའི་ཕྲེང་རྡོག །འགའ་ཞིག་སོང་བའི་ཞོགས་པ། །ཨ་མ་ཡེ་ཤེས་མཚོ་མོས། །བལ་རྣམས་ཐོག་སྟེང་བསྐམས་རྗེས། །བ་ལས་འོ་མའི་བདུད་རྩི། །འཇོ་བའི་བུ་མོར་ཕྱོགས་ཏེ། །མངགས་གཏམ་གཏམ་གྱི་མེ་ཏོག །རྣ་བར་སྒྲོན་པ་འདི་སྐད། །
ཀ་ཤིའི་རས་ཀྱི་འོག་འཇུག །
ཁ་མདོག་ནག་པོའི་ཕྱུ་པ། །
ག་ནས་བལྟས་ཀྱང་མཛེས་པའི། །
ང་ཡི་བུ་མོ་བུ་འཁྲིད། །
ཅ་ག་བྱེད་དགོས་སྙིང་གཏམ། །
ཆ་ཙམ་བརྗོད་པར་ཉོན་དང༌། །
ཏ་ལེན་ཕྲག་པར་ཁུར་ང༌། །
ཐ་གྲུ་ཕ་གིར་བསྐྱོད་རིང༌། །
ད་གིན་བསྐྲམས་པའི་བལ་རྣམས། །
ན་ནོག་ཆགས་དོགས་མེད་ཀྱང༌། །
པ་ཊའི་སྲང་ལམ་ནང་ནས། །
ཕ་བོང་འགུལ་ནུས་རླུང་པོ། །
བ་བེར་ངང་ནས་ལངས་ན། །
མ་གཡེང་བསྡུ་དགོས་ཡོང་བས། །
ཙ་རིའི་སྨྱུག་གཟུགས་བཞིན་མཛེས། །
ཚ་གི་ཚི་གེར་མ་སྟོན། །
ཛ་ཛོར་ཅན་གྱི་ཞྭ་འདིས། །
ཝ་ལེར་སྒྲིབ་རྒྱུ་མ་བརྗེད། །ཅེས་པའི་བསླབ་བྱའི་སྦྲང་རྩི། །བུ་མོའི་སྙིང་དུ་སིམ་པས། ཁས་ལེན་སྦྲང་སྐད་སྙན་མོ། །དལ་བའི་དབྱངས་ཀྱིས་འདི་སྐད། །
ཞྭ་ལྟར་བཀུར་ཡོད་ཨ་མ། །
ཟ་ཟིར་བདག་གི་ཕྱོགས་ལ། །
འ་འུར་ཐུགས་ཁྲལ་མི་དགོས། །
ཡ་རབས་ཨ་མས་གང་གསུངས། །
ར་རི་མེད་པར་ཞུས་ཆོག །
ལ་གཞས་སྙན་པོ་གཏོང་ཞོར། །
ཤ་ཚའི་མ་ཁྱེད་ཕེབས་ཤིག །
ས་ལམ་གང་དུ་ཕེབས་ཀྱང༌། །
ཧ་ཅང་སྐུ་ངལ་མ་གནང༌། །
ཨ་མའི་སྙིང་ཚིལ་ང་ཡིས། །
ཧ་ཅང་རིང་པོའི་ཉི་མ། །
ཨ་མར་བསྒུགས་ནས་བསྐྱལ་ཆོག །ཅེས་པའི་གཏམ་གྱི་ཆར་པས། །མ་ཡི་སེམས་ས་བརླན་པས། །བློ་བདེའི་མྱུ་གུ་འཕེལ་བཞིན། །རྒྱལ་རྩེའི་གྲོང་དུ་ཆས་སོ། །

ཉིན་དགུང་ཉི་མའི་དཀྱིལ་ལ། །ལྷགས་པ་འདྲེ་མོ་འཁོར་འཚུབ། །གནམ་གྱི་ཀ་བ་འདྲ་བ། ལྷོ་ནུབ་ཕྱོགས་ནས་ལྡང་བས། །ཡང་པོ་དགུང་ལ་འཁྱེར་ཚུལ། །གླག་གིས་ལུ་གུ་འཁྱེར་འདྲ། །ལྗིད་ཅན་ཕར་ཙམ་འཁྱེར་བ། །བྱིས་པས་རྡོ་སྒོར་འཕང་འདྲ། །ཀུན་ཀྱང་སྐྱ་བོར་བཏང་བ། །ཐལ་བའི་ཆར་ཆེན་བབས་འདྲ། །མཐོང་བས་གཙང་མཆོག་བུ་འཁྲིད། །མགོ་ལ་ཞྭ་ཆེན་གྱོན་ཏེ། །ལུས་ལ་རྩབ་ཧྲལ་བཀླུབས་ནས། །བྲེལ་བ་མེ་ལས་ཚ་ཚ། །ལག་པ་གློག་ལས་མགྱོགས་མགྱོགས། །མིག་ཟུང་མདའ་མོ་འཕེན་འཕེན། །ངང་ནས་བལ་རྣམས་བསྡུ་སྐབས། །རླུང་ཆེན་ཁྲེལ་མེད་ལག་པས། །འགེབས་བྱེད་ཞྭ་མོའི་ཡོལ་བ། །ཧོབ་སྟེ་འཁྱེར་བའི་མོད་ལ། །མཛེས་སྡུག་ངོ་མཚར་ལྟད་མོ། །རྫོང་ཆེན་ཐོག་ཁའི་སྟེང་ནས། །གང་སར་བལྟ་ཞིབ་བྱེད་པའི། །རྫོང་དཔོན་དགྲ་འདུལ་གང་དེའི། །སྤྱན་གྱི་སྟོན་མོར་གྱུར་ཏོ། །ཨ་ཧོ༌༑འཁྲིལ་ལྡེམ་ལུས་པོ། །རྩ་རིའི་སྨྱུག་མ་འདྲ་བ། །ཡངས་པའི་བྲང་གི་མཚོ་ལ། །ནུ་མ་ངང་མོ་བརྩེན་འདྲ། །དེ་སྟེང་བཞིན་རས་དཀར་དམར། །མཚོ་སྟེང་པདྨར་འཕྱ་འདྲ། །དང་གཙང་མིག་གི་གཡོ་འགུལ། །བུང་བའི་འཁྱུག་འགྲོས་ལགས་སོ། །མཛེས་པོ་ལྷ་ཡི་བུ་མོ། །སྐད་གྲགས་ཆེ་བ་མ་གཏོགས། །རྒྱལ་རྩེ་ཕྱོགས་ཀྱི་སྨན་འདིར། །འགྲན་པའི་ནུས་པ་ཨེ་ཡོད། །དེ་ལྟར་སེམས་ལ་བསམས་ཀྱིན། །དགྲ་འདུལ་མིག་གི་ཕུར་པ། །བུ་འཁྲིད་སྤང་ལ་ཟུག་པས། །གཡོག་རྒོད་དར་རྒྱས་གཏམ་གྱི། །ཤེད་མོང་སྐྱེད་ཀྱང་མ་གོག །ཨ་ཧོ༑འཇིག་རྟེན་འདི་ན། །གླང་ཆེན་གྱད་སོགས་སྟོབས་ལྡན། །མཆིས་ཀྱང་ཆགས་དང་བརྩེ་བར། །དོ་བའི་སྐབས་ཤིག་མེད་དོ།། །།

བཞི་པ། བཙན་ཁྲིད།
༈ “བྱ་དེ་ཆུང་ལ་མཛེས་པ། །གོང་དཀར་གཡུ་བྱ་སྔོན་མོ། །བྱ་ཆེན་མང་པོ་ཚོགས་དུས། །གཡུ་བྱར་དོ་བ་མེད་དོ། །”ཞེས་པའི་དམངས་གཞས་སྙན་མོ། །མཚན་མོ་དཔལ་འཁོར་ཆོས་སྡེའི། །སྐོར་ལམ་ནང་ནས་གྲགས་བྱུང༌། །ཡ་གིའི་དགུང་གི་ཟླ་བ། ཁེར་བུར་རྒྱུ་བ་མཐོང་དུས། །ཟླ་གྲོགས་ཉི་མ་ཕྱོགས་ལ། །སེམས་པ་ལས་ཀྱིས་ཤོར་སོང༌། །མ་གིའི་སྤང་ཐང་སྟེང་དུ། །ཤ་བོ་ཁེར་རྐྱང་མཐོང་དུས། །ཚེ་གྲོགས་ཤ་མོའི་ཕྱོགས་ལ། །རེ་སེམས་ཆེ་རུ་ཕྱིན་སོང༌། །བར་གྱི་རྫོང་བཙན་ནང་དུ། །རྫོང་དཔོན་དགྲ་འདུལ་མི་རྐྱང༌། །ཉལ་རོགས་པུས་མོ་སྐྱ་རིལ། །དྲན་ས་མཛེས་ལྡན་བུ་འཁྲིད། །ཨ་ལོག་ཕར་ལ་བརྒྱབ་ན། །མཐོང་བ་མཛེས་མའི་གཟུགས་བརྙན། །ཨ་ལོག་ཚུར་ལ་བརྒྱབ་ན། །དྲན་པ་མཛེས་མའི་ཞལ་རས། །གཉིད་ཐེབས་བཅག་པའི་མཚན་མོ། །ཡུན་ནི་ཆུ་ལས་རིང་བ། །

བྱ་ཕོས་བྱ་སྐད་བརྒྱབ་བྱུང༌། །ཤར་ནས་སྐྱ་མདའ་ཤར་བྱུང༌། །སྐྱ་རེངས་རྟ་ཕོས་དྲངས་པའི། །ཉི་མའི་ཤིང་རྟ་སླེབས་བྱུང༌། །ཞིང་ཁ་སྔོ་ཞིང་ལྗང་པ། །པད་ཁ་མིག་ལ་མཛེས་པ། །གང་བུ་དཔྱང་ཐག་འཁྲུལ་འཁྲུལ། །རྒྱལ་རྩེའི་དཔལ་ཡོན་ལགས་སོ། །ཕྱུགས་ཟོག་རི་ལ་གྲམ་སོང༌། །བྱིའུ་ཆུང་གསུང་སྐད་སྙན་བྱུང༌། །བུ་མོས་ཞོགས་ཆུ་ལེན་པ། །རྒྱལ་རྩེའི་དཔལ་ཡོན་ལགས་སོ། །འགྲུལ་པའི་རྟ་བོང་མགྱོགས་པ། །གནས་མོའི་སེམས་པ་བཟང་བ། །དགོན་པའི་བྱིན་རླབས་ཆེ་བ། །རྒྱལ་རྩེའི་དཔལ་ཡོན་ལགས་སོ། །ཞོགས་ཚོགས་དབྱངས་རྟ་སྙན་པ། །ཞོགས་ཇའི་བྲོ་བ་ཞིམ་པ། །ཞོགས་ཉལ་བྱེད་པའི་བྱིས་པ། །རྒྱལ་རྩེའི་དཔལ་ཡོན་ལགས་སོ། །དཔལ་ལྡན་རྒྱལ་རྩེའི་རྫོང་དུ། །དུ་མའི་དཔོན་ཆེན་དགྲ་འདུལ། །འདུལ་ཐབས་བཅོ་བརྒྱད་སྒོམ་རུང༌། །རུང་མིན་ཆགས་སེམས་མ་དུལ། །གཡོག་རྒོད་དར་རྒྱས་བསྐོངས་ནས། །དངུལ་སྲང་བཅུ་ཞིག་གནང་ནས། །ངན་ཇུས་བཙན་པོ་བསླབས་ནས། །བུ་ཁྲིད་ཕྱོགས་སུ་མངགས་སོ། །

༈ དར་རྒྱས་ཆང་རྐྱལ་ཁོ་སོང་ངོ༌། །ཐད་ཀར་ཆང་ཁང་དུ་སོང་ངོ༌། །ཆང་ལ་ཚོད་མེད་ཅིག་བཏུང་ནས། །ཆང་མར་བཙོག་གཏམ་འགའ་བཤད་ནས། །དཔུང་རོགས་ཆང་རྐྱལ་འགའ་གླས་ནས། །ཆང་དྲི་འཚུབ་འཚུབ་ངང་སོང་ངོ༌། ། “རྔོས་ཚང་གདོང་”དུ་སླེབས་རྗེས། །སྒོ་ཆུང་རྔ་གོག་རྡུང་རྡུང༌། །སྐད་སྒྲ་ལུ་གུ་འབའ་འབའ། །བྱས་མཐར་ཁ་ཆུ་ཐིགས་བཞིན། །གླུ་ཞིག་བླངས་པ་འདི་སྐད།

ཚུར་གཅིག་ཚུར་ལ་གསོན་དང༌། །
ཡིད་འོངས་བུ་མོ་མཛེས་མ། །
ཡང་གཅིག་རྣ་བ་མ་གཡེངས། །
དར་རྒྱས་ཕྱོགས་ལ་གསན་དང༌། །
རྫོང་དཔོན་དགྲ་འདུལ་བཀའ་ལ། །
བུ་མོ་ཁྲིད་ཤོག་གསུངས་བྱུང༌། །
བུ་མོ་འཛེམ་འཛེམ་མེད་པར། །
ང་དང་མཉམ་དུ་ཕེབས་དང༌། །
མགུལ་ལ་གསེར་གཡུ་མུ་ཏིག །
བུ་མོའི་ཨ་བསོད་མིན་ནམ། །
ལུས་ལ་དར་དང་གོས་ཆེན། །
བུ་མོའི་ཨ་བསོད་མིན་ནམ། །
བུ་མོས་འཛེམ་འཛེམ་མེད་པར། །
ལམ་སེང་ཕེབས་རོགས་གནང་དང༌། །ཞེས་པའི་གཏམ་གྱི་མདའ་མོ། །བུ་ཁྲིད་རྔ་ལ་ཕོག་པས། །རྔ་པགས་འཇམ་པོའི་གདོང་ལ། །འཇིགས་དངངས་བུ་ག་རྡོལ་ལས། །གཏམ་ལན་རྔ་སྒྲ་ཆེན་པོ། །ལྡོན་པའི་སྐབས་ཀྱིས་ཕོངས་སོ། །དབང་ཆེན་དབང་ཤེད་ཅན་གྱིས། །གང་འདོད་གང་དགོས་ཆེད་དུ། །ཅི་དང་ཅི་ཡང་བྱེད་པས། །བུ་མོ་བུ་ཁྲིད་ཅི་བྱ།

༈རྒོད་པོ་དར་རྒྱས་གཏམ་ལ། །གཏམ་ལན་ཚིག་གཅིག་མེད་པས། །ཧམ་སེམས་ལག་པ་དམར་པོ། །མ་བསྐྱངས་ཐབས་མེད་སྙམ་ཏེ། །སྒོ་ཆུང་ཐེམ་པ་དམའ་པོར། རྡོག་རྡོའི་མེ་སྒྱོགས་ཆར་པ། ཁ་མེད་སྣ་མེད་འཕངས་པས། །སྒོ་ཆུང་རྡོ་ལས་བྱས་ཀྱང༌། །བརྟན་པའི་ནུས་པ་གར་ཡོད། །སྒོ་ལ་རྡུང་བའི་ལྡིང་སྒྲ། །ཆེན་པོ་ཡིན་སྙམ་མ་སེམས། །བུ་མོ་སྐྲག་པའི་སྙིང་སྒྲ །འབྲུག་གི་སྒྲ་ལས་ཆེ་བ། །སྒོ་མོ་ཆག་པའི་ཆག་ཧྲུལ། །མྱུར་པོ་ཡིན་སྙམ་མ་སེམས། །དངངས་སྐྲག་ས་ལས་ཐོན་པའི། །རྔུལ་ནག་ཆུ་མོ་མྱུར་བ། །ཀྱེ་ཧུད༑དཀོན་མཆོག་གསུམ་པོ། །བུ་མོ་སྐྱོབས་རོགས་གནང་དང༌། །དེ་ལྟར་སྒོ་མོ་ཆུང་ཆུང༌། །དབང་ཤེད་རྡོག་ཐོས་བཅག་སྟེ། །བུ་ཁྲིད་བྱི༌འུ་ཆུང་ཆུང༌། ཁྲ་རྒན་དར་རྒྱས་དཔུང་གིས། །རང་དབང་མེད་པར་བཟུངས་སོ། །ཞུ་བ་གསོད་སར་སླེབས་སླེབས། །མཐེ་བོང་སྤྲང་པོས་ཀེར་ཀེར། །ངུ་སྒྲ་ཕག་པ་གསོད་གསོད། །བསྒྲགས་རུང་ཡ་ང་མེད་པར། །
“ཤ་མོ་རྩྭ་རྭར་ཁྲིད་པར། །
ཡག་བྱུང་མེད་པར་སྡུག་བྱུང༌། །
བུ་མོ་སྐྱིད་སར་ཁྲིད་དུས། །
ལེགས་སོ་མེད་པའི་དམོད་མོ། །”ཞེས་སྨྲས་བཙན་པོའི་ཐག་པས། །བུ་ཁྲིད་འགུལ་མེད་བསྐྱིགས་ཤིང༌། །རྟ་ལ་འཕྲེད་དུ་བཀལ་ནས། །རྫོང་བཙན་ཕྱོགས་སུ་ཁྲིད་དོ། །འབྲོང་གཅིག་བསད་པས་མི་ཚད། །རྔ་མའི་དར་ལྕོག་འཕྱར་འཕྱར། །མི་ལ་བརྙས་པས་མི་ཚད། །བྱས་ཡུས་གཏམ་སྒྲ་ཆེའོ།། །།

ལྔ་པ། བཙན་གཡེམ།
༈ རྔམ་ལ་བརྗིད་མདོག་ཁ་བ། །རྒྱལ་རྩེ་རྫོང་གི་རྒྱལ་སྒོ། །བཙན་ལ་སྐྱིད་མདོག་ཁ་བ། །རྒྱལ་རྩེའི་གཟིམ་ཁང་ཆེ་མོ། ཁ་སྒོ་སྐྱེ་འབྲས་ལེགས་པ། །རྫོང་དཔོན་དགྲ་འདུལ་ཆེ་མོ། །བསམ་པའི་དངོས་དེ་བྱུང་ན། །ཡོད་པའི་གདོང་པ་སྐྱུར་ཕོད། །ཨ་གསར་སྐྱུར་དད་ཆེ་བའི། །གཡོག་རྒོད་དར་རྒྱས་དྲེད་པོས། །མཛེས་མ་བུ་ཁྲིད་འཁྲིད་དེ། །གཟིམ་ཆུང་ནང་དུ་བསྐྱལ་ཏེ། །རྔན་པ་དངུལ་སྲང་འགའ་ཡི། །གཡག་གུ་འདྲེན་འདོད་ལངས་ནས། ཁ་མཁས་རྩིད་སྐུད་ཕྲ་མོ། །དགྲ་འདུལ་ཕྱོགས་ལ་འཕངས་པར། །
ཚུར་གཅིག་ཚུར་ལ་གསན་དང༌། །
རྫོང་དཔོན་དགྲ་འདུལ་གསན་དང༌། །
གཡོག་ངས་མ་ཕྱིན་ཕྱིན་ཡོད། །
“རྔོད་ཚང་གདོང་”ལ་ཕྱིན་ཡོད། །
“རྔོད་ཚང་གདོང་”གི་ནང་ནས། །
འཇམ་རྩུབ་བློ་ཐབས་མང་པོས། །
མཛེས་མ་བུ་ཁྲིད་འཁྲིད་ཡོད། །
དཀའ་ངལ་ཡོད་རྒུ་བཟོད་དེ། །
དཔོན་པོའི་བཀའ་དགོངས་བསྒྲུབས་ཡོད། །
གཙང་ལྗོངས་བུ་མོའི་ཁྲོད་ཀྱི། །
མཆོག་གྱུར་མཛེས་མ་བུ་འཁྲིད། །
དཀར་སར་དཀར་ཤ་དོད་པ། །
དཀར་པོའི་དུང་ལས་དཀར་འདུག །
དམར་སར་དམར་ཤ་དོད་པ། །
བྱུ་རུའི་མདོག་ལས་དམར་བ། །
འབུར་སར་འབུར་འབུར་དོད་པ། །
རུས་སྦལ་རྒྱབ་ལྟར་འབུར་བ། །
ཀོང་སར་ཀོང་ཀོང་དོད་པ། །
སྒོག་ཏིང་སྦུག་ལྟར་ཀོང་བ། །
རྒྱབ་བལྟས་བརྒྱབ་སོ་ལེགས་པས། །
རྒད་པོ་ཐིག་ལེ་ཤོར་འདུག །
མདུན་བལྟས་མདུན་བཟོ་ལེགས་པས། །
བཙུན་རྒན་འགྱོད་པས་འཆི་འདུག །
ཨ་ཧོ༌༑ཕོ་ཡི་དྲི་མས། །
མ་རེག་མེ་ཏོག་གསར་པ། །
རྫོང་དཔོན་ཁྱེད་ཀྱི་མདུན་དུ། །
གུས་པ་ཆེན་པོས་འབུལ་ལོ། །
ཞེས་སྨྲས་མིག་གི་མདངས་དེ། །འདོད་རྔམ་ཆེན་པོས་བལྟས་པས། །རྫོང་དཔོན་ཞལ་གྱི་གཏེར་ཁུང༌། །མ་ཕྱེས་ལྷུག་པར་གྲོལ་ཏེ། །དངུལ་སྲང་ལྔ་བཅུའི་གཏེར་རྫས། །དར་རྒྱས་ལག་ཏུ་གནང་བས། །སྐྱུར་དད་ཆེ་བའི་གཡོག་རྒོད། །དགའ་སྤྲོས་ཤ་རེར་ལོག་སོང༌།།

༈ དེ་ནས་རྫོང་དཔོན་དགྲ་འདུལ། །ལྟོགས་པ་ཟས་ལ་རྔམ་འདྲ། །སྐོམ་ཅན་ཆུ་ལ་དད་འདྲ། །བུ་ཆུང་རྔན་པ་ཐོབ་འདྲར། །བུ་ཁྲིད་འགྲམ་དུ་བཅར་ནས། །མཛེས་པའི་རྣམ་པར་ལྟ་གྱིན། །འཛུམ་པའི་བཞིན་བཅས་འདི་སྐད། །
ཚུར་གཅིག་ཚུར་ལ་གསན་དང༌། །
གཙང་གི་མཆོག་གྱུར་བུ་ཁྲིད། །
དར་ལུང་རྣ་བའི་བུ་ག །
ང་ཡི་ཕྱོགས་སུ་གསན་དང༌། །
ཁ་སང་ལས་སྐལ་བཟང་པོས། །
ཁྱེད་ཞལ་ཟླ་བ་མཇལ་བས། །
ང་ཡི་སེམས་པའི་རྫིང་བུར། །
ཡལ་མེད་ཟླ་བརྙན་བཞག་བྱུང༌། །
མཚན་མོའི་གཉིད་ཐེབས་བཅག་ཅིང༌། །
ཉི་མོ་ཟས་བཅུད་བྲལ་བས། །
གཡོག་རྒོད་དར་རྒྱས་མངགས་ནས། །
ཁྱེད་དང་མཇལ་ཐབས་ཞུས་ཡོད། །
ཕོ་ང་སྐྱེས་ནས་ད་བར། །
མཛེས་མཛེས་མང་པོར་འཕྲད་ཀྱང༌། །
མཛེས་མ་ཁྱེད་རང་འདྲ་བ། །
མཛེས་ལྗོངས་གང་ལའང་མི་འདུག །
དེ་ན་ཕོ་གཞོན་བདག་གི །
བསམ་པའི་རེ་བ་སྐོང་རོགས། །
འདོད་པའི་དོན་དག་སྒྲུབ་རོགས། །
ཁྱེད་ལ་གང་དགོས་གང་འདོད། །
བདག་གིས་ཡོང་བ་ཞུས་ཆོག །ཅེས་པའི་གཏམ་གྱི་བདུད་རྩི། །འཇིགས་དངངས་འོ་མཚོ་འཁོལ་མའི། །བུ་ཁྲིད་སེམས་ལ་ཐིགས་པས། །འཁོལ་རླབས་ཕྲན་བུ་འཇགས་ཏེ། །འདར་འདར་སྐད་ཀྱིས་འདི་སྐད། །
ཀྱེ་ཀྱེ་རྒྱལ་རྩེ་རྫོང་གི །
ལུགས་གཉིས་བདག་པོ་ཆེན་པོ། །
ཉམས་ཆུང་བུ་མོའི་ཞུ་བར། །
སྙན་གྱི་དབང་པོ་གསན་དང༌། །
མཛེས་པའི་སྟག་མའི་མེ་ཏོག །
སྤྱན་ལ་བཀྲག་མདངས་ཆེ་ཡང༌། །
སྤྱད་ན་དུག་གི་རྒྱུ་ལས། །
མཆོད་པའི་མཆོད་རྫས་མིན་ནོ། །
རྒྱ་གར་རྨ་བྱའི་སྒྲོ་དེ། །
བལྟས་ན་མིག་ལ་མཛེས་ཀྱང༌། །
དམ་པས་སྤྱད་བྱར་གྱུར་བའི། །
མཆོད་པའི་མཆོད་རྫས་མི་ཉན། །
“རྔོས་ཚང་གདོང་”གི་བུ་མོ། །
ཁ་སྒོ་སྐྱེ་འབྲས་ལྡན་ཡང༌། །
རྫོང་དཔོན་རིགས་བཟང་གང་གི །
ཟླ་བོ་ཉན་པ་མིན་ཐོག །
ཉམས་ཆུང་བུ་མོ་ང་ནི། །
ཆུང་ནས་དྲིན་ཅན་ཨ་མས། །
དབྱར་ཁ་མེ་ཏོག་གསོ་གསོ། །
དགུན་ཁ་རྫ་ལ་གཅེས་གཅེས། །
བསྐྱངས་པའི་བུ་ཕྲུག་ལགས་སོ། །
དྲིན་ཅན་ཨ་མའི་དྲིན་ལན། །
འཇལ་དགོས་ལས་འགན་ཡིན་ན། །
བུ་མོ་ཁྱིམ་དུ་གཏོང་རོགས། །
ཨ་མ་དྲིན་ཅན་ལོག་དུས། །
བུ་མོས་གསོལ་ཇ་འབུལ་དགོས། །ཞེས་སོགས་ཞུ་བ་ཕུལ་བར། །རྫོང་དཔོན་དགྲ་འདུལ་ཞལ་ནས། །
ཀ་ཡེ་གསན་དང་བུ་ཁྲིད། །
ང་ཡི་ཕྱོགས་སུ་གསན་དང༌། །
ཁ་ལྗོངས་མཛེས་མའི་ཁྱུ་མཆོག །
ཕ་མར་དྲིན་གཟོའི་སེམས་ལྡན། །
ག་ནས་བསམ་ཀྱང་ཁྱེད་ཉིད། །
ཕྱི་ནང་གཉིས་ཀ་མཛེས་པས། །
ང་ཡི་སེམས་པའི་ཨ་ལོང༌། །
ཁྱེད་ཀྱི་ལྕགས་ཀྱུས་དྲངས་སོང༌། །
ཅ་ཅོ་མང་པོའི་སྙིང་པོ། །
ཨ་མའི་དྲིན་ལན་འཇལ་བར། །
ཆ་རྐྱེན་ཅི་དང་གང་དགོས། །
ཕོ་གཞོན་ང་ཡིས་བསྒྲུབས་ཆོག །
ཇ་ཆང་ལོངས་སྤྱོད་གང་དགོས། །
བུ་མོའི་ཐུགས་བཞིན་ཞུས་ཆོག །
ཉ་མོ་སྐམ་བསྐྱུར་ལྟར་དུ། །
མིན་པར་ངའི་མཉམ་བཞུགས་རོགས། །ཞེས་པའི་འཇམ་གཏམ་སྨྲ་ཞོར། །ལག་པའི་མེ་ཏོག་ལྗིད་ལྡན། །བུ་ཁྲིད་པུང་པར་བཞག་པས། །ཞེད་དངངས་རྔུལ་ཆུ་ཁྲུམ་བཞིན། །བུ་མོས་ཡང་བསྐྱར་འདི་སྐད། །
ཏཱ་རེ་སྒྲོལ་མ་དཀར་མོ། །
རྒྱུན་དུ་སྒོམ་པའི་སྨན་ང༌། །
ཐ་གུ་དམ་པོས་བསྐྱིགས་ནས། །
རྒྱུས་མེད་བཙན་སར་ཁྲིད་པས། །
ད་ལྟ་ཆ་རྐྱེན་འདོན་རྒྱུ། །
བློར་མེད་ཞུ་འབུལ་སྙིང་པོ། །
ན་ཆུང་བདག་ལ་སྙིང་རྗེས། །
གཟིགས་ཏེ་ཁྱིམ་ལ་གཏོང་རོགས། །
པ་ཊ་ལྟ་བུའི་ཡུལ་འདིར། །
བུ་མོ་བརྒྱ་དགོས་སྟོང་ཡོད། །
ཕ་མེད་བུ་མོ་ང་ལ། །
ཐུབ་ཚོད་དབང་ཡོད་མ་གནང༌། །
བ་གླང་འཕྲད་པ་ནང་བཞིན། །
འདྲིས་མེད་སྒྲིག་མཐུན་བྱེད་པ། །
མ་བཟང་ཕོ་མོའི་ལུགས་མིན། །ཞེས་སྨྲས་མགོ་བོ་དགྱེ་ནས། །དགྲ་འདུལ་ཕྱོགས་ལ་བལྟས་པས། །དགྲ་འདུལ་སེམས་ཀྱི་ས་གཞིར། །ཀུན་རྟོགས་རྩྭ་ངན་འདི་སྐྱེས། །གནའ་མི་བོད་ཀྱི་གཏམ་ལ། །མི་དགོས་བུ་མོའི་ཁ་རེད། །དགོས་རྒྱུ་ལག་པའི་མཐིལ་རེད། །ཅེས་གྲགས་འཇམ་པའི་ངག་གིས། །སེམས་པ་འགུག་ཐབས་བྱས་ཀྱང༌། །མ་ཁུག་གཉའ་བ་རེངས་ན། །ད་ནི་རྩུབ་མོའི་ཐབས་ཀྱིས། །བཅུན་ལས་འོས་གཞན་མེད་སྙམ། །དེ་མུར་བུ་ཁྲིད་ལུས་ལ། །དགྲ་འདུལ་འཁྲི་ཤིང་འཁྲིལ་འཁྲིལ། །དཀར་དམར་བཞིན་རས་ཕྱོགས་ལ། །མཆུ་སྒྲོས་གློག་དམར་འཁྱུག་འཁྲུག །ལག་པའི་ལྕགས་ཀྱུ་ཟུང་གིས། །ནུ་འབུར་ཉ་མོ་འཛིན་འཛིན། །བྱས་པས་བུ་འཁྲིད་འཚབ་ཏེ། །
ཙ་ར་རྩད་གཅོད་གཏོང་མཁན། །
མི་དཔོན་རྫོང་དཔོན་སྐུ་ཞབས། །
ཚ་གྲང་རྒྱུ་འབྲས་རྙོག་པའི། །
ཕྱག་ལས་འདི་འདྲ་གནང་ན། །
ཛ་ལང་ཅན་ཚོར་ཁྲིམས་གཅོད། །
གནང་རྒྱུའི་སྤོབས་པ་འདུག་གམ། །
ཝ་ལེར་དྲན་འོས་ཁྲིམས་ནང༌། །
འདི་འདྲ་ཆོག་པ་ཨེ་ཡོད། །ཅེས་པའི་ཉེན་བརྡ་བཏང་རུང༌། །ཆགས་པས་མྱོས་པའི་མིག་ཟུང༌། །དམར་གྱུར་དགྲ་འདུལ་སྐུ་ཞབས། །ཙན་དན་ཤིང་གི་སྟེང་ལ། །འཛེགས་པའི་སྐལ་བཟང་བྱུང་ན། །གོས་ཆེན་རྩ་ཆེའི་ཕྱུ་པ། །རལ་ཡང་ཕངས་དོན་མེད་སྙམ། །ལག་པས་བྲེལ་འཚུབ་ངང་ནས། །ཕྱུ་པའི་སྐེ་རགས་དཀྲོལ་བས། །བུ་ཁྲིད་འཇིགས་ཤིང་དངངས་ནས། །
ཞྭ་ལྟར་བཀུར་འོས་མི་དཔོན། །
སྐུ་མཁྱེན་འདི་འདྲ་མ་གནང༌། །
ཟ་ཚོད་སྤྱོད་ཚོད་བཟུང་བའི། །
ཉམས་ཆུང་བུ་མོ་ཐོངས་དང༌། །
འ་ལད་གཞན་གྱིས་མཐོང་ན། །
ངོ་ཚ་སྐྱེ་གཞི་ལགས་སོ། །
ཡ་རབས་དམ་པས་གསན་ན། །
ཐུགས་དགོངས་ཁྲེལ་བའི་གཞི་ལགས། །
ར་མོ་ཉམས་ཆུང་བདག་ལ། །
སྙིང་རྗེས་གཟིགས་ནས་བཏང་ན། །
ལ་དགུ་རླུང་དགུའི་རྒྱབ་ནས། །
བཀའ་དྲིན་དྲན་པ་ཞུས་ཆོག །ཅེས་པའི་ཞུ་བའི་སྐྱོ་གཞས། །ངུ་ངག་རོལ་མོ་དང་བཅས། །དགྲ་འདུལ་སྙན་ལ་གསོལ་རུང༌། །དགྲ་འདུལ་སྙན་ཁུང་ཆུང་ངུ༌། །ཆགས་པའི་རྡོ་ཡིས་བཀག་པས། །གསན་པའི་གོ་སྐབས་བྲལ་སོང༌། །སྐེ་རགས་འཇའ་ཚོན་རིམ་པ། །མྱུར་མོར་དཀྲོལ་བའི་རྗེས་ལ། །ཕྱུ་པའི་སྤྲིན་པ་དེ་ཡང༌། །ལག་པའི་རླུང་གིས་བཤགས་པས། །ལངས་འཚོའི་བཅུད་ཀྱིས་སྙེམས་པའི། །ཤ་ཡི་གངས་དཀར་བདུད་རྩི། །མཛེས་དགུ་སྤུངས་པ་ལྟར་དུ། །དགྲ་འདུལ་མིག་གི་ལོངས་སྤྱོད། །བརླ་ཤ་གླང་ཆེན་མཆེ་བ། །དཀར་ལ་རྒྱགས་ཉམས་དོད་པ། །འགྲོན་བུའི་རྒྱབ་ལྟར་འབུར་བའི། །རི་ལ་རྩྭ་རྩི་མང་བ། །དེའི་འོག་ཆུ་མིག་ཟབ་མོར། །ངང་ཕྲུག་གཞོན་ནུས་ཞུགས་སོ། །ཨ་ཚ་བྱིའུ་ཡི་སྐད་ཚ། །འདབ་མ་ཟིལ་པས་བརླན་ཆེ། །ངང་ཕྲུག་ཡར་མར་རྒྱུག་ཆེ། །གཉིས་སྦྱོར་དགའ་བདེའི་རིའོ། །

ཤ་བ་ཁྲག་རྭ་ཡིས་ཕུངས་སོང༌། །དོམ་ཆེན་མཁྲིས་པ་ཡིས་ཕུངས་སོང༌། །གླ་བ་གླ་རྩི་ཡིས་ཕུངས་ཤིང༌། །སྙིང་ཁྲག་འབྲོང་གཤེད་དུ་བབས་ན། །བུ་མོ་རྣམ་པ་ཡིས་ཕུངས་པར། །ཡ་མཚན་སྐྱེ་དོན་ཞིག་མེད་འདྲ།། །།

དྲུག་པ། བརྩེ་དུང༌།
ཤུག་པ་ས་ལ་སྐྱེས་པར། ཁུ་བྱུག་གནམ་ནས་བབས་སོང༌། །བབས་མཁན་ནོར་བ་མིན་ན། །བབས་ཡུལ་ནོར་ས་གང་ཡོད། །དགྲ་འདུལ་སེམས་ཀྱི་ཨ་ལོང༌། །ནད་མེད་གཅོང་ལ་ཚུད་པར། །སྨན་པ་བརྒྱ་ཡིས་མ་ཕན། །བུ་ཁྲིད་སྨན་གྱིས་ཕན་སོང༌། །ཕོ་རབ་ཚིག་གི་རྗེས་སུ། །གཡོ་སྒྱུ་མེད་པར་འགྲོ་ཞིང༌། །འཕར་བ་ལག་རྗེས་ཐོག་ཏུ། །རྐང་པ་ཡོ་མེད་སྤོ་ཞེས། །སྲིད་པའི་གཏམ་ལ་གྲགས་ལྟར། །དགྲ་འདུལ་ཕོ་གཞོན་གང་དེས། རྫོང་ཞོལ་གཟིམ་ཆུང་ཕྲ་མོར། །བུ་ཁྲིད་མ་བུ་བསུས་ཏེ། །མཁོ་རྒུའི་ཡོ་ཆས་སྦྱར་བས། །མ་རྒན་ཡེ་ཤེས་མཚོ་མོ། །ཐོག་མར་བློ་ཡིད་མ་བདེ། །ཟས་བཅུད་གཉིད་བྲལ་བྱུང་རུང༌། །རྫོང་དཔོན་དགྲ་འདུལ་སེམས་རྒྱུད། །དཀར་བ་ལྷ་ཡི་སྲས་འདྲ། །མ་སྨད་གཉིས་པོའི་ཕྱོགས་ལ། །བརྩེ་བ་རང་གི་བུ་འདྲ། །བྱུང་ཐོག་རང་གི་ཡབ་ངོར། །བསྟུན་ཏེ་གཉེན་སྒྲིག་བྱས་པའི། །བྱུང་བ་མ་གསང་བཤད་པས། །རིམ་གྱིས་བློ་ཡིད་བདེ་ཐོག །བུ་ཁྲིད་མ་བུའི་ཕྱོགས་ལ། །ལྟ་སྐྱོང་བྱེད་རྒྱུའི་ཁས་ལེན། །མནའ་སྐྱེལ་དམ་བཅའ་བཞག་པས། །སེམས་ནང་ད་ཆ་བུ་མོ། །རྫོང་དཔོན་ལག་ཏུ་ཐེབས་པས། །བྱ་རྒྱུའི་ཐབས་གང་མེད་ཐོག །ཚེ་འདིའི་འཚོ་སྐྱོང་རོགས་མགོན། །གནང་རྒྱུའི་ཞལ་བཞེས་ཡོད་པས། །དེ་ལྷག་ཁྱོ་ག་གཞན་གྱིས། །ཐུབ་སྙམ་གདེང་ནི་ཅི་ཡོད། །རྫོང་དཔོན་ཐུགས་བཞིན་བྱས་ན། །ལྕམ་ཆུང་མིང་གྲགས་མེད་ཀྱང༌། །ཟུར་བསྟེན་བརྩེ་བས་བསྐྱངས་ན། །དེ་ལྷག་དགོས་རྒྱུ་ཅི་སྙམ། །རིམ་གྱིས་མོས་མཐུན་བྱས་སོ། །
།འདྲིས་ན་ཀུན་ལ་བརྩེ་བ། །འགྲོ་བ་མི་ཡི་ཁྱད་ཆོས། །མ་འདྲིས་གཞན་དང་མི་འགྲོགས། །སྨན་ཆུང་བུ་མོའི་ཡོན་ཏན། །ཉིན་དང་ཟླ་བའི་ཕྲེང་བར། །དགྲ་འདུལ་ཉི་མ་དྲོན་པོས། །བུ་ཁྲིད་མེ་ཏོག་བསྐྱངས་སོ། །བར་ཆད་ཆར་པ་བབས་དུས། །དགྲ་འདུལ་ཆར་སྐྱོབ་གདུགས་རེད། །རྐྱེན་ངན་རླུང་བུ་ལྡང་དུས། །དགྲ་འདུལ་རླུང་འགོག་བྲག་རེད། །སེམས་ལ་གདུང་བ་བྱུང་དུས། །དགྲ་འདུལ་སེམས་གསོའི་སྨན་རེད། །བརྙས་བཅོས་སྨག་རུམ་བྱུང་དུས། །དགྲ་འདུལ་མུན་འཇོམ་ཟླ་བ། །དེ་ལྟ་དེ་ལྟའི་ཚུལ་ལས། །གཙང་མཆོག་བུ་ཁྲིད་སེམས་པ། །དགྲ་འདུལ་ཕྱོགས་ལ་ཆགས་སོ། །

༈ཤིང་མཆོག་ཤུག་པའི་སྡོང་པོ། །དབྱར་ཁ་རྩ་བ་མི་རུལ། །དགུན་ཁ་སྡོང་ལོ་མི་བྲུལ། །དབྱར་དགུན་ཐེག་པའི་ཤིང་རེད། །མོ་སྨན་གཙང་མཆོག་བུ་ཁྲིད། །ཉིན་མོ་གཞན་ངོར་མི་ལྟ། །མཚན་མོ་གཞན་དག་མི་སེམས། །ཉིན་མཚན་གཅིག་སེམས་སྨན་རེད། །ཞོགས་པ་ཡར་ལ་ལངས་ཏེ། །སྒྲོལ་མ་བཙུན་མས་བཏོན་འདྲ། །ཞོགས་ཇ་མར་ཁུ་འཁྱིལ་འདྲ། །གདོང་པ་མེ་ཏོག་བཞད་འདྲ། །བྱས་ཏེ་དགྲ་འདུལ་ཉལ་སར། །ཇ་རྩམ་ཕྱུར་བ་སྐྱེལ་ཞིང༌། །དགོང་མོ་ཆང་མངར་བདུད་རྩི། །བཤམས་ཏེ་སྣེ་ལེན་བྱེད་པས། །རྫོང་དཔོན་དགྲ་འདུལ་སེམས་སུ། །རྫོང་གི་ལས་དོན་ལས་གཞན། །གཅིག་ཡོད་གཙང་མཆོག་བུ་ཁྲིད། །དེ་ལྟར་བརྩེ་བའི་མཚོ་ལ། །ངང་པ་ཟུང་གིས་རོལ་ཏོ། དེ་ལྟར་དུང་པའི་སྤང་ལ། །ཤ་བ་ཟུང་གིས་བརྩེན་ནས། །ཉིན་སོང་ཉིན་གྱི་རྩིབས་ཤིང། །ཕར་དེད་ཕར་ལ་དེད་དེ། །ལོ་ཟླའི་འཁོར་ལོ་སྒོར་སྒོར། །ཚུར་ཚུར་ཚུར་ལ་སླེབས་པས། །འཁོར་ལོས་བཞག་པའི་ཤུལ་རིས། །དཔྲལ་བའི་ལམ་ལ་གསལ་འདུག །

བདུན་པ། གཙང་གི་རྗེ་བཙུན། 
༑ བདེ་བ་མྱངས་པའི་མཐའ་ལ། །སྡུག་བསྔལ་མེད་པ་ཡིན་ན། །བདེ་བ་བདེ་བར་མ་ཚོར། །སྡུག་བསྔལ་ཅན་དུ་མངོན་ཡོང༌། །སྡུག་བསྔལ་མྱངས་པའི་མཐའ་མར། །བདེ་བའི་ལམ་ཞིག་མེད་ན། །སྡུག་པོའི་མི་ཚེ་མི་སྐྱེལ། །འཆི་བའི་ལམ་ལ་ལོས་འགྲོ། །དགྲ་འདུལ་བུ་ཁྲིད་ཟུང་གིས། །བདེ་བའི་གནས་ལ་རོལ་སྐབས། །ལྕམ་ཆུང་ལྷ་མཛེས་གང་དེས། །འཕྲིན་ཡིག་ཆར་པ་བབས་བབས། །རྔན་པ་ཆུ་མོ་བཞུར་བཞུར། །བསྐུར་ཡང་དགྲ་འདུལ་བློ་ལ། །འཆར་རྒྱུ་བུ་ཁྲིད་ཁོ་ན། །སྐབས་རེ་འབྲོང་རྩེའི་ཕྱོགས་ལ། །བློ་དོགས་མེད་པ་བཟོ་ཕྱིར། །ལས་བྲེལ་ཆེ་ལུགས་སོགས་ཀྱི། །ཡི་གེ་རེ་ཟུང་བསྐུར་ཞིང༌། །ཆུང་ནས་གསོ་སྐྱོང་གནང་མཁན། །ཡབ་ཡུམ་ཐུག་འཕྲད་ཆེད་དུ། །ཐེངས་གཉིས་འབྲོང་རྩེར་བསྐྱོད་ལས། །གཞན་ནི་རྒྱལ་རྩེར་འབྱར་རོ། །འབྲོང་རྩེར་སྡོད་པའི་རིང་ལའང༌། །ལྕམ་ཆུང་ལྷ་མཛེས་གང་དེ། །མཛེས་པའི་བུ་ཁྲིད་ཡིན་སྙམ། །དགའ་རྒུར་རོལ་བ་ཙམ་ལས། །སེམས་པ་གཏད་པ་མེད་དོ། །དེ་ལྟར་ཟློས་གར་འཁྲབས་ཏེ། །རིང་པོའི་རྫོང་སྡོད་ལོ་གསུམ། །འཁྱུག་ཙམ་ཞིག་ལ་རྫོགས་པས། །ཡང་བསྐྱར་ཁག་འདོགས་ལོ་གཅིག །ཞུས་པའམ་རྫོགས་པར་གྱུར་སྟབས། །བྱམས་པ་འཁྲིད་ན་མི་འགྲིག །བྱམས་པ་བཞག་ན་སྙིང་རྗེ། །བྱམས་པ་སྦ་ཁུག་ནང་གི །གཡང་ཊཾ་ཡིན་ན་སྙམ་སྙམ། །ཅི་བྱ་གཏོལ་བྲལ་ངང་ནས། །བུ་ཁྲིད་གདོང་ལ་བལྟ་སྐབས། །བུ་ཁྲིད་སེམས་སྡུག་ན་ཟུག །བཅོས་མའི་འཛུམ་གྱིས་སྦས་ཏེ། །དགྲ་འདུལ་བདེ་ཆེད་ངག་ནས། །སེམས་གསོའི་གླུ་དབྱངས་འདི་སྐད། །
ཚུར་ཅིག་ཚུར་ལ་གསན་དང༌། །
སྙིང་སྡུག་དགྲ་འདུལ་སྐུ་ཞབས། །
ཟོལ་མེད་བུ་མོའི་ཕྱོགས་ལ། །
སྙན་དབང་དར་ཅིག་གསན་དང༌། །

ཁྱེད་ཉིད་གསེར་གྱི་སླ་ང༌། །
སྨན་ང་གཡུ་ཡི་སྐམ་པ། །
སེམས་པ་གྲོ་ཡོས་གས་གས། །
རྒྱུན་རིང་གས་རྒྱུ་བྱུང་བས། །
ད་ནི་འགྱོད་པ་ཅི་ཡོད། །

ཉིན་མོ་ར་ལུག་འཚོ་འཚོ། །
ཁྲ་ཆུང་སྤྱན་གྱིས་བསྐྱངས་བྱུང༌། །
དགོང་མོ་ལྷས་རྭར་འཁོར་འཁོར། །
ལུས་སེམས་གཉིས་ཀ་འཁོར་བས། །
ད་ནི་བློ་འདོད་ཚིམ་སོང༌། །

ཕུ་ཡི་རི་མགོར་བབས་པའི། །
དཀར་གཙང་ཁ་བའི་ཕུང་པོ། །
བབས་སྐབས་དབྱར་གྱི་མཇུག་ལ། །
བཞུགས་སྙམ་རི་བོར་མེད་ན། །
ཁ་བ་བློ་བདེར་ཕེབས་རོགས། །

བར་གྱི་ནགས་ལ་འཁོར་བའི། །
ལྷ་བྱ་ཁུ་བྱུག་སྔོན་མོ། །
གསུང་སྐད་སྙན་མོས་རྒྱུན་རིང༌། །
བཞུགས་སྙམ་ཤིང་ལ་མེད་ན། །
ཁུ་བྱུག་ཅི་བདེར་ཕེབས་རོགས། ། །

རྒྱལ་རྩེ་བུ་ཁྲིད་སྙིང་སྡུག །
བརྩེ་ལྡན་འབྲོང་རྩེའི་དགྲ་འདུལ། །
འགྲོགས་པའི་དུས་བཟང་དེ་ནས། །
གཏན་བཞུགས་ཡིད་ལ་མེད་ན། །
མི་བཟང་ཐུགས་བདེར་ཕེབས་ཤིག །

ཕར་ཕེབས་ལམ་ལ་གཟབ་གཟབ། །
ཚུར་འགྲོ་འགྲུལ་པར་བདེ་བདེའི། །
ཕྱག་བྲིས་མ་ཆད་ཙམ་ཞིག །
བྱུང་ན་ངའི་སེམས་དེས་ཚིམ། །
ཞེས་པའི་གཏམ་གྱི་མེ་ལྕེ། །དགྲ་འདུལ་ཐབ་ལ་སྦར་བས། །དགྲ་འདུལ་སེམས་ཀྱི་ཐུག་པ། །དྲག་ཏུ་འཁོལ་བའི་ཤུགས་ལས། །མིག་ཆུའི་ཚིལ་ཁུ་ཞིམ་པོ། །ལུ་བཞིན་ཞལ་ནས་འདི་སྐད། །
ཚུར་གཅིག་ཚུར་ལ་གསན་དང༌། །
སྙིང་ཚིལ་བུ་ཁྲིད་གསན་དང༌། །
ཀུན་ཁྱབ་ཉི་མ་ཤར་རྗེས། །
ནུབ་པ་ཆོས་ཉིད་ཟེར་ཡང༌། །
ཡང་བསྐྱར་སང་ཉིན་ཤར་རྒྱུས། །
སྐྱོ་ཤས་ཡོང་དོན་མི་འདུག །

འཇིག་རྟེན་མི་རྣམས་འདུས་རྗེས། །
བརྩེ་བས་བྲལ་བར་མ་བཟོད། །
བྲལ་རྗེས་འཛོམས་ཚོད་མ་ཤེས། །
མཆི་མ་ཤོར་དོན་དེ་རེད། །

ངེད་གཉིས་སླ་ང་གཅིག་ཏུ། །
སེམས་པ་གྲོ་ཡོས་གས་གས། །
ད་དུང་གས་དགོས་ཡོད་དོ། །
ངེད་གཉིས་ཉལ་ས་གཅིག་ཏུ། །
ལུས་སེམས་ལྷས་རྭར་འཁོར་འཁོར། །
ད་དུང་འཁོར་དགོས་ཡོད་དོ། །

དེ་ན་གཏན་དུ་འགྲོགས་པའི། །
ལམ་ཞིག་བདག་གིས་བཙལ་ཆོག །
ཅེས་སྨྲས་བསམ་བློ་དྲུག་གསུམ། །བཅོ་བརྒྱད་བཏང་བའི་མཐའ་ལ། །བུ་ཁྲིད་མཛེས་པའི་ལངས་འཚོར། །བརྗིད་པའི་བླ་ཆས་གཡོགས་ཏེ། །གཙང་གི་རྗེ་བཙུན་མ་ཞེས། །སྙན་པའི་མིང་ཞིག་གསོལ་ཏེ། །ཉི་མོ་བཅོས་མའི་གུས་གུས། །མཚན་མོ་མ་བཅོས་ཟློས་གར། །འཁྲབས་ཀྱིན་འབྲོང་རྩེའི་ཕྱོགས་ལ། །དལ་དལ་ངང་ནས་བསྐྱོད་སྐབས། །“རྒྱག་ཚལ་གདོང་”ཞེས་གྲགས་པའི། །ས་དེར་སླེབས་པའི་སྐབས་སུ། །ཉམས་ཆུང་བྱིའུ་རྒན་གཞོན། །གདུག་ཅན་ཁྲ་རྒན་ཞིག་གིས། །སྡེར་མོའི་རལ་གྲིས་རྣུན་ཏེ། །བྱ་སྤུ་ཁ་བ་བབས་བབས། ཁྲག་དམར་ཆུ་བོ་བཞུར་བཞུར། །ཡ་ང་མཐོང་དེས་སྐྱོ་བའི། །གཙང་མཆོག་བུ་ཁྲིད་ངག་ནས། །
ཚུར་གཅིག་ཚུར་ལ་གསོན་དང༌། །
འབྲོང་རྩེ་སྡེ་པའི་སྐུ་ཞབས། །
བུ་མོ་ལམ་ལ་ཆས་པའི། །
ལམ་བཀྲ་དང་པོར་བལྟས་ན། །
བཟང་རྟགས་མིན་པའི་ངན་རྟགས། །
བྱི་ཕོ་ཕ་གིར་བལྟས་ན། །
འབྲོང་རྩེ་སྡེ་པ་འདྲ་བ། །
བྱིའུ་ཕྲུག་ཕར་ལ་བལྟས་ན། །
གཙང་མཆོག་བུ་ཁྲིད་འདྲ་བ། །
ཁྲ་ཆེན་ཕར་ལ་བལྟས་ན། །
འབྲོང་རྩེའི་ལྕམ་ཆུང་འདྲ་ལ། །
བདག་གིས་མི་ཡོང་ཞུས་པས། །
སྡེ་པས་འཇོན་ཡོང་གསུང་བྱུང༌། །
བུ་མོ་འབྲོང་རྩེའི་ཕྱོགས་ལ། །
དམྱལ་བའི་འཕྲང་ལ་འཁྲིད་འདྲ། །
ཐུགས་རྗེ་སྡེ་པའི་སྐུ་ཞབས། །
བུ་མོ་མ་འཁྲིད་བཞག་དང༌། །ཞེས་པའི་གླུ་ཞིག་བླངས་པར། །དགྲ་འདུལ་སྣང་མེད་ངང་ནས། །སེམས་གསོའི་གླུ་ལན་བླངས་པར། །
ཐུགས་སེམས་སྐྱོ་བ་མ་གནང༌།
སྙིང་སྡུག་གཙང་མཆོག་བུ་ཁྲིད། །
འབྲོང་རྩེ་སྡེ་པར་འབྱོར་དུས། །
སྡེ་པས་སྣང་དག་མི་ཡོང༌། །
སྣང་བ་རྣམ་རྟོག་མང་ན། །
ཁང་སྟོང་རྐུ་མ་སྡང་ཞེས། །
སྔ་མོའི་གཏམ་ལ་གྲགས་པས། །
རྣམ་རྟོག་མང་པོ་མ་ཟ། །ཞེས་སྨྲས་མདུན་དུ་བསྐྱོད་དོ། །དེ་ནས་“མ་རགས་”ཞེས་པའི་ས་རུ། །ཤར་རྔམ་སྤྱང་གུ་ཞིག་གིས། །ལུ་གུ་མ་བུ་བསད་པ། །མིག་གི་ཤེད་དུ་བབས་ཤིང༌། །ཡང་བསྐྱར་“རྩེ་ཆེན་”ཞེས་པའི། །ས་དེར་བཤན་པ་ཟུང་གིས། །བ་གླང་གསོད་པ་མཐོང་བས། །བུ་ཁྲིད་སེམས་པའི་ཆུ་ལ། །རྣམ་རྟོག་དབུ་བ་ལངས་ཏེ། །སྙིང་སྡུག་དགྲ་འདུལ་གང་དེར། །ཞུ་བ་སྣ་མང་བྱས་རུང༌། །མ་གསན་མུ་མཐུད་སོང་མཐར། །འབྲོང་རྩེ་སྡེ་པར་སླེབས་སོ། །
༈ འབྲོང་རྩེའི་ལྕམ་ཆུང་ལྷ་མཛེས། །ཞལ་ལ་དཀར་དམར་བྱུག་པ། །སྐུ་ལ་གོས་ཆེན་ན་གཟའ། །ཚེམས་དཀར་གྲོ་ཡོས་གས་འདྲ། །དབུ་སྐྲ་བྱ་རོག་མདོག་འདྲ། །ཞབས་ཕྱི་དཔུང་གདང་སྒྲིག་འདྲ། །བྱས་ཏེ་བསུ་ཆང་འདེགས་བཞིན། །དགའ་བའི་འཛུམ་གྱིས་འདི་སྐད། །
ཚུར་གཅིག་ཚུར་ལ་གསོན་དང༌། །
འབྲོང་རྩེ་སྡེ་པའི་སྐུ་ཞབས། །
ལོ་བཞི་སྒུག་པའི་བྱམས་པ། །
དེ་རིང་དངོས་སུ་ཕེབས་བྱུང༌། །
ཞལ་ཡང་སྐྱེམ་པ་ཡོད་འགྲོ། །
བདུད་རྩི་ཨ་རག་བཞེས་དང༌། །
གསོལ་གྲོད་བཀྲེས་པ་ཡོད་འགྲོ། །
ཤ་དང་ཕྱེ་མར་བཞེས་དང༌། །
སྡེ་པ་གཞུང་གི་བཀའ་ལ། །
ལོ་ངོ་གསུམ་ལས་མེད་ཀྱང༌། །
ལོ་ངོ་བཞི་ལ་ཐོགས་པ། །
སྐུ་དོན་གང་ལ་འགོར་སོང༌། །
སྙིང་གྲོགས་སྡེ་པའི་སྐུ་ཞབས། །
མ་གསང་དྲང་པོར་གསུངས་དང༌། །ཞེས་པར་དགྲ་འདུལ་གང་དེས། །གླུ་ལན་བླངས་པ་འདི་ལྟར། །
སྐུ་ཁམས་བདེ་བར་ཡོད་དམ། །
ལས་བསྐོས་ལྕམ་ཆུང་ལྷ་མཛེས། །
ཁ་ནི་སྐོམ་ཡང་མ་བྱུང༌། །
ཇ་ཆང་འཐུང་བཞིན་ཡོང་ཡོད། །
གྲོད་པ་ལྟོགས་པ་མ་བྱུང༌། །
ཚ་ཕོགས་བརྒྱབ་ནས་ཡོང་ཡོད། །
ལོ་ངོ་བཞི་ལ་ཐོགས་པ། །
རྩིས་སྤྲོད་ལས་ཀྱིས་འགོར་སོང༌། །
ལྕམ་ཆུང་ཅ་ཅོ་མ་མང༌། །
གཟིམ་ཤག་ནང་དུ་ཕེབས་ནས། །
ཕེབས་བསུའི་བཞུགས་ཁྲི་རྒྱོབས་དང༌། །
གཙང་གི་རྗེ་བཙུན་རྩ་ཆེན། །
སྡེ་པས་གདན་འདྲེན་ཞུས་ཡོད། །
ངེད་ཚོའི་བར་ཆད་སེལ་ཆེད། །
སྣེ་ལེན་ཞབས་ཏོག་ཞུས་ཤིག །ཅེས་གསུངས་དལ་གྱིས་ཕེབས་པས། །ལྕམ་ཆུང་ལྷ་མཛེས་སེམས་ལ། །ཞལ་རས་དམར་མདངས་རྒྱས་ཤིང༌། །ཞི་ཞིང་དུལ་བའི་ཉམས་ཅན། །གཙང་མཆོག་བུ་འཁྲིད་དེ་ཉིད། །རྗེ་བཙུན་དངོས་གནས་རེད་སྙམ། །བཀུར་སྟི་ཞབས་ཏོག་ཞུས་སོ།། །།

བརྒྱད་པ། བར་ཆད། 
༈ ངང་པས་ཆོས་གོས་གྱོན་ནས། །ལྷ་ཆོས་གནང་མདོག་ཁ་པོ། །ལྟོ་ལ་འདམ་བག་བཟས་ནས། །ལྷ་ཆོས་མི་ཉན་ཚར་སོང༌། །བུ་ཁྲིད་རྫུན་ཆས་སྤྲས་ནས། །རྗེ་བཙུན་ཡིན་མདོག་ཁ་པོ། །མཚན་མོ་གཞན་ཁྱོ་བསུ་བས། །རྗེ་བཙུན་མ་ཉན་ཚར་སོང༌། །དེ་ལྟར་བུ་ཁྲིད་དགྲ་འདུལ། །ལྐོག་ལྐོག་སུད་སུད་ངང་ནས། །རང་རང་འདོད་དོན་བསྒྲུབས་སྐབས། །བཙན་བཙན་སྡེ་པ་གཞུང་ནས། །ནར་ནར་བཀའ་རྒྱ་ཕེབས་པར། །ཀེར་ཀེར་འབྲོང་རྩེའི་དགྲ་འདུལ། །གསར་གསར་ལས་ལ་བསྐོ་རྒྱུར། །འོས་མིན་མི་བབ་སྤྱན་ཞུར། །འགྱངས་མིན་ཉི་མ་ལྷ་སར། །འབྱོར་བ་བྱེད་དགོས་གསུངས་པས། །རྗེ་བཙུན་གཙང་མཆོག་བུ་ཁྲིད། །ཁྲིད་པར་རྒྱུ་མཚན་མེད་ཅིང༌། །འཇོག་པར་སེམས་ཁྲལ་ལྕི་བས། །རྗེ་བཙུན་བདེ་ཐབས་ཆེད་དུ། །ཟླ་གསུམ་མཚམས་ལ་བཞུགས་ཞེས། །མཚམས་སྒོར་སྒོ་ལྕགས་བརྒྱབ་ཅིང༌། །ཟས་སོགས་ཇི་དགོས་ཚང་མ། །གནམ་སྒོའི་ནང་ནས་གཏོང་རྒྱུར། །མངགས་ཏེ་མ་འདོད་བཞིན་དུ། །ལྷ་སའི་ཕྱོགས་སུ་ཐོན་ཏོ།།
༈ ཟླ་མེད་མཚན་མོ་ནག་པ། །ཉི་མེད་གྲང་ངར་ཆེ་བ། །གྲོགས་མེད་སེམས་པ་སྐྱོ་བ། །ལས་མེད་ཉི་མ་རིང་བ། །ཨ་ཙི་གཙང་གི་རྗེ་བཙུན། །སྒོམ་པའི་བླ་མའི་ཞལ་རས། །ཡིད་ལ་འཆར་རྒྱུ་མེད་པར། །མ་སྒོམ་དགྲ་འདུལ་ཞལ་རས། །ཡིད་ལ་ཝ་ལེར་དྲན་འདུག །དགོས་པའི་མཆོད་པའི་གཏོར་མ། །བཞེངས་རྒྱུ་གཏིང་བརྗེད་ཕྱིན་ཏེ། །མི་དགོས་མཆོད་པའི་མར་ལ། །བྱམས་པའི་བཞིན་རས་བཅོས་སོ། །ཚུལ་དེ་གཟེ་མ་རྭ་མགོ། །ཞེས་འབོད་སྙིང་ནག་གཡོག་མོས། །མཐོང་སྟེ་ཡིད་ཀྱི་མཁའ་ལ། །དོགས་པའི་སྤྲིན་ནག་འཁྲིགས་སོ། །མཚན་མོ་ཞི་མི་བཞིན་དུ། །སྒྲ་མེད་དལ་བུར་སོང་ངོ༌། །སོང་ནས་སོ་པ་བཞིན་དུ། །འཇབ་ནས་རྒྱུན་རིང་བརྟག་པས། །མཚན་ཞིག་རྗེ་བཙུན་ས་གཞིས། །བླ་ཆས་སེར་པོ་ཕུད་དེ། །ཕྱུ་པ་ལྗང་མྱུག་གྱོན་ཐོག །རྒྱན་ཆའི་མེ་ཏོག་སྤུད་པའི། །གསང་བའི་ཡུལ་ལྗོངས་མཐོང་བས། །གཡོག་མོས་དེ་མ་ཉིད་དུ། །གཟིམ་ཆུང་ནང་དུ་རྒྱུག་སྟེ། །ལྷ་ལྕམ་ལྷ་ལྕམ་ཞེས་བོས། །ལྷ་ལྕམ་ཕག་མོ་རྒྱག་པ། །རྔུར་བ་འབྲུག་སྒྲ་འཐེན་འདྲ། །གཉིད་ལམ་ལྷ་ཡུལ་མྱུལ་འདྲར། །ཡོད་མོད་གཡོག་མོས་དཀྲོག་པས། །མིག་སྐྱག་འཁོར་བའི་མིག་ཟུང༌། །ལག་པས་དལ་བུར་ཕྱིས་རྗེས། །སྡང་མིག་ཁྲ་མོ་བལྟ་བཞིན། ཁྲོ་བའི་ངག་གིས་འདི་སྐད། །
མོ་རེ་གཟེ་མ་རྭ་མགོ །
གནམ་ཆེན་ས་ལ་ལྷུངས་སམ། །
རྡོ་ཆེན་ལྷགས་པས་འཁྱེར་རམ། །
ལྕམ་ངའི་རྨི་ལམ་དཀྲོག་པའི། །
ལྟས་ངན་དོན་དག་གང་ཡོད། །ཅེས་སྨྲས་སྟོད་ལངས་བྱས་པར། །གཡོག་མོ་གཟེ་མ་ར་མགོས། །གུས་ཞབས་དང་བཅས་འདི་སྐད། །
གནམ་ཆེན་ས་ལ་ལྷུང་ཡང༌། །
ཧ་ལས་ཧང་སངས་མི་དགོས། །
དེ་ལས་ལྕམ་ཆུང་དབུ་ལ། །
འཐོམ་ཞྭ་ལྷུངས་ན་སྡུག་ག །
རྡོ་ཆེན་ལྷགས་པས་འཁྱེར་ཡང༌། །
ཧ་ལས་ཧང་སངས་མི་དགོས། །
དེ་ལས་ལྕམ་གྱི་སྙིང་སྡུག །
གཞན་གྱིས་འཕྲོགས་ན་འདུག་ག །ཞེས་སྨྲས་གོ་རྒྱུའི་གཏམ་དེས། །ལྕམ་ཆུང་ལྷ་མཛེས་སེམས་པ། །ཐུག་པ་ཁོལ་ཁོལ་འཁོལ་ཞིང༌། །ཧ་ཅང་མ་འདོད་མིག་ལོག །གློག་དམར་འཁྱུག་འཁྱུག་འཕེན་ཞོར། །
མོ་རེ་གཟེ་མ་ར་མགོ། །
ཁ་གཅིག་བསངས་ན་གོ་བདེ། །
ནམ་གཅིག་གསལ་ན་འགྲོ་བདེ། །
ཁྱོད་ལ་བརྗོད་རྒྱུ་གང་ཡོད། །
ད་ལྟ་ལམ་སེང་ཤོད་ཅིག །
ཁུངས་སྐྱེལ་ར་སྤྲོད་ཡོད་པའི། །
གཏམ་ཞིག་ཡོད་ན་ད་ཤོད། །ཅེས་སྨྲས་གཡོག་མོར་ལྡིར་བས། །གཡོག་མོ་གཟེ་མ་ར་མགོའི། ཁྱི་ཁ་དེ་ནས་འདི་སྐད།
།ཚུར་གཅིག་ཚུར་ལ་གསོན་དང༌། །
འབྲོང་རྩེའི་ལྕམ་ཆུང་སྐུ་ཞབས། །
སྤྱང་ལ་ལྐུགས་པ་ཟེར་བ། །
འབྲོང་རྩེའི་ལྕམ་ཆུང་ཡིན་འགྲོ །
རྫོང་སྡོད་ལོ་བཞིར་ཐོགས་པ། །
ག་རེའི་རྩིས་སྤྲོད་བྲེལ་བ། །
མཛུབ་མོར་གསེར་གདུབ་གྱོན་པ། །
ག་རེའི་གཙང་གི་རྗེ་བཙུན། །
ལག་ཏུ་གཡས་དུང་བསྒྱུས་པ། །
ག་རེའི་བླ་མ་རྩ་ཆེན། །
ལུས་ལ་དར་གོས་གྱོན་པ། །
ག་རེའི་གཙང་གི་རྗེ་བཙུན། །
མར་གྱིས་བྱམས་པ་བཞེངས་པ། །
ག་རེའི་རྗེ་བཙུན་སྡོམ་གཙང༌། །
ཞལ་ནས་དགྲ་འདུལ་མིང་འབོད། །
ག་རེའི་བླ་མ་སྡོམ་གཙང་། །
ལྕམ་ཆུང་སྣང་བ་མ་འཁྲུལ། །
བདག་གིས་ཞུས་པར་གསན་དང༌། །
གཙང་གི་རྗེ་བཙུན་ཟེར་བ། །
སྡེ་པའི་ཟུར་བསྟེན་མོ་རེད། །
མོ་དང་སྡེ་པ་གཉིས་པོ། །
སྔར་ནས་སྒབ་མཐུན་བྱས་འདུག །
འདི་ལ་ཡིད་ཆེས་མེད་ན། །
ང་དང་མཉམ་དུ་ཕེབས་དང༌། །ཞེས་སྨྲས་ལྕམ་ཆུང་འཁྲིད་དེ། །བུ་ཁྲིད་ངང་ཚུལ་བསྟན་པས། །ལྕམ་ཆུང་ཁོང་ཁྲོའི་མེ་ལྕེ། །དྲག་ཏུ་འབར་བའི་ཚུལ་ནི། །སོ་སྒྲ་གྲོ་ཡོས་འཆའ་འཆའ། །མིག་རྩ་གློག་དམར་འཁྱུག་འཁྱུག །གདོང་པ་ཁྲག་གིས་དམར་དམར། །ལུས་རྩ་སྦྲུལ་ཆུང་འགུལ་འགུལ། །ངང་ནས་མཚམས་སྒོར་རྡུང་སྟེ། །ལག་གིས་སྐེད་གཟེར་བྱས་ཏེ། །མིག་གིས་ཅེ་རེར་སྡིར་བཞིན། །དྲག་པོའི་ངག་གིས་འདི་སྐད། །
ཚུར་གཅིག་ཚུར་ལ་ཉོན་ཅིག །
གཙང་གི་བུ་མོ་འཆལ་མོ། །
སྡུག་ཅོག་གཞན་ལ་མ་གཡེང༌། །
ལྕམ་ཆུང་ཕྱོགས་ལ་ཉོན་ཅིག །
ལུས་ལ་དར་གོས་གྱོན་པ། །
རྗེ་བཙུན་ག་ནས་ཡིན་པ། །
ལག་ལ་གཡས་དུང་བསྒྱུས་པ། །
བླ་མ་ག་ནས་ཡིན་པ། །
མཛུབ་མོར་སོར་གདུབ་བསྒྱུས་པ། །
སྡོམ་གཙང་ག་ནས་ཡིན་པ། །
ཁྱེད་དང་སྡེ་དཔོན་སྐུ་ཞབས། །
ཁྲེལ་མེད་སྒབ་མཐུན་བྱས་ཏེ། །
ལྕམ་ཆུང་ལྷ་མཛེས་ང་ལ། །
མགོ་སྐོར་གཏོང་དོན་གང་ཡིན། །
སྒོ་མོ་ཕྱེ་ན་ཕྱེས་ཤིག །
མ་ཕྱེས་རྗེས་ལ་འགྱོད་ཡོང༌། །
སྒོ་སྟོད་སྟ་གྲིས་བཤགས་ཀྱང༌། །
ལྕམ་ཆུང་ང་ཡི་སྒོ་རེད། །
སྒོ་སྨད་རྡོག་ཐོས་བཅག་ཀྱང༌། །
ལྕམ་ཆུང་ང་ཡི་སྒོ་ཡིན། །
དེ་འདྲ་གོ་བ་ཨེ་བྱུང༌། །
སྨད་ཚོང་རྒྱལ་རྩེའི་བུ་མོ། །ཞེས་པའི་གཏམ་གྱི་འབིར་སྒྲ། །བུ་ཁྲིད་རྣ་བར་གྲགས་པས། །སྐྲག་སྟེ་བླ་རྩ་ཁུམ་ཁུམ། །རྣ་བར་སིང་སྒྲ་སིང་སིང༌། །ལུས་པོ་འདར་འདར་འཁྲུག་འཁྲུག །སྙིང་ཆུང་ལུ་གུ་ལྡིང་ལྡིང༌། །ཆགས་ཏེ་དར་ཅིག་ལུས་ཤིང༌། །དེ་ནས་ཞུམ་པའི་གདངས་ཀྱིས། །གླུ་ལན་བླངས་པ་འདི་སྐད། །
ཚུར་གཅིག་ཚུར་ལ་གསོན་དང༌། །
འབྲོང་རྩེའི་ལྕམ་ཆུང་སྐུ་ཞབས། །
གཙང་མཆོག་བུ་ཁྲིད་ཕྱོགས་ལ། །
སྙན་གྱི་དབང་པོ་གསན་དང༌། །
ཉམས་ཐག་བུ་མོ་བདག་ལ། །
སྡེ་པས་བཙན་ཤེད་བཏང་བྱུང༌། །
བདག་གིས་མི་ཡོང་ཞུས་པས། །
སྡེ་པས་གསན་དགོངས་མ་གནང༌། །

ཐུགས་དགོངས་བདེན་ནོ་བདེན་ནོ། །
འབྲོང་རྩེའི་ལྕམ་ཆུང་སྐུ་ཞབས། །
བུ་མོའི་དར་དང་གོས་ཆེན། །
ལྕམ་ཆུང་ཁྱེད་ལ་ཕུལ་ཆོག །
བུ་མོའི་གཡས་དུང་དཀར་པོ། །
ལྕམ་ཆུང་ཁྱེད་ལ་ཕུལ་ཆོག །
བུ་མོའི་གསེར་གྱི་སོར་གདུབ། །
ལྕམ་ཆུང་ཁྱེད་ལ་ཕུལ་ཆོག །
ལན་གཅིག་བུ་མོ་བདག་ལ། །
ཐུགས་རྗེས་གཟིགས་ནས་གཏོང་རོགས། །ཞེས་པའི་ཞུ་གླུའི་མེ་ལྕེ། །ལྕམ་ཆུང་སྙན་གྱི་ཁོག་མར། །གསོལ་རུང་ཉན་རྒྱུ་ལྟ་ཅི། ཁོང་ཁྲོའི་འོ་མ་ཚ་པོ། །སྔར་བས་ཚ་ཞིང་ལུད་དེ། །གླུ་ལན་ཉག་ཕྲན་རྣོ་དབལ། །སྙིང་ལ་འཕངས་པ་འདི་སྐད། །
མོ་རེ་སྡུག་ཅོག་ཉོན་ཅིག །
ཁྲེལ་དང་ངོ་ཚ་མེད་པར། །
ང་ཡི་སྡེ་པ་བསླུས་ནས། །
ལུས་འབྲེལ་བཏང་བས་མི་ཚད། །
ད་དུང་མ་ཡིན་ཡིན་མདོག །
བོང་བུས་གཟིག་པགས་གྱོན་ཏེ། །
ང་ཡི་ནང་དུ་འཛུལ་ཡོང༌། །
ནམ་ཞིག་སྡེ་པ་སླེབས་མཚམས། །
ཁྱི་སྤྱང་ལག་སྦྲེལ་བྱས་ཏེ། །
ལྕམ་ང་ཕྱི་ལ་འབུད་རྒྱུའི། །
ངན་གྲོས་ཡོད་པར་ངེས་སོ། །
ད་སྟེ་སྙིང་རྗྡེ་མི་ལྟ། །
གསོད་ལ་ཐག་ཆོད་ཡིན་ནོ། །ཞེས་སྨྲས་ང་རྒྱལ་དྲག་པོས། །གདོང་པ་དམར་བ་སྲིན་པོ། །སྐད་སྒྲ་དྲག་པ་འབྲུག་སྒྲ། །ཤུགས་དྲག་ཆེ་བ་རྦབ་རྡོ། །ལྟ་བུར་བྱས་ཏེ་མཚམས་ཀྱི། །སྒོ་སྟོད་རྣོ་དབལ་སྟ་གྲིས། །བཤགས་པ་ཤ་ཆེན་བཏུབས་འདྲ། །སྒོ་སྨད་རྡོག་རྡོའི་ཤུགས་ཀྱིས། །བཅག་པ་རུས་པ་བརྫོག་འདྲ། །བྱས་ཏེ་མཚམས་ཁང་ནང་དུ། །སྤྱང་ཀི་ལྷས་རྭར་ཤོར་ལྟར། །ངར་ཏེ་ཕྱིན་པའི་མོད་ལ། །ཉམས་ཆུང་གཙང་མཆོག་བུ་ཁྲིད། ཁྲ་ཡིས་བྱིའུ་བཟུང་འདྲ། །སྟག་གིས་རི་དྭགས་འཛིན་འདྲ། །བྱས་ཏེ་སྐྲ་ནས་བཟུང་ཞིང༌། ཁ་སྦུག་ས་རུབ་སྙམ་པ། །ཐེངས་གཅིག་བརྡབ་པའི་ཐོག་ལ། གན་ཀྱལ་ནམ་ལངས་སྙམ་པ། །ཐེངས་གཅིག་བརྡབས་པའི་རྗེས་ལ། །རྡོག་རྒྱག་ཐོ་བ་གཞུ་གཞུ། ཁུ་ཚུར་རྡོ་ཆར་བབས་བབས། །མིག་ལོག་གློག་དམར་འཁྱུག་འཁྱུག །ཚིག་ངན་བཙོག་ཆུ་བཤོ་བཤོ། །བྱས་པས་བུ་ཁྲིད་མིག་ལ། །སྐར་མདའ་བརྒྱ་ཕྲག་འཁྱུག་འདྲ། ཁབ་ཆེན་བརྒྱ་ཕྲག་བཙུགས་འདྲ། །བྱུང་ནས་དྲན་མེད་བརྒྱལ་ལོ། །དེ་མུར་གོས་རྒྱན་ཡོད་ཚད། །བཤུས་ཀྱང་གསེར་གྱི་སོར་གདུབ། །ཤ་ལ་སྦྱར་བ་བཞིན་དུ། །གནས་པས་ཐབས་ཤེས་མ་བྱུང༌། དེ་ནས་སྙིང་རྗེ་མེད་པར། །རལ་གྲིའི་འཁོར་ལོ་སད་ཀྱིས། །སྐེ་ཡི་ལྗོན་ཤིང་མེ་ཏོག །བཅད་དེ་མགོ་བོ་མལ་དུ། །བཞག་ཅིང་ལུས་པོ་འཁྱེར་ཏེ། །འབྲོང་རྩེའི་ཟམ་འོག་བསྐྱུར་རོ། །ཉ་མོ་གཤོག་སྒྲོ་ལྡན་ཡང༌། །དགུང་ལ་འཕུར་དུ་མི་རུང༌། །རང་འཚམས་ཆུ་ལ་མ་བཞག །སྐམ་ལ་འཆི་རྐྱེན་འདི་རེད། །དེས་ཀྱང་སྙིང་ཁ་མ་ཚིམ། །ཁོང་ཁྲོ་དྲག་པོའི་དབང་གིས། །ལྕམ་ཆུང་མལ་སར་ལུས་ཐོག །སྙན་རྒྱན་རིན་ཆེན་ཕ་ལམ། །གར་བཞག་བསམས་ཀྱང་མ་དྲན། །གར་ཡོད་བཙལ་ཀྱང་མ་བརྙེད། །འཇའ་ཚོན་བཞིན་དུ་ཡལ་ལོ།། །།

དགུ་པ། ཤ་ལན།
༈ གནམ་ངན་ཐལ་བ་འཁོར་འཁོར། །ས་ངན་རླུང་བུ་འཚུབ་འཚུབ། །དུས་ངན་ཉི་འོད་མེད་པའི། །ལམ་དེ་ཀྱག་གེ་ཀྱག་གེ །རྟ་ཕོས་འགྲོ་ལ་མ་འགྲོ། །གཡོག་པོས་འདོད་ལ་མ་འདོད། །མི་ཆེན་དགྲ་འདུལ་སྐུ་ཞབས། །འབྲོང་རྩེའི་ཕྱོགས་སུ་ཕེབས་བྱུང༌། །ལ་མོའི་ཕ་གིའི་རྒྱབ་བྱས། །སྤྲིན་པ་ཕ་གིའི་འོག་བྱས། །མ་མཐོང་སྙིང་གི་ཟེའུ་འབྲུ། །ག་རེ་གནང་གིན་ཡོད་དམ། །སྙམ་བཞིན་རྟ་ལ་བྲབས་སོ། །སྙིང་སྡུག་བུ་ཁྲིད་ཕྱོགས་ལ། །ད་ལྟ་སླེབས་རོགས་བྱས་ན། །སྙིང་གཏམ་ཆང་གི་བདུད་རྩིར། །གཉིས་ཀས་རོལ་ཆོག་སྙམ་ཏེ། །རྟ་ཕོར་ཡོབ་རྡུང་བྱས་སོ། །རང་ཉིད་ཡང་བསྐྱར་གཞིས་རྩེའི། །རྫོང་སྤྱིར་བཏང་བའི་གཏམ་སྙན། །འཕྲལ་དུ་བརྗོད་རྒྱུ་བྱུང་ན། །སྙམ་ཏེ་རྟ་ཕོར་སྐུལ་ལོ། །དེ་ལྟར་མྱུར་མགྱོགས་རྟ་ཡང༌། །མྱུར་པོར་མ་མངོན་དགྲ་འདུལ། །སེམས་པ་རིངས་པའི་སྟབས་ཀྱིས། །ཉི་མ་ནུབ་ལ་ཁད་དུ། །འབྲོང་རྩེའི་ཟམ་སྣེར་འབྱོར་རོ། །གློ་བུར་རྟ་ཕོ་འདྲོགས་ཤིང༌། །མིག་ཟུང་རིལ་རིལ་ངང་ནས། །རྣ་ཅོག་ཀྲོང་ཀྲོང་བྱེད་བཞིན། །རྨིག་པས་ས་ལ་གྲད་ལས། །ཟམ་སྟེང་བསྐུལ་ཀྱང་མི་འགྲོ། །དགྲ་འདུལ་སེམས་ཀྱི་ཉ་ག །དོགས་པའི་ལྗིད་ཀྱིས་ནོན་བཞིན། །ཟམ་པའི་སྟེང་ལ་བལྟ་སྐབས། །གང་དང་ཅི་ཡང་མི་འདུག །ཟམ་པའི་འོག་ཏུ་བལྟ་སྐབས། །ཀྱེ་མ༌༑ཆུ་མོའི་ཟུར་གྱི། །ཆུ་རྡོ་ཟུང་གི་དཀྱིལ་དུ། །མི་རོ་མགོ་བོ་མེད་ཅིག། །རྡོ་ལ་འཁར་ནས་ལུས་འདུག །སུ་སྙམ་འཁྲིས་སུ་བཅར་ཏེ། །ཞིབ་མོར་དཔྱོད་པའི་སྐབས་ལ། །བེམ་རོར་མགོ་བོ་མེད་ཅིང༌། །ཡུན་རིང་ཆུའི་ནང་ལུས་པས། །ངོ་རྟགས་ཆོད་ཐབས་མེད་རུང༌། །དེ་ཡི་ལག་པ་གཡོན་དུ། །རང་གི་ལྷད་མེད་རིན་ཆེན། །གསེར་ལས་གྲུབ་པའི་བརྩེ་བ། །མཚོན་ཆེད་བུ་ཁྲིད་གང་དེར། །ཕུལ་བའི་སོར་གདུབ་མཐོང་བས། །དར་ཅིག་ཧད༌༑དེ་ལུས་ཤིང༌། །དེ་རྗེས་མིག་ཆུའི་ཐིགས་ཕྲེང༌། །བེམ་རོའི་ཐོག་ཏུ་ལྷུངས་བཞིན། །བརྩེ་བའི་སྙིང་གི་གྲོགས་དེ། །འདི་ལྟར་གྱུར་པར་འགྱོད་དོ། །དེ་ལྟར་འགྱོད་པའི་རྩུབ་ཤིང༌། །གདུང་བའི་སོར་འབིགས་རྣོན་པོས། །དྲག་པོར་འཕུར་བའི་ཤུགས་ལས། ཁོང་ཁྲོའི་མེ་ལྕེ་འབར་བས། །རྟ་ཕོར་ལྕགས་ཀྱིས་བྲབས་བཞིན། །འབྲོང་རྩེ་གཞིས་ཀའི་ཕྱོགས་སུ། །གཞུ་ལས་འཕངས་པའི་མདའ་བཞིན། །སྐད་ཅིག་ཉིད་དུ་ཤོར་ཏོ། །

གཡོག་མོ་གཟེ་མ་ར་མགོ །གནོང་གིས་ཚ་གི་ཚི་གེ །གཞིས་ཀའི་རྡོ་རྐས་རིང་མོ། ཁྲག་གིས་དམར་ལོང་དགུ་ལོང༌། །ལྕམ་ཆུང་ལྷ་མཛེས་མིང་ཅན། །རྣ་རྒྱན་གཡས་མེད་གཡོན་ཡོད། །དགྲ་འདུལ་གདན་ལ་འཁོད་རྗེས། །
ཕྱགས་ལ་ཕེབས་སམ་ཕེབས་སམ། །
འབྲོང་རྩེ་སྡེ་པའི་སྐུ་ཞབས། །
སྐུ་ཐང་མཉེལ་པོ་བྱུང་ངམ། །
སྐུ་དོན་ལེགས་གྲུབ་བྱུང་ངམ། །ཞེས་པའི་དྲི་བ་གསུམ་བརྩེགས། །ལྕམ་ཆུང་ཞལ་ནས་དྲིས་པར། །དགྲ་འདུལ་ཞལ་རས་ནག་པོས། །ལན་མེད་དྲི་བ་འདི་སྐད། །
གཡོག་མོ་ཚ་གི་ཚི་གེ །
རྡོ་རྐས་ཁྲག་རལ་ཡོག་ཡོག །
སྙན་རྒྱན་ཆ་མེད་ཡ་ཏོ། །
སྔོན་མེད་ངང་ཚུལ་འདི་འདྲ། །
ཅི་ཡིན་དྲང་པོར་ཤོད་ཅེས། །སྨྲས་པར་ལྕམ་ཆུང་ཞལ་ནས། །
གཡོག་མོ་ཚ་གི་ཚི་གེ །
ལས་བྲེལ་ཆེ་བས་རེད་དོ། །
རྡོ་སྐས་ཁྲག་རལ་ཡོག་ཡོག །
བྱ་དེ་འཛིངས་པས་བྱས་སོ། །
ལྕམ་ངའི་རྣ་རྒྱན་ཕ་ལམ། །
གར་བཞག་དྲན་པས་བརྗེད་ཐལ། །ཞེས་པའི་རྫུན་གཏམ་གོས་ཀྱིས། །བདེན་པའི་ཞལ་རས་བསྒྲིབས་སོ། །དེ་ནས་དགྲ་འདུལ་སྐུ་ཞབས། །མཚམས་ཁང་ཕྱོགས་སུ་ཕེབས་སྐབས། །ལྷ་མཛེས་གདོང་གི་མཁའ་ནས། །བཅོས་མའི་ངུ་འབོད་འབྲུག་སྒྲ། །མིག་ཆུའི་ཆར་དང་བཅས་ཏེ། །དགྲ་འདུལ་སྙན་ལ་གསོལ་བར། །
ཉིན་འགའི་སྔོན་གྱི་མཚན་ལ། །
རྐུན་མ་ཧམ་ཆེན་ཞིག་གིས། །
གཙང་གི་རྗེ་བཙུན་གང་དེར། །
བཙན་གཡེམ་བྱས་པར་མ་ཟད། །
སྐུ་ལུས་དབུ་དང་འཕྲལ་ནས། །
གང་འཁྱེར་ཤེས་ཐབས་མི་འདུག །
ཀྱེ་མ་ཁྱེད་ཉིད་མེད་རིང༌། །
ངེད་ཚོར་རྐྱེན་ངན་འཕྲད་པས། །
ད་ནི་གང་དགའ་ཅི་ལེགས། །ཞེས་སྨྲས་དགྲ་འདུལ་ཞལ་ལ། །མིག་ཟུར་བལྟ་གྱིན་ངུས་སོ། །དགྲ་འདུལ་གཏམ་དེ་ཐོས་པས། །ཤར་རེར་མཚམས་ཁང་ཕྱོགས་སུ། །སོང་སྟེ་བལྟ་བའི་སྐབས་ལ། །སྙིང་སྡུག་བུ་འཁྲིད་གང་དེའི། །མཛེས་པའི་བཞིན་རས་དེ་ཉིད། ཁྲག་གིས་སྦག་སྟེ་ལུས་པ། །མཐོང་བས་སེམས་པ་སྐྱོ་ཞིང༌། །ཡང་བསྐྱར་ཞིབ་མོར་བལྟ་སྐབས། །ཞལ་གྱི་ཉ་ལྕིབས་ནང་ན། །རྣ་རྒྱན་ཕ་ལམ་མུ་ཏིག །བཟུང་བ་མཐོང་བའི་མོད་ལ། །ལག་དམར་སུ་ཡིན་རྟོགས་པས། །དེ་མུར་རལ་གྲི་རྣོན་པོ། །ལྕམ་གྱི་སྙིང་ལ་སྡིགས་བཞིན། །
མོ་རེ་ཉོན་དང་ལྕམ་ཆུང༌། །
ལྷ་མཛེས་མིང་ཅན་ཉོན་དང༌། །
བ་ཡི་རྭ་ལ་འཇུ་འཇུ། །
བྲེ་སེར་འབྲོང་ལ་མི་འགྲོ། །
གཞན་ལ་མགོ་སྐོར་གཏོང་གཏོང༌། །
དགྲ་འདུལ་ང་ལ་མི་འགྲོ། །
གཙང་གི་རྗེ་བཙུན་སྐྲོང་མཁན། །
ཁྲེལ་མེད་རྐུན་པོ་ཡིན་ན། །
ཁྱོད་ཀྱི་རྣ་རྒྱན་ཕ་ལམ། །
འདི་ནས་བརྙེད་དོན་གང་རེད། །ཅེས་པའི་སེང་གེ་ལྟ་བུའི། །ཚ་དྲིའི་གད་རྒྱང་བསྒྲགས་པས། །ལྷ་མཛེས་ཝ་མོ་སྐྲག་སྟེ། །བླ་རྩ་ཁུམ་ཡང་འདི་སྐད། །
ཚུར་གཅིག་ཚུར་ལ་གསོན་དང༌། །
གཏན་གྲོགས་དགྲ་འདུལ་སྐུ་ཞབས། །
གཙང་མཆོག་བུ་ཁྲིད་འཕྱོན་མས། །
བདག་གི་གཏན་གྲོགས་འཕྲོགས་པས། །
ཉེས་བརྡུང་གཏོང་དོན་དེ་ཡིན། །
རྗེ་བཙུན་མ་རུ་བརྫུས་ནས། །
བདག་མོ་སྒོ་ཕྱིར་སྐྲོད་སེམས། །
མགོ་བོ་གཅོད་དོན་དེ་ཡིན། །
དྲིན་ལ་དྲིན་ལན་མེད་ན། །
དྲིན་ཅན་ཉུང་དུ་ཉུང་དུ། །
ངན་ལ་ངན་ལན་མེད་ན། །
ངན་པ་མང་དུ་མང་དུ། །
འགྲོ་ཞེས་གཏམ་ལ་གྲགས་ལྟར། །
ངན་ལན་འཇལ་དོན་དེ་ལགས། །
ཁྱེད་ཀྱི་ཐུགས་ལ་ཕོག་ན། །
ཐུགས་སེམས་ང་ཡིས་གསོས་ཆོག །
ད་ཐེངས་ལྕམ་ཆུང་སྨན་ང༌། །
ཚེ་ཐར་ལན་གཅིག་གཏོང་རོགས། །
གལ་ཏེ་མི་གཏོང་ཟེར་ན། །
སྤྲང་ཕྲུག་ཆུང་ནས་གསོས་པའི། །
ཁྱེད་ལ་གོ་གནས་ཕར་ཟད། །
གཞིས་ཀ་འདི་ཡང་མི་བདག །
དེ་དུས་ལྟད་མོ་བལྟས་ཆོག །
དེ་བས་རང་རེ་གཉིས་ཀར། །
ཕན་ཡོད་མཉམ་མཐུན་བྱའོ། །ཞེས་པའི་འཇམ་རྩུབ་འདྲེས་མའི། །གཏམ་དེ་དགྲ་འདུལ་སེམས་ལ། །འབར་བའི་མེ་ལ་ཤིང་ལྟར། ཁོང་ཁྲོའི་སྣོན་མར་གྱུར་ཏེ།།
འབྲོང་རྒོད་བསད་པས་མ་ཚད། །
རྔ་མའི་དར་ལྕོག་འཕྱར་འཕྱར། །
བུ་ཁྲིད་བསད་པས་མ་ཚད། །
རྒྱུ་མཚན་མང་པོའི་ཀླན་ཀ །
མཛོ་མོ་རྭ་ཅོ་ཟིང་ཟིང༌། །
ལྟ་ཉམས་དོད་པོ་འདུག་སྟེ། །
གཉའ་སྒ་གཉའ་ཤིང་འོག་ནས། །
འབུར་རྒྱུ་ཨེ་འདུག་བལྟས་ཆོག །
ལྕམ་ཆུང་ཕག་མོ་རྒྱག་པ། །
ཁ་བཟོ་འཕེར་པོ་འདུག་སྟེ། །
དགྲ་འདུལ་རལ་གྲིའི་འོག་ནས། །
གྲགས་རྒྱུ་ཨེ་འདུག་བལྟས་ཆོག །ཅེས་སྨྲས་རྣོ་དབལ་རལ་གྲི །ཤག་ཟེ་གཡུག་ཐེངས་གཅིག་ལ། །ལྕམ་ཆུང་ཕྱེད་བཤགས་བཏང་ཞིང༌། །དེ་ནས་རྣུན་ཐེངས་གཅིག་ལ། །གཡོག་མོ་གཟེ་མ་ར་མགོའི། །སྙིང་ཁ་གཏལ་འབིགས་བཏང་སོང༌། །

དེ་ནས་ཕྱིར་བལྟས་མེད་པར། །དགྲ་འདུལ་རི་ཁྲོད་ཕེབས་སོ། །འཁོར་འབངས་རྩྭ་བཞིན་དོར་ནས། །དབེན་པའི་གནས་སུ་བཞུགས་སོ། །རྒྱུ་འབྱོར་རྒྱབ་ཏུ་བསྐྱུར་ནས། །བྲག་ཕུག་མདུན་དུ་བསུས་སོ།། །།

6 comments:

  1. ཚིག་བཅད་ཀྱི་ཐོག་ནས་སྒྲུང་དང་རྒྱལ་རབས་སོགས་འབྲི་རྒྱུར་དཀའ་ཁག་ཆེན་པོ་ཡོད་པ་ཡིན་ཡང་སྐུ་ངོ་ལགས་ནས་སྙན་པོ་བྲིས་འདུག་པར་མ་ཟད། དེང་དུས་ལ་དགོས་པའི་'ཚྭ་ལྒོག་གཡེར་གསུམ་'ཡང་ཚང་མ་འདུས་འདུག་པས་དེང་རབས་དང་མཚུངས། ཧ་ཧ་ཧ།
    གཙང་ཁུལ་གྱི་སྒྲུང་མང་པོ་ཞིག་ནང་ཕན་ཚུན་སྙན་ངག་གྱི་ལམ་ནས་བརྗོད་པ་མང་པོ་ཞིག་མཐོང་རྒྱུ་འདུག དཔེར་ན། ༼སྣང་ས་༽ ༼འགྲོ་བ་བཟང་མོ༽ སོགས་ལྟ་བུ་རེད། འོན་ཀྱང་སྤྱི་ཚོགས་ཀྱི་འཚོ་བར་སྦྱར་བའི་སྒྲུང་རིགས་ལ་གལ་སྲིད་ལས་བྱ་བ་བཅོས་མ་ཞིག་གིས་'ཀ་རྩོམ་'དང་'སྲོལ་རྒྱུན་སྙན་ཚིག་'གི་ལམ་ནས་ཕན་ཚུན་དགའ་སྡུག་གཏམ་གླེང་སོགས་བྱེད་པ་ཡོད་སྲིད་ཚེ་འདི་བོད་རང་ལ་ཡོད་པའི་ཐུན་མིན་གྱི་ཁྱད་ཡོན་ཞིག་རེད་སྙམ།

    ReplyDelete
  2. ཚིག་སྦྱོར་བདེ་ལ་གོ་བདེ་བ། དོན་གསལ་ལ་མི་སྣའི་ཡིད་དང་ལུས་ཀྱི་རྣམ་པ་གསལ་བར་འཆར་པ་ཞིག་བྲིས་འདུག ད་དུང་མུ་མཐུད་འདི་འདྲ་འབྲི་རོགས།

    རིང་འདྲིས་གྲོགས་མིང་འབུམ་སྟེང་དཀོན་མཆོག་པས།

    ReplyDelete
  3. ཉི་ཟླ་འོད་ཟེར་རྒྱལ་མཚན་ལགས། བོད་ཀྱི་དམངས་སྒྲུང་མང་པོ་ཞིག་དང་ལྷག་པར་གཙང་ཁུལ་གྱི་སྒྲུང་ནང་། མི་སྣའི་སྐད་ཆ་དེ་ཚོ་ཚིག་བཅད་དུ་སྡེབ་པ་ཞིག་རྒྱུན་དུ་མཐོང་རྒྱུ་འདུག ང་ཆུང་དུས་རྒན་རབས་ཚོས་སྒྲུང་འདི་རིགས་གསུང་གི་རེད། དེ་དུས་བརྙན་འཕྲིན་སོགས་མགོ་འཁོར་ས་མེད་སྟབས་དགོང་མོ་སྒྲུང་ལ་ཉན་རྒྱུ་དེ་སྐྱིད་ཤོས་དང་དགའ་ཤོས་ཤིག་ཡིན། སྒྲུང་ནང་གི་མི་སྣའི་སྐད་ཆ་ཚིག་བཤད་དེ་ཚོ། རྒན་རབས་ཚོས་དབྱངས་རྟ་དང་བཅས་ཏེ་གསུངས་ཀྱི་རེད། དཔེ་མི་སྲིད་པའི་སྙན་པོ་འདུག ཉེ་དུས་སྣང་གསལ་བསྟན་འཛིན་ནོར་བུས་སྦལ་པ་ཆུང་ཆུང་ཞེས་པའི་དམངས་སྒྲུང་ཞིག་རི་མོས་བརྒྱན་ཏེ་བཏོན་འདུག སྒྲུང་དེ་ང་ཆུང་དུས་གོ་མྱོང་། ངས་རང་གི་བུ་ལ་སྒྲུང་དེ་དབྱངས་རྟ་དང་བཅས་ཏེ་བཤད་པས། ད་བུས་སྒྲུང་དེ་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ངའི་བཟའ་ཟླ་དགེ་རྒན་རེད། ཁོང་གིས་སྒྲུང་དེ་འཛིན་གྲྭའི་ནང་བཤད་འདུག ཕྲུ་གུ་ཚང་མས་དགའ་མོས་ཆེན་པོ་བྱེད་ཀྱི་འདུག་ཟེར། དེར་བརྟེན། སྒྲུང་དེབ་དེ་སྃ་བྷོ་ཊ་བོད་གཞུང་སློབ་གྲྭའི་ཡིག་ཚང་གིས་བསྐྱར་དུ་པར་སྐྲུན་གནང་གཏན་འཁེལ་འདུག གནའ་སྔ་མོ། སྒྲུང་ལྡེའུ་བོན་གསུམ་གྱིས་བོད་ཀྱི་སྲིད་བསྐྱངས་ཞེས་པ་དེ་ལ་དངོས་གནས་གོ་རྒྱུ་ཆེན་པོ་འདུག བོན་གྱི་གསུང་རབ་ཁག་གི་ནང་གནའ་བོའི་སྒྲུང་སྙན་པོ་དེ་འདྲ་ཡོད་ན་ལེགས་སྒྲིག་གནང་རན་འདུག

    ReplyDelete
  4. འབུམ་སྟེང་དཀོན་མཆོག་ལགས་ཕེབས་པར་དགའ་བསུ་ཡོད། སྒྲུང་འདི་སྔོན་མ་མཐོ་རིམ་རིག་གནས་རབ་འབྱམས་པའི་རྩོམ་རིག་ཡིག་རྒྱུགས་ཀྱི་ཆེད་དུ་བྲིས་པ་ཞིག་ཡིན། ཕལ་ཆེར་《གངྒའི་བཞད་སྒྲ་》ཞེས་པའི་དུས་དེབ་དེའི་ནང་བཏོན་ཡོད་དྲན། ད་ཆ་འདི་འདྲ་འབྲི་བའི་སེམས་ཤུགས་ཞེ་དྲག་རང་མི་འདུག གཙོ་བོ་བྲེལ་ཟིང་ཆེ་བས་རེད། ཅུང་ཟད་ལྷོད་པའི་དུས་ཤིག་བྱུང་ན་མུ་མཐུད་སྒྲུང་འབྲི་ཐུབ་སྲིད།

    འདིར་ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས།

    ReplyDelete
  5. སྒྲུང་སྙན་པོ་བྲིས་འདུག་ཐུགས་རྗེ་ཆེ། མུ་འཐུད་དེ་སྤེལ་རོགས་ཞུ།

    ReplyDelete