2010-06-13

ཀ་རྩོམ་བརྩེ་བའི་སོར་གདུབ།

ཀ་བ་མེད་པའི་ཁང་པ་གཅིག་གི་ནང་།།
ཁ་སྤུ་ཅན་གྱི་བུ་ངས་ཁྱེད་རང་དྲན།།
ག་དུས་ཡིན་ཡང་དགའ་བའི་བུ་མོ་ཁྱེད།།
ང་ཡི་པང་དུ་ནམ་ཞིག་ཕེབས་ཡོང་དྲན།།
 

ཅ་ཅོའི་སྒྲ་མེད་ཁུ་སིམ་མཚན་མོ་རུ།།
ཆ་དང་ཆ་བྱས་གཞན་དག་ཉལ་ཡོད་ངེས།།
ཇ་ལ་ཚ་མེད་ལྟ་བུའི་ཕོ་གཞོན་ང་།།
ཉྭ་ཁུག་གྲང་མོར་རྨི་ལམ་ཞིག་ལ་རེ།།


ཏཱ་རེ་སྒྲོལ་མ་འདྲ་བའི་མཛེས་ལྡན་ཁྱེད།།

ཐ་ཤལ་རེད་ཅེས་ཞུ་སྤོབས་མི་འདུག་ཀྱང་།།
ད་དུང་བརྩེ་བ་ཟབ་པའི་བུ་ང་ལ།།
ན་ཚར་དགོས་རྒྱུའི་སྨན་དེ་མ་གནང་ཅི།།

པ་ར་ཤོ་ལ་ཤོ་མིག་གཉིས་ཚང་འདུག །

ཕ་རོལ་ཁྱིམ་ལ་བཟའ་ཟླ་གཉིས་ཚང་འདུག །
བ་མོར་འགྲོ་རོགས་གླང་གོག་སེར་པོ་འདུག །
མ་བཟང་བུ་ངར་གཏན་གྲོགས་ཁྱེད་རང་དགོས།།

ཙ་རི་བསྐོར་བའི་བློ་སྟོབས་མེད་ན་ཡང་།།

ཚ་གྲང་དཀའ་སྡུག་གང་བྱུང་བཟོད་སྙམ་ཡོད།།
ཛ་དྲག་ཆེན་པོའི་དམ་བཅའ་མེད་ན་ཡང་།།
ཝ་མོ་ལྟ་བུའི་གཡོ་སྒྱུའང་ཡོད་པ་མིན།།

ཞྭ་གོས་རྫིག་པོ་ངས་ཀྱང་ཉོས་པས་ཆོག །

ཟ་མ་ཞིམ་པོ་ཁྱེད་ཀྱིས་བཟོའང་ཤེས།།
འ་འུར་མེད་ཀྱང་བདེ་སྐྱིད་ལྡན་པ་ཡི།།
ལ་རྒྱ་ཟབ་མོ་ང་ཡིས་བཅངས་པར་ནུས།།

ར་བཟིའི་གཏམ་མིན་ཁྱེད་རང་ཕེབས་རོགས་གནང་།།

ལ་ལུང་མང་པོར་འཛེམས་དགོས་ཅང་མི་འདུག །
ཤ་དང་རུས་པའི་བརྩེ་དུང་སོར་གདུབ་འདི།།
ས་མཐའ་འདི་ནས་ཁྱེད་ཀྱིས་གོན་པར་རེད།།

ཧ་ཅང་བརྩེ་བ་ཆགས་པའི་ན་ཆུང་ཁྱེད།།

ཨ་ནི་བྱེད་རྩིས་ཡོད་ཀྱང་ཀ་ཕྲེང་འདི།།
ཨ་གསར་ཚ་པོས་ཐེངས་གཅིག་ཀློག་པར་ཞུ།།
ཧ་ལས་ཧོན་འཐོར་མེད་པར་ཀློག་རོགས་གནང་།། །།

3 comments:

  1. བུ་མོ་དེ་ཨ་ནེ་བྱ་འགྲོ་བ་ཡིན་ལ་སྐུ་ངོ་ལགས་ཐུགས་ཕམ་གནང་ངེས་རེད་འདུག་པཱ།

    ReplyDelete
  2. enjoyed reading :o)

    ReplyDelete