2010-07-22

སྤྱི་ཚོགས་དཔལ་ཡོན་*གྱི་འགོ་འཛུགས།

༅༅།། འགྲུལ་བཞུད་པ་ཁྱེད་ལ་འཚམས་འདྲི་ཞུ་བ་དང་སྦྲགས་ངོ་སྤྲོད་ཞུ་རྒྱུར། ངའི་མིང་ལ་དུས་རབས་ཀྱི་ཕོ་ཉ་ཟེར་ཞིང༌། ངས་རྟ་ཕོ་རླུང་གཤོག་དབང་པོ་དང༌། ཤིང་རྟ་འཁོར་ལོའི་མཉམ་དུ་དུས་ཚོད་ཀྱི་ཁྲོད་དུ་གསར་རྙེད་ཀྱི་ཆེད་དུ་འགྲུལ་བཞུད་བྱེད་ཀྱི་ཡོད། ངའི་ཤིང་རྟ་འཁོར་ལོ་འདི་ཇི་ལྟར་འཕུར་ཐུབ་པ་ཡིན་ནམ་ཞེ་ན། ཁྱེད་ཀྱིས་དེ་ཡང་ཐབས་ལམ་ཞིག་རྙེད་ནས་འཕུར་བ་རེད་བསམ་སྲིད། འོན་ཀྱང་དོན་དངོས་སུ་ངའི་ཤིང་རྟ་འཁོར་ལོར་ནུས་པ་སྦྱིན་མཁན་ནི་ཁྱེད་ཀྱི་དོན་གཉེར་གྱི་བློ་དེ་ལས་གཞན་མེད། དེ་ཡང་ཁྱེད་རང་ལ་ཡ་མཚན་གྱི་གནས་ཚུལ་རྣམས་ཤེས་འདོད་ཀྱི་བློ་ཇི་ཙམ་གྱིས་ཆེ་ན། ངའི་ཤིང་རྟ་འཁོར་ལོ་འདི་ཡང་དེ་ཙམ་གྱིས་ཇེ་མྱུར་དང་ཇེ་རིང་དུ་འཕུར་ཐུབ་པ་ཡིན།
             དེ་རིང་ང་ཚོ་འཛམ་གླིང་གི་གལ་ཆེའི་གསར་བཏོད་
ཁག་ཅིག་གི་དཔང་པོ་བྱེད་ཆེད། འདས་པའི་དུས་ཚོད་ཀྱི་ཁྲོད་དུ་འགྲུལ་བཞུད་བྱེད་རྒྱུ་ཡིན། དེ་ཡང་ང་ཚོས་མཐོང་ཐུབ་པ་ལྟར་གསར་བཏོད་རེ་རེས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་འཛམ་གླིང་གི་གནས་སྟངས་ལ་འགྱུར་བ་བཏང་ཡོད་ཅིང༌། དེ་དག་ད་ཆ་ང་ཚོའི་མི་ཚེའི་ཆ་ཤས་ཤིག་ཏུ་གྱུར་ཡོད།
             དུས་ཀྱི་འཁོར་ལོའི་ལྡོག་ཕྱོགས་སུ་སྐྱོད་སྐབས་ཁྱེད་རང་མགོ་ཡོམ་འཁོར་སྲིད་པས། ཤིང་རྟ་འཁོར་ལོའི་འཁོར་སྒྲོམ་ལ་དམ་པོར་འཇུ་རོགས། ང་ཚོའི་བབས་ཚུགས་དང་པོ་ནི་ལོ་ངོ་ལྔ་འབུམ་༼ ༥༠༠༠༠༠༽ ཙམ་འདས་ཟིན་པའི་གོང་དེ་ཡིན། ཁྱེད་ཀྱིས་ང་ཚོ་དང་ཐག་རིང་བའི་དམར་ལམ་ལམ་དེ་མཐོང་གི་འདུག་གམ། དེ་ནི་མེ་རེད། གདོད་མའི་མི་ཚོས་མེ་ཇི་ལྟར་སྦར་དགོས་མིན་ཤེས་ཀྱི་མེད། ཁོང་ཚོའི་མཚན་མོ་ནི་མུན་སྨག་གིས་བཏུམས་པའི་ནམ་རིང་ཞིག་ཡིན། ཁོང་ཚོས་དྲོ་བོ་ཡོང་ཆེད་སེམས་ཅན་གྱི་པགས་པའི་འོག་ཏུ་སྡེབ་འཚང་བརྒྱབ་ནས་ཉལ་གྱི་ཡོད། ཐ་ན་སྐབས་དེར་ཁོང་ཚོར་ཟས་རིགས་གཡོས་སྦྱོར་བྱེད་པའི་རིག་པ་ཙམ་ཡང་མེད།
               དེ་རྗེས་མི་ཚོས་མེ་སྦར་ཆས་ག་དུས་གསར་བཏོད་བྱས་མིན་སུས་ཀྱང་ཤེས་ཀྱི་མེད་རུང༌། གཅིག་བྱས་ན། རྡོ་གཉིས་ཕན་ཚུན་བརྡབ་པ་ལས་མེ་སྟག་འཕྲོ་བ་དེ་ལ་སུ་ཞིག་གིས་དོ་སྣང་
བྱས་པ་ལས་བྱུང་བར་སྲིད་ཅིང༌། གནའ་བོའི་གསར་གཏོད་པ་འདིས་རྡོ་གཉིས་བརྡབ་པ་ལས་འཕྲོས་པའི་མེ་སྟག་རྩྭ་སྐམ་པོའི་ཐོག་ལྷུང་དུ་བཅུག་ནས་མེ་བཟོ་ཐབས་བྱས་ཡོད་སྲིད། དེའི་རྗེས་མི་ཚོས་མེ་སྦར་
ཆས་ཀྱི་གཞུ་དང་གསོར་འབིགས་(Bow - and- drill ) གསར་བཏོད་བྱས་པ་རེད། དེ་ཡང་ཁོང་ཚོས་ཤིང་གི་དུམ་བུ་ཞིག་གི་ཐོག་གཞུས་གསོར་འབིགས་བསྐོར་བདར་བྱེད་ཀྱི་ཡོད་པ་དང༌། དེ་ལ་བརྟེན་ནས་ཤིང་གི་ཚ་ཚད་འཕེལ་ནས་མཐར་མེ་མདག་ཆགས་ཀྱི་ཡོད། མེ་མདག་དེས་མེ་སོན་བྱས་ཏེ་འབུད་རྫས་གཞན་ལ་མེ་འབར་དུ་འཇུག་གི་ཡོད་པ་རེད།
               མི་ཚོས་མེ་སྦར་སྟངས་ཤེས་རྟོགས་བྱུང་རྗེས། ཁོང་ཚོར་དགོས་མཁོ་ནམ་ཡོད་ཀྱི་སྐབས་སུ་མེ་བསྒོང་ཆོག་པ་དང༌། མེ་ལ་བརྟེན་ནས་འོད་དང༌། དྲོད་མཁོ་སྤྲོད་བྱུང་བར་མ་ཟད་ཟས་རིགས་གཡོས་སྦྱོར་ཡང་བྱེད་ཐུབ་པ་རེད། དེ་རྗེས་མི་ཚོས་མེ་སྤྱད་དེ་
འདམ་བག་ཇེ་མཁྲེགས་སུ་གཏོང་ཐབས་སྟེ། སོ་བཏང་སྟེ་རྫ་ཆས་བཟོས་པར་མ་ཟད། ལག་ཆའི་བཟོ་དབྱིབས་འདྲ་མིན་ཡང་མེ་ལ་བརྟེན་ནས་བཟོས། དེང་སྐབས་ང་ཚོས་མེ་ཕྱོགས་མང་པོར་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། སྣུམ་གྱི་མེ་ཤུགས་ལ་བརྟེན་ནས་སྣུམ་འཁོར་དང༌། གྲུ། མེ་འཁོར། གནམ་གྲུ་སོགས་འགྲོ་སྐྱོད་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་རྡོ་སོལ་གྱི་མེ་ཤུགས་ལས་གློག་སོགས་མང་པོ་མཁོ་འདོན་བྱེད་ཀྱི་ཡོད།
             ད་ནི་ང་ཚོ་གལ་འགངས་ཆེ་བའི་གསར་བཏོད་གཞན་ལ་གཟིགས་པའི་དུས་ཚོད་རེད། ཁྱེད་ཀྱི་
མིག་གཉིས་ཚུམ་ལ་དོན་གཉེར་གྱི་བློ་དེ་འཕུར་དུ་ཆུགས་ཤིག ད་ཆ་ང་ཚོ་དུས་ཚོད་ཀྱི་ལྡོག་ཕྱོགས་སུ་བསྐྱོད་བཞིན་ཡོད། སྤྲིན་ཕུང་གི་གསེང་ནས་མར་ལྟོས་དང༌། ཁྱེད་ཀྱིས་ཁྱིམ་པ་ཞིག་གིས་ས་བོན་འདེབས་བཞིན་པ་མཐོང་ངེས་ཡིན། མི་འདི་དག་ལོ་ངོ་ཆིག་ཁྲི་ཆིག་སྟོང་གི་ ༼༡༡༠༠༠༽ གོང་དུ་འཚོ་གནས་བྱེད་མྱོང་བ་རེད། ཁོང་ཚོ་ནི་འཛམ་གླིང་གི་ཞིང་པ་དང་པོ་དེ་རེད། ཁོང་ཚོའི་ལྡུམ་ར་ནི་ཆུང་ལ་ཧ་ལམ་རྩྭ་ངན་སྐྱེ་ས་ལྟ་བུའི་ཆེས་སྤྱིར་བཏང་ཞིག་རེད། འོན་ཀྱང་ལོ་ཏོག་རྒྱ་ཆེར་སྐྱེ་བ་དང་བདག་སྐྱོང་ཇེ་ལེགས་སུ་འགྲོ་རུང་བ་ཞིག་རེད།
                 མི་ཚོས་ཞིང་ལས་གསར་བཏོད་མ་བྱས་པའི་གོང༌། ཁོང་ཚོས་རི་དྭགས་རྔོན་པ་དང༌། ཉ་འཛིན་པ། རང་བྱུང་གི་འབྲས་བུ་བསྡུ་བ་བཅས་བྱས་ཏེ་ཟས་སུ་སྤྱོད་ཀྱི་ཡོད། དེར་བརྟེན་ཟས་རིགས་ཤིག་ཐོབ་པའི་ཆེད་དུ་ཁོང་ཚོ་གང་སར་གནས་སྤོ་བྱེད་དགོས་ཀྱི་
ཡོད་སྟབས་བྱ་བ་གཞན་བྱེད་པར་དུས་ཚོད་ཏོག་ཙམ་ལས་མེད། མི་ཚོས་ཞིང་ལས་བྱེད་སྟངས་ཤེས་རྗེས་ཁོང་ཚོ་ཟས་ཀྱི་ཆེད་དུ་ས་ཆ་གཞན་ལ་འགྲུལ་བཞུད་བྱེད་དགོས་མེད་སྟབས། ས་གནས་གཅིག་ལ་མཉམ་དུ་འདུས་ནས་ཞིང་ལས་གཉེར་བ་དང༌། གཏན་འཇགས་ཀྱི་སྡོད་ཁང་ཡང་བསྐྲུན་པ་རེད། འདི་ནི་འཛམ་གླིང་གི་གྲོང་གསེབ་ཨང་དང་པོ་དེ་རེད། དེ་ལྟར་དུས་ཡུན་གང་ཙམ་སོང་རྗེས་གྲོང་གསེབ་འདི་གྲོང་ཁྱེར་དུ་འགྱུར་བ་རེད།
               ཞིང་ལས་ལ་སྔོན་མའི་ཟས་རིགས་ཐབས་འཚོལ་བྱེད་སྟངས་དང་བསྡུར་ན། ལས་རྩོལ་ཉུང་ཉུ་ལས་མི་མཁོ་ཡང་། དེས་ཟས་རིགས་ཐོན་སྐྱེད་སྔོན་མ་ལས་མང་བ་བྱེད་ཐུབ་ཀྱི་ཡོད། དེར་བརྟེན་མི་ཚོར་དུས་ཚོད་མང་པོ་ཡོད་པ་དང༌། དུས་ཚོད་དེ་སྤྱད་དེ་མི་ཁག་ཅིག་ལས་རིགས་འགའ་ཞིག་གི་ཐོག་ཁྱད་ཡོན་ལྡན་པའི་མཁས་པ་ཆགས་པ་རེད། དེ་
ཡང་ཁག་ཅིག་ལག་ཤེས་པ་སྟེ། རྫ་མཁན་དང༌། མགར་བ། འཐག་མཁན་སོགས་ཆགས་པ་དང༌། འགའ་ཞིག་གོང་གསལ་ལག་ཤེས་མི་སྣས་བཟོས་པའི་ཐོན་རྫས་རྣམས་ཉོ་བ་དང་བཙོང་ནས་མི་ཚེ་སྐྱེལ་མཁན་གྱི་ཚོང་པར་གྱུར་པ་རེད། དེ་བཞིན་མི་ཁག་ཅིག་རོལ་མོ་བ་དང༌། འཇིམ་བཟོ་བ། སྙན་ངག་པ། ཟློས་གར་བ་སོགས་སྒྱུ་རྩལ་ལས་རིགས་པར་འགྱུར་འགོ་ཚུགས་པ་རེད།
                  དེང་སྐབས་ཟས་རིགས་ཕལ་མོ་ཆེ་ཞིང་ལས་ལ་བརྟེན་ནས་འབྱུང་གི་ཡོད་པར་མ་ཟད། ཞིང་པས་ང་ཚོར་ཟས་རིགས་ལྡང་ངེས་ཐོན་སྐྱེད་བྱས་པའི་དབང་གིས། མི་མང་ཆེ་བ་ལས་རིགས་གཞན་དག་གཉེར་བར་འགོག་རྐྱེན་གང་ཡང་མེད་པ་རེད། དེར་བརྟེན་འཛམ་གླིང་འདིར་ལས་རིགས་གཞན་དག་ག་ཚོད་བྱུང་བ་རྣམས་ཞིང་ལས་དར་བ་བརྟེན་ནས་བྱུང་བའི་ཆ་ཤས་ཤིག་ཡིན་པའི་གནས་ལུགས་འདི་ཁྱེད་ཀྱི་སེམས་ལ་གསལ་པོར་ངེས་དགོས།
                 ང་ཚོ་ཡང་བསྐྱར་ལོ་ངོ་ལྔ་སྟོང་ལྔ་བརྒྱ་༼༥༥༠༠༽འདས་པའི་གོང་
གི་ཨེ་ཤ་ཡའི་ལྷོ་ནུབ་ཀྱི་ས་ཆ་སཽ་མུར་༼Sumer(Soo muhr)༽ཞེས་པར་བསྐྱོད་པར་བྱ། འོག་ཏུ་གཟིགས་དང༌། ཁྱེད་ཀྱིས་བུ་ཞིག་གི་ཐེར་ཀ་ཞིག་འདྲུད་བཞིན་པ་མཐོང་གི་ཨེ་འདུག ཐེར་ཀ་དེར་འཁོར་ལོ་ཡོད་ཅིང༌། ཁྱེད་ནི་འཛམ་གླིང་ཐོག་འཁོར་ལོ་བེད་སྤྱོད་བྱེད་པ་དངོས་སུ་མཐོང་མཁན་དང་པོ་དེ་རེད། མི་ཚོས་སྲ་ཤིང་ལས་བཟོས་པའི་འཁོར་ལོ་གཉིས་ཅན་གྱི་ཐེར་ཀའམ་ཤིང་རྟ་འཁོར་ལོ་བཟོས་པ་དང༌། འཁོར་ལོ་ལ་བརྟེན་ནས་ཅ་དངོས་དབོར་འདྲེན་བྱེད་བདེ་བ་བྱུང་བ་རེད། དེ་རྗེས་ཁོང་ཚོས་འཁོར་ལོའི་ལྗིད་ཚད་ཇེ་ཡང་དུ་གཏོང་ཆེད། རྩིབས་ཤིང་ཅན་གྱི་འཁོར་ལོ་གསར་བཏོད་བྱས་ནས་བེད་སྤྱོད་བྱས།
                དེང་སྐབས་ང་ཚོ་ནི་འཁོར་ལོའི་རིགས་ལ་རྒྱུན་མཐུད་དུ་བརྟེན་དགོས་ཀྱི་ཡོད་པ་རེད། དཔེར་ན། སྣུམ་འཁོར་དང༌། མེ་འཁོར་སོགས་ནི་འཁོར་ལོར་བརྟེན་ནས་འགྲོ་བ་ཨ་ཅང་ཅང༌། ད་དུང་ལག་འདྲུད་འཁོར་ལོ་དང༌། འཁྱག་ཤུད་བྱེད་ཆས། རྨོད་སློག་འཕྲུལ་འཁོར་སོགས་ཀྱང་འཁོར་ལོར་བརྟེན་གྱི་ཡོད་ཅིང༌། དེ་བཞིན་འཕྲུལ་ཆས་ཏེ། ཆེ་ས་འཕྲུལ་འཁོར་ཨ་མ་༼Enginne༽ནས་

ཆུང་ས་སྤང་ལ་ཆུ་གཏོར་བྱེད་༼Sprinkler༽དང༌། གློག་གི་སྐས་འཛེགས་བར་ཚང་མ་འཁོར་ལོར་བརྟེན་ནས་ལས་ཀ་བྱེད་ཀྱི་ཡོད། སོ་འཁོར་༼Gear༽དང་ཐག་འདྲེན་འཁོར་ལོ་༼Pulley༽ཡང་འཁོར་ལོ་རེད། ཐ་ན་རླུང་འཕྲིན་གྱི་འོད་ཚད་འཚོལ་བྱེད་ཀྱི་མགོ་རྡོག་༼Knob༽ཀྱང་འཁོར་ལོ་རེད།
               ཡ། ད་ང་ཚོ་རང་ཁྱིམ་དུ་འཕུར་གྱི་ཡིན། ཁྱེད་ཀྱིས་བསམ་གཞིགས་དགོས་པ་ཞིག་ནི། ང་ཚོས་གོང་དུ་གླེང་བ་ལྟ་བུའི་གསར་བཏོད་མང་པོ་ཞིག་ས་ཁུལ་མི་འདྲ་བའི་མི་སྣ་མི་འདྲ་བས་ཐེངས་མང་པོར་གསར་བཏོད་བྱས་པ་རེད། འདི་འདྲའི་གསར་གཏོད་པ་རྣམས་དུས་ཡུན་ཤིན་ཏུ་རིང་པོའི་གོང་དུ་བྱུང་བས་ཁོང་ཚོའི་གནས་ཚུལ་ཞིབ་ཕྲ་ཡིག་ཐོག་ཏུ་ཕབ་པ་མེད་སྟབས། ང་ཚོས་ཁོང་ཚོའི་མིང་དང༌། གནས་ཚུལ་ཞིབ་ཕྲ་ཤེས་ཐབས་བྲལ་བ་རེད། འོན་ཀྱང་མིང་མེད་ཀྱི་གསར་བཏོད་པ་འདི་ཚོས་ང་ཚོའི་མི་ཚེའི་གནས་སྟངས་ལ་འགྱུར་བ་བཏང་ཡོད།། །།
        

*སྤྱི་ཚོགས་དཔལ་ཡོན་ཞེས་པ་ནི་སྐབས་འདིར་དབྱིན་སྐད་ Civilization ཞེས་པ་དེའི་དོད་དུ་སྦྱར་ཞིང༌། དེའི་དོན་ནི་ཡུལ་ལུང་སོ་སོའི་ཞིང་ལས་དང༌། ཚོང་ལས། སྒྱུ་རྩལ། ཚན་རིག་སོགས་འཚོ་བའི་གནས་སྟངས་ཚད་མཐོར་འཕེལ་བའི་དུས་སྐབས་ལ་ཟེར་བ་ཡིན།

9 comments:

  1. མཁྱེན་ཡངས་ཆུང་ཚེ་རིང་ལགས། སྐུ་ཉིད་ཀྱི་སྒྱུར་རྩོམ་དེ་ཚོ་ཡག་པོ་འདུག བསྔགས་བརྗོད་ཡོད། བཀྲ་ཤིས་ཚེ་རིང་ལགས་ཀྱི་དཔེ་དེབ་སྐོར་ལ་ཕྲན་གྱིས་སྐར་མ་ཁ་ཤས་གོང་གློག་འཕྲིན་ཞིག་ཀྱང་ཕུལ་ཡོད། ངས་མ་འདྲིས་གྲོགས་པོའི་ཚུལ་དུ་བསམ་འཆར་ཞིག་ཞུས་ན། ཉེ་དུས་གྲྭ་རོགས་བསེ་རུ་ཞེས་པ་ཞིག་གིས་ས་རཱ་མཐོ་སློབ་ཀྱི་བགྲོ་གླེང་རྩོམ་ཤོག་ཕྱོགས་སྒྲིག་བྱས་པ་ཞིག་ཕྲན་ལ་གནང་བྱུང་། དེའི་ནང་ཁྱེད་ཀྱིས་བཙན་བྱོལ་གྱི་བརྩམས་སྒྲུང་འཕེལ་རིམ་སྐོར་བྲིས་པ་དེ་འདུག་པས། ཡིད་འཕྲོག དེ་མིན་སྒྲུང་རྩོམ་ཁ་ཤས་ཀྱང་བརྩམས་པ་མཐོང་བས་རྩོམ་རྩལ་བསྔགས་བརྗོད་ཀྱི་ཡུལ་དུ་འདུག བསྒྱུར་རྩོམ་གནང་བ་ཡག་པོ་རེད། འོན་ཀྱང་དེ་ག་ཚོད་ཡག་ཀྱང་མི་གཞན་གྱིས་བྲིས་པ་ཞིག་ཚུར་བསྒྱུར་བ་ཙམ་རེད། སྐུ་ཉིད་ཀྱིས་སྐད་ཡིག་གཉིས་ཤེས་པ་དང་བོད་ཡིག་གི་རྩོམ་རྩལ་དེ་ཙམ་ཡོད་དུས། ད་ཆ་སྒྱུར་རྩོམ་ལ་དབུ་མ་འཁོར་བར་གསར་རྩོམ་གནང་དགོས་འདུག དེ་ནི་མི་ཞིག་གི་ངོས་ནས་བཤད་ན་མ་འོངས་པའི་མི་རབས་ལ་ལག་རྗེས་འཇོག་ཐབས་ཡག་ཤོས་དེ་རེད། ངས་ཁ་རི་ཁ་ཐུག་ཏུ་ཞུས་པ་འདི་ཞུ་མཁན་གྱིས་ཞུ་ཕྱོགས་ནོར་ཡང་གསན་མཁན་གྱིས་གསན་ཕྱོགས་མ་ནོར་བ་གནང་རོགས། ཁང་གསར་རྡོ་རྗེ་པས།

    ReplyDelete
  2. ཆུང་ཚེ་རིང་ལགས། ཨ་མི་རི་ཀའི་རྒྱང་སྲིང་བརྙན་འཕྲིན་ནང་ཁྱེད་ཀྱི་དྲ་ཚིགས་འདིའི་ཐོག་གླེང་བ་མཐོང་ཐོས་བྱུང་། རྩོམ་ཡིག་མུ་འཐུད་སྤེལ་རོགས། ར་ས་ཕོ་ཉས།

    ReplyDelete
  3. ང་ཚོས་གྲྭ་པ་ཞིག་གི་ཀ་རྩོམ་དེ་འདྲ་ཞིག་བྲིས་ཡོད།

    ཀ་བ་མེད་པའི་ལྟད་མོའི་ཁང་བཟང་ནང་།
    ཁ་དོག་མཛེས་པའི་གློག་གི་རི་མོ་ལ།
    ག་དུས་ཡིན་ཀྱང་བག་མེད་བལྟ་དྲག་ན།
    ང་ཚོའི་གྲྭ་ཚང་འདི་དང་ཁ་བྲལ་ཡོང་།

    ་་་་་་་་་་་་་དེ་སྐབས་རྒྱལ་སར་གློག་བརྙན་བལྟས་ནས་ཇུས་ན་ཕྱིར་བུད་བྱེད་ཀྱི་ཡོད།

    ReplyDelete
  4. དུས་ཀྱི་ཀུན་གསལ་མཛེས་པའི་རྐྱན་ཞིག་ཏུ།
    འདྲེན་མཆོག་དམ་པའི་དགོངས་པ་འོད་རླབས་འཕྲོ།
    སྙིང་རྗེ་ཆེན་པོ་མཚན་དཔེའི་ཉེ་གཞོན་ཞིག།
    ༧གོང་ས་སྐུ་ཕྲེང་བཅུ་བཞི་ཆེན་པོར་གསོལ།

    ཀུན་གཟིགས་འོད་ཟེར་སྟོང་སྡན་ཉི་མ་ཡིས།
    ཉི་ཁྱིམ་གྲངས་ཀྱི་འཛིན་པ་ཡོད་དོ་ཅོག།
    འཚེ་མེད་ཞི་བའི་ལམ་གྱི་རྨང་གཞིའི་ཐོག།
    ཁོག་ཡངས་བཟོད་བསྲན་རྩལ་བཏོན་གནང་ནས་བསྐྱངས།

    དཀོན་པའི་མཆོག་གཅིག་སྙིང་གི་ཉི་མ་ཡིས།
    རྒྱལ་ཁབ་མང་གཅོའི་སྲིད་ལུགས་བརྒྱུད་ལམ་ལས།
    ཡོངས་སུ་བསྐྱབས་པའི་འགན་ཁུར་ཕྲག་བླངས་བས།
    ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་མཛད།

    ཉེ་གཞོན་གྲངས་མེད་བསྐལ་བའི་སྔོན་རོན་ནས།
    ངེས་དོན་སྐུ་བཞིའི་གོ་འཕང་མངོན་མཛོད་ཀྱང།
    གང་ལ་གང་འདུལ་སྤྲུལ་བའི་འོད་སྣང་འབུམ།
    བསམ་བཞིན་སྲིད་པ་བཟུང་བ་ངོ་མཚར་ཆེ།

    ཐུབ་དབང་ཆོས་ཀྱི་མ་ནི་མཚོན་བྱེད་པའི།
    ༧རྒྱལ་མཆོག་དམ་པ་བསྟན་འཛིན་རྒྱ་མཚོ་ཡི།
    སྙིང་རྗེའི་གཏེར་ཆེན་སྣང་བྱེད་འཛུམ་མདངས་དེ།
    བསྐལ་བ་མ་འཇིང་བར་དུ་བརྟན་པར་གསོལ།་

    ReplyDelete
  5. མཁྱེན་ལྡན་ཁང་གསར་རྡོ་རྗེ་ལགས་ཀྱིས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ང་རང་ལ་མཚོན་ན། གསར་རྩོམ་དང་སྒྱུར་རྩོམ་གཉིས་ལས་གསར་རྩོམ་བྱ་རྒྱུ་ལས་སླ་བ་འདུག སྤུས་ཚད་ག་འདྲ་བྱུང་མིན་དེ་གནས་ཚུལ་གཞན་ཞིག་རེད། འོན་ཀྱང་དེང་སྐབས་བོད་ཡིག་ནང་གསར་རྩོམ་བྱེད་མཁན་ལྟོས་འཇོག་གི་ཆ་ནས་མང་པོ་རེད། སྒྱུར་རྩོམ་གྱི་ལས་ཀ་བྱེད་མཁན་ཉུང་ཉུང་རེད། གནས་སྟངས་དེའི་འོག་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་སྐོང་ཆེད་ང་རང་དབྱིན་ཇིའི་གནས་ཚད་ཡག་པོ་མེད་ཀྱང་ཨུ་ཚུགས་ཀྱིས་དེབ་ཁ་ཤས་བསྒྱུར་བ་ཡིན། འོན་ཀྱང་གསར་རྩོམ་དང་རྦད་དེ་ཁ་བྲལ་བ་དེ་འདྲ་མིན། མདོར་བསྡུས་ནས་ཞུས་ན། ངས་གསར་རྩོམ་དང་སྒྱུར་རྩོམ་གཉིས་ཀ་ལ་འཇུ་འདོད་ཡོད། སྐུ་ཉིད་ཀྱིས་དགོངས་འཆར་ཐད་ཀར་གནང་བ་དེས་སེམས་ལ་ཕན་པོ་བྱུང་། སླར་ཡང་ཐུགས་རྗེ་ཆེ་ཞུ།

    ReplyDelete
  6. ར་ས་ཕོ་ཉ་ལགས་ཕེབས་ཏེ་སྐུལ་མ་གནང་བར་མ་ཟད། དེ་གའི་གནས་སྟངས་མཚོན་པའི་ཀ་རྩོམ་དགོད་བྲོ་པོ་ཞིག་བཞག་གནང་བར་ཐུགས་རྗེ་ཆེ།

    ReplyDelete
  7. སྐུ་ཞབས་ཆུང་ཚེ་ལགས་སུ་ཡང་བསྐྱར་འཚམས་འདྲི་ཞུ་རྒྱུ་དང་།
    ཁྱེད་ཀྱིས་ཁང་གསར་རྡོ་རྗེའི་དྲིས་ལན་དུ་དེང་སྐབས་བོད་ཡིག་ཏུ་གསར་རྩོམ་བྱེད་མཁན་མང་པོ་ཡོད་སྐོར་གསུངས་འདུག་ཀྱང་ང་ལ་མཚོན་ན་དེང་སྐབས་ང་ཚོས་བོད་ཡིག་ཐོག་དུས་ཐོག་གི་ཆར་པ་ཞེས་པའི་དཔེ་ལྟར་གསར་རྩོམ་སྤུས་དག་དེ་འདྲ་འབྲི་མཁན་དཀོན་པོ་འདུག་སྙམ་གྱི་ཡོད། དེ་བས་ཁང་གསར་གྱིས་གསུངས་པ་ལྟར་ཁྱེད་ཀྱི་མ་འོངས་པའི་ཁ་ཕྱོགས་ལེགས་ཤོས་དེ་ནི་སྒྲུང་རྩོམ་གྱི་ཐོག་ནས་སྤྱི་ཚོགས་ནང་བག་ཆགས་འཇོག་རྒྱུ་དང་།
    དེའི་ཆེད་བརྩམ་བྱ་གསར་པའི་བླ་སྲོག་གིས་ཡོངས་སུ་ཚོས་པའི་སྒྲུང་རྩོམ་དེ་འདྲ་འབྲི་ཐབས་གནང་ན་དཔེ་ཡག་པོ་རེད།
    སྐབས་འདིར་ངས་ལོ་ཙཱ་བ་བྲག་གདོང་བཀྲིས་དབང་དོར་ལགས་ཀྱི་མྱོང་ཚོར་ཞིག་ཀྱང་ལྷང་ལྷང་དྲན་བྱུང་བ་ནི། དེ་ནི་ཁོང་གིས་ཧོམ་ལེ་ཌི་ཞེས་པའི་གཏམ་བརྗོད་ཟློས་གར་དེ་སྒྱུར་བའི་སྐབས་སུ་ཉིན་ཞིག་ཁོང་གིས་འདི་འདྲ་ཞིག་བསམ་འདུག བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་བརྗོད་བྱ་ཞིག་ཁོ་རང་ལ་སྔར་ནས་ཡོད་མུས་དང་དེ་ནི་རང་ཉིད་ཀྱིས་གསར་རྩོམ་ལ་བརྟེན་དགོས་པའི་དོན་སྙིང་ལ་གཟིགས་ཏེ་ཕྱི་མ་གཙོ་བོ་དང་ཐོག་མར་བརྩིས་གནང་འདུག
    ལྷག་པར་དུ་ད་ལྟ་ཁྱེད་རང་གིས་བྲིས་ཟིན་པའི་སྒྲུང་རྩོམ་གྱི་རིགས་ལེགས་གྲས་རྣམས་དེབ་གཟུགས་སུ་འདོན་རྒྱུ་གལ་ཆེན་པོར་མཐོང་བས་ཐུགས་འཇགས་འཚལ།
    ལྷག་པར་འདི་ཕྱོགས་སུ་གཞས་མ་གཏམ་བརྗོད་པའི་མི་སྣ་མེད་ལ་གཏམ་བརྗོད་འབྲི་མཁན་ཡང་མེད་པས་སྤྱི་ཚོགས་ཧྲིལ་པོའི་སྐད་ཡིག་ལ་གྱོང་ཆེན་པོ་ཕོག་ཡོད།
    རང་ཉིད་ལས་དོན་འདི་འདྲའི་རིགས་ལ་སྐྱེས་སྟོབས་དང་ད་ལྟའི་ཧུར་སྐྱེད་གང་ཅིའི་ཆ་ནས་ནུས་པ་ཞིག་མེད་ཀྱང།
    སྐབས་རེ་སྟོང་ཆ་དེ་ཚོས་སེམས་ལ་སུན་སྣང་དང་བྱེད་སེམས་དྲག་པོ་ཞིག་འདྲེན་གྱི་འདུག

    ReplyDelete
  8. གོང་དཀར་ངག་རྣམ་ལགས་སླར་ཡང་ཕེབས་ཏེ་སྐུལ་མ་གནང་བར་ཐུགས་རྗེ་ཆེ། རང་གི་མ་འོངས་པའི་ལས་ཀའི་ཁ་ཕྱོགས་ལ་བསམ་བློ་གཏོང་གི་ཡིན།
    ༡༽ ལོ་གཅིག་ལྷག་གི་སྔོན་ཕྲན་པ་ཝ་ར་ཎ་སི་བོད་ཀྱི་གཙུག་ལག་སློབ་ཁང་གི་རིག་རླབས་རྩོམ་དེབ་ཚོགས་པས་མགྲོན་འབོད་གནང་བ་ལྟར། ཟབ་སྦྱོང་ཞིག་ལ་གཏམ་བཤད་བྱེད་པར་བཅར་བ་ཡིན། སྐབས་དེར་སློབ་མ་མང་པོས། ངས་བརྩམས་སྒྲུང་འབྲི་མཚམས་བཞག་པར་འཁང་ར་གནང་བར་མ་ཟད། ཁ་ཤས་ཀྱིས་བརྩམས་སྒྲུང་འབྲི་མཚམས་བཞག་སྟེ་གཞུང་ཞབས་སུ་ཞུགས་པ་དེ་ནི། བཙན་བྱོལ་གྱི་བརྩམས་སྒྲུང་འཕེལ་རིམ་ནང་གི་བར་ཆད་ཡིན་པ་དང་། ཐ་ན་འདིས་ཕྱི་རབས་ལ་མིག་དཔེ་ངན་པ་བཞག་ཚུལ་གདོང་དང་གདོང་གཏུགས་ཏེ་བཤད་བྱུང་། ང་ལ་མཚོན་ན། དེ་ནི་སེམས་ཚོར་ཧ་ཅང་ཟབ་པའི་གདོང་ཐུག་ཅིག་རེད།
    ༢༽ ཉེ་དུས་ངའི་གྲོགས་པོ་སྤེན་རྡོར་དང་ཁ་པར་ནང་སྐད་ཆ་བྱུང་། ཁོང་དགེ་རྒན་རེད། ཁོང་གིས་ཡིག་སྒྱུར་ཡང་ཡིན་ལ་བརྩམས་སྒྲུང་ཡང་ཡིན་པ་ཞིག་བསྒྱུར་ན་ཡག་གི་རེད་ཟེར། མདོར་ན། སྒྲུང་མ་བརྩམས་ནའང་སྒྲུང་བསྒྱུར་ཟེར་བ་རེད།
    ༣༽ ད་ཆ་ཁང་གསར་རྡོ་རྗེ་དང་སྐུ་ཉིད་ཀྱིས་ཀྱང་སྐུལ་མ་དེ་འདྲ་ཞིག་གནང་གི་ཡོད་པ་རེད། ད་ལྟ་ངའི་ལག་ཏུ་ཟླ་བ་དྲུག་ནང་ངེས་པར་རྩ་བའི་ཆར་ཚར་དགོས་པའི་གཞུང་ལས་གལ་ཆེན་ཞིག་དང་། བསྒྱུར་རྒྱུར་ཁས་བླངས་ཟིན་པའི་དེབ་ཆེན་གཅིག་ཡོད། ད་དུང་རིག་གཞུང་གྲོས་གླེང་ཞིག་གི་ཐོག་སྒྲོག་སྦྱང་བྱེད་དགོས་པའི་དཔྱད་རྩོམ་ཞིག་ཡོད། དེ་དག་གི་ནང་ནས་བསྒྱུར་གཏན་འཁེལ་བ་དེ་ནི། ལོ་རྒྱུས་དེབ་ཆེན་ཞིག་ཡིན་ཞིང་། དབྱིན་ཡིག་མ་དཔེར་ཤོག་གྲངས་ ༩༠༠ ལྷག་འདུག དེ་དག་ཚར་སོང་ན། ཁྱེད་ཅག་གིས་སྐུལ་མ་གནང་བ་རྣམས་སྒྲུབ་ཨེ་ཐུབ་ངེས་པར་བལྟ་གི་ཡིན། ཐུགས་རྗེ་ཆེ།

    ReplyDelete