2010-09-05

རྒྱ་གར་གྱི་དགེ་རྒན་ཉིན་མོ།

༄༅། །འཛམ་གླིང་རྒྱལ་ཁབ་ཁག་གི་ནང༌། དགེ་རྒན་ནི། རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་གྱི་གཙོ་བོ་དང༌། མ་འོངས་པའི་སོན་རྩ་གསོ་སྐྱོང་བྱེད་མཁན་སོགས་སུ་ངོས་འཛིན་པ་ལྟར། བོད་ཀྱི་སྤྱི་ཚོགས་ནང་དུའང་གནའ་སྔ་མོ་ནས་དགེ་རྒན་ལ་ཆེ་མཐོང་ཆེན་པོ་ཞུ་སྲོལ་ཡོད། དེ་ཡང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་གཏན་ལ་ཕབ་པའི་མི་ཆོས་གཙང་མ་བཅུ་དྲུག་གི་ནང་དུ་ཡོན་ཏན་ཅན་ལ་གུས་བཀུར་ཞུ་དགོས་པ་གསལ་་ཡོད་པ་དང༌། རང་རེའི་བོད་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གསུང་རབ་ཁག་གི་ནང་དུ། དགེ་རྒན་ནི་ཡོན་ཏན་ཀུན་གྱི་གཞི་ཡིན་པས། དེ་ཉིད་བསྟེན་ཚུལ་མ་ལོག་པ་བྱེད་དགོས་ཚུལ་ནན་ཏན་ཆེན་པོས་གསུངས་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགེ་རྒན་ལ་ཁྲིམས་ཐོག་ནས་ཆེ་མཐོང་ཆེན་པོ་ཞུས་ཡོད། དཔེར་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང༌། སློབ་རིམ་ཚང་མའི་སློབ་དགེ་རྣམས་སྤྱི་ཚོགས་ནང་མཐོང་ཆེར་བརྩིས་ཏེ་ཤེས་ཡོན་བཟང་ཤོས་ཁག་སློབ་དགེར་འཇུག་ཐབས་བྱ་རྒྱུ་ཡིན་པ་གསལ་ཡོད་ལ། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ནང་དུའང་། བཙན་བྱོལ་བོད་མིའི་སློབ་གྲྭའི་འཛིན་སྐྱོང་ལམ་སྲོལ་དེ་དགེ་རྒན་དབུས་བཞག་ཡིན་པ་སོགས་དགེ་རྒན་གྱི་གལ་གནད་དང་བྱེད་སྒོའི་སྐོར་ཞིབ་ཕྲ་གསལ་ཡོད།

དེ་བཞིན་ལོ་ལྟར་བོད་མིའི་སློབ་གྲྭ་ཁག་གི་ནང་ཕྱི་ཟླ་ ༩ ཚེས་ ༥ ཉིན་དགེ་རྒན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་བའང་དོན་དུ་དགེ་རྒན་ལ་ཆེ་མཐོང་དང༌། གུས་བརྩི་ཞུ་ཆེད་ཡིན།

འོ་ན་ཅིའི་ཕྱིར་རྒྱ་གར་ནང་གི་བོད་མིའི་སློབ་གྲྭ་ཁག་ཏུ་དགེ་རྒན་གྱི་ཉིན་མོ་དེ་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༥ ཉིན་སྲུང་བརྩི་ཞུ་བ་ཡིན་ནམ་ཞེ་ན། དེ་ནི་ཉིན་དེར་རྒྱ་གར་གྱི་རླབས་ཆེན་གྱི་ལྟ་གྲུབ་མཁས་པ་དང༌། རླབས་ཆེན་གྱི་དགེ་རྒན་ཆེ་མོ་བ། རྒྱ་གར་གྱི་སྲིད་འཛིན་
སྐུ་ཞབས་ སར་ཝེ་པལ་ལི། རཱདྷ་ཀི་རི་ཤེ་ནན་(Sir Sarvepalli Radhakrishnan)མཆོག་གི་འཁྲུངས་ཚེས་འཁེལ་གྱི་ཡོད་སྟབས། རྒྱ་གར་རྒྱལ་ཡོངས་སུ་ཉིན་འདིར་དགེ་རྒན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད་པ་དང༌། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་ཡང་དེ་དང་སྟབས་བསྟུན་གྱིས་དགེ་རྒན་གྱི་ཉིན་མོར་སྲུང་བརྩི་ཞུ་ཡི་ཡོད།

དེ་ཡང་མཁས་པའི་དབང་པོ་དེ་ཉིད་ཕྱི་ལོ་༡༨༨༨ ལོའི་ཟླ་༩ ཚེས་༥ ཉིན་རྒྱ་གར་ལྷོ་ཕྱོགས་མ་དྷ་ར་སེ་(Madras)ནས་བྱང་ཤར་གྱི་
མཚམས་སུ་མལ་ལེ་བཞི་བཅུ་འདས་ན་སླེབས་པའི་ཡུལ་ཊི་རུ་ཊ་ནི་(Tiruttani)ཞེས་པར་སྐུ་འཁྲུངས། ཁོང་གི་ཡབ་ཡུམ་ནི་ཧིན་དྷུའི་ཆོས་ལ་དད་མོས་ཤིན་ཏུ་ཆེ་བའི་བྲམ་ཟེའི་རིགས་རྒྱུད་ཡིན་པ་དང༌། ཁོང་དགུང་ལོ་ ༡༢ བར་གྱི་དུས་སྐབས་ཚང་མ་རང་ཉིད་ཀྱི་འཁྲུངས་ཡུལ་གོང་གསལ་དེ་དང༌། དེ་མིན་ཊི་རུ་པ་ཊི༌ཞེས་པའི་ཡུལ་དུ་བསྐྱལ་ཞིང༌། ཡུལ་དེ་གཉིས་ཀ་གནས་རྩ་ཆེན་དུ་བརྩི་བས་གནས་སྐོར་བ་མང་པོ་འདུ་འཛོམས་བྱེད་སའི་ལྟེ་གནས་སུ་གྲགས་ཆེ། ཕ་མ་དང་འཚར་ལོངས་བྱེད་ཡུལ་གྱི་ཤུགས་རྐྱེན་འོག་དམ་པ་འདི་ཉིད་ཆུང་དུས་ནས་ཧིན་དྷུའི་ལྟ་གྲུབ་ཀྱི་རྣམ་གཞག་ཐད་མྱོང་རྒྱུས་ཆེན་པོ་ཡོད་པ་ཞིག་ཏུ་གྱུར།

མཁས་དབང་འདི་ཉིད་ཡེ་ཤུའི་ཆོས་ཁྱབ་སྤེལ་སློབ་གྲྭ་ནས་སློབ་སྦྱོང་གནང་རྗེས་མ་དྷ་ར་སེའི་ཡེ་ཤུའི་མཐོ་སློབ་ཏུ་སློབ་གཉེར་ལེགས་པར་གནང༌། ཁོང་ནི་ཕྱག་དེབ་ཀློག་རྒྱུར་མཉེས་ལ་མི་ཚེའི་དོན་གནད་མང་པོའི་སྐོར་ལ་ཐུགས་བསམ་གཏིང་ཟབ་པོ་བཞེས་མཁན་ཞིག་རེད། ཁོང་ཆུང་དུས་ནས་གཉེན་སྒྲིག་གནང་བ་དང༌། ཁོང་གི་སྐུ་ཟླས་ཁོང་གི་ཕྱག་ལས་སོགས་གང་ཅིར་ཕན་གྲོགས་ཆེན་པོ་ཞུས་ཡོད།

ཁོང་གི་ཕ་མེས་ཀྱི་ཆོས་ལུགས་ཧིན་དྷུ་དང༌། སློབ་གཉེར་བྱེད་ཡུལ་ཡེ་ཤུའི་སློབ་གྲྭའི་ཤུགས་རྐྱེན་གཉིས་བསྡོམས་པའི་འབྲས་བུར་མཁས་དབང་འདི་ཉིད་ཆོས་ལུགས་ཚང་མར་གུས་བརྩི་ཞུ་མཁན་ཞིག་ཏུ་གྱུར་ཡང༌། ཆོས་ལུགས་སོ་སོས་གང་དང་གང་གསུངས་པ་རྣམས་བདེན་པ་ཡིན་མིན་བརྟག་དཔྱད་གནང་མཁན་ཞིག་ཡིན།

གཙུག་ལག་སློབ་གཉེར་ཁང་ནས་སློབ་ཐོན་བྱུང་རྗེས་མཁས་པའི་དབང་པོ་འདི་ཉིད་ཕྱི་ལོ་༡༩༠༩ ལོར་མ་དྷ་ར་སེའི་གཙོ་སྐྱོང་མཐོ་སློབ་(Presidency College)ཀྱི་ལྟ་གྲུབ་མཁས་དབང་གི་ཕྱག་རོགས་སུ་བསྐོ་གཞག་བྱུང་བ་ལྟར། མཐོ་སློབ་དེར་ཁོང་གིས་སློབ་ཁྲིད་གནང་། ནམ་རྒྱུན་ལྟ་གྲུབ་ཀྱི་སློབ་ཚན་རྣམས་སློབ་ཕྲུབ་ཚོས་ཉོབ་སྣང་སྐྱེ་གཞི་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང༌། མཁས་དབང་འདིའི་སློབ་ཁྲིད་གནང་རྩལ་གྱིས་སློབ་ཕྲུག་ཚོའི་ཡིད་དབང་མེད་དུ་འཕྲོག་སྟེ། ལྟ་གྲུབ་ཀྱི་སློབ་ཚན་ལ་སྤྲོ་བ་དང་བཅས་ཏེ་ཞུགས། མཁས་དབང་འདིས་སློབ་ཁྲིད་ཙམ་དུ་མ་ཟད་སློབ་ཕྲུག་དང་འབྲེལ་ལམ་ཟབ་མོ་བཟུང་སྟེ་ཁོང་ཚོའི་བསམ་སྤྱོད་གཉིས་ཀ་ཡ་རབས་དང་ལྡན་པ་ཡོང་ཐབས་མཛད།

ཁོང་ལྟ་གྲུབ་ལ་མཁས་པའི་བསམ་བློ་བ་ཞིག་ཡིན་པ་ཙམ་དུ་མ་ཟད། རྩོམ་པ་པོ་ཞིག་ཀྱང་ཡིན་པ་སྟེ། དུས་སྐབས་དེ་ཙམ་ནས་ཁོང་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚགས་དེབ་ཁ་ཤས་ནང་ལྟ་གྲུབ་དང་ཆོས་ལུགས་ཀྱི་སྐོར་ལ་ལྗགས་རྩོམ་སྤེལ་འགོ་བཙུགས་པ་དང༌། དེ་རྗེས་རྒྱ་གར་གྱི་རྩོམ་རིག་མཁས་དབང་ཉི་དབང་མགོན་པོའམ་ར་བིན་ཏ་ར་ན་ཐ། ཊེ་གོར་(Rabindranath Tagore)གྱི་ལྟ་གྲུབ་སྐོར་ལ་དེབ་གཅིག་འབྲི་གནང་མཛད།

ཕྱི་ལོ་ ༡༩༡༨ ལོར་མའི་སོར་གཙུག་ལག་སློབ་གཉེར་ཁང་(University of Mysore)གིས་རེ་སྐུལ་ཞུས་དོན་ལྟར། སློབ་གཉེར་ཁང་དེའི་ལྟ་གྲུབ་མཁས་དབང་གི་མཚན་གནས་བཞེས་ཏེ། ལོ་ངོ་གསུམ་རིང་སློབ་ཁྲིད་མཛད་ཞོར་《དེང་གི་ལྟ་གྲུབ་ནང་ཆོས་ལུགས་ཀྱི་གོ་གནས།》(The Reign of Religion in Contemporary of Philosophy)ཞེས་པའི་དེབ་ཅིག་བརྩམས། དེབ་དེ་ནི་ལྟ་གྲུབ་ཀྱི་སྐོར་ལ་ལེགས་གྲུབ་ཤིན་ཏུ་ཆེན་པོ་བྱུང་བའི་དེབ་གཅིག་ཡིན་སྟབས། འཛམ་གླིང་གི་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་ཚན་ཁག་གི་སློབ་ཕྲུག་ཚང་མས་བལྟ་ཀློག་བྱེད་ཀྱི་ཡོད།

ཕྱི་ལོ་ ༡༩༢༡ ལོར་མཁས་དབང་འདི་ཉིད་རྒྱ་གར་ནང་གི་ལྟ་གྲུབ་མཁས་པའི་གོ་གནས་གལ་འགངས་ཆེ་ཤོས་ཏེ། ཀ་ལི་ཀ་ཏ་གཙུག་ལག་སློབ་གཉེར་ཁང་གི་བསམ་བློ་དང་བཟང་སྤྱོད་ཚན་རིག་ཁང་གི་མཁས་དབང་དུ་འདེམས་བསྐོ་གནང་བར་མ་ཟད། དབྱིན་ཡིག་ནང་རྒྱ་གར་གྱི་ལྟ་གྲུབ་སྐོར་ལ་དེབ་གཅིག་འབྲི་གནང་ཡོང་བའི་སྐུལ་མ་ཞུས། ཁོང་གི་ལྗགས་རྩོམ་ཁག་གི་ཤུགས་རྐྱེན་ལ་བརྟེན་ནས། འཛམ་གླིང་ནང་རྒྱ་གར་གྱི་ལྟ་གྲུབ་ཀྱི་རྣམ་གཞག་ལ་དགའ་མོས་དང༌། དོན་གཉེར་བྱེད་མཁན་ཤིན་ཏུ་མང་པོ་བྱུང༌།

ཕྱི་ལོ་ ༡༩༢༦ ལོའི་ཟླ་ ༦ པར་མཁས་དབང་འདི་ཉིད་ཀྱིས་ཁཱམ་བྷ་རའི་ཇིར་(Combridge)བསྐོང་ཚོགས་བྱས་པའི་དབྱིན་ཡུལ་རྒྱལ་རྒྱུད་་གཙུག་ལག་སློབ་གཉེར་ཁང་གི་ལྷན་ཚོགས་དང༌། ལོ་དེའི་ཟླ་བ་༩ པར་ཧ་ཝར་ཌི་(Harvard)གཙུག་ལག་སློབ་གཉེར་ཁང་དུ་བསྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་ལྟ་གྲུབ་མཁས་པའི་ལྷན་ཚོགས་སུ་ཚོགས་བཅར་གནང༌། སྐབས་དེའི་ཚོགས་འདུའི་ཐོག་གནང་བའི་ཁོང་གི་གསུང་བཤད་ཀྱི་ནང་དོན་གཙོ་བོ་ནི། དེང་རབས་ཀྱི་དཔལ་ཡོལ་ནང༌། ནང་བསམ་བློ་ཡར་རྒྱས་གཏོང་ཕྱོགས་མེད་པའི་སྐྱོན་གནད་སྐོར་རེད།

མཁས་དབང་འདིའི་དགོངས་པ་ཟབ་ལ་དབྱིན་སྐད་སྒྲ་དག་ལ་གོ་བདེ་བས། དུས་དེ་ནས་ཡོ་རོབ་དང་ཨ་རིའི་གྲགས་ཅན་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་གསུང་བཤད་གནང་བར་གདན་འདྲེན་ཞུ་མཁན་མང་པོ་བྱུང་ཞིང༌། ཁོང་གི་གསུང་བཤད་ཀྱིས་མི་མང་པོའི་ཡིད་དབང་མེད་དུ་འཕྲོག དེ་རྗེས་ཁོང་གིས་ཁྱབ་འཇུག་གི་འཇུག་པ་བཅུ་པ་《ཀརྐི་ཡིན་ནམ། ཡང་ན་དཔལ་ཡོན་གྱི་འབྱུང་འགྱུར་ཡིན་》(Kalki or the Future of Civilization)ཞེས་པའི་དེབ་ཅིག་བརྩམས། དེབ་འདིའི་ནང་ཚན་རིག་དང་འཕྲུལ་ཆས་ཀྱིས་མིའི་ཕྱིའི་ལུས་པོ་བདེ་ཐབས་མང་པོ་བསྐྲུན་ཡོད་པ་དངོས་འབྲེལ་ཡིན་རུང༌། མིའི་ནང་སེམས་ཀྱི་བདེ་བ་ནི་དེ་ཙམ་གྱིས་བསྐྲུན་མི་ཐུབ་པའི་སྐོར་སོགས་རྩལ་དུ་བཏོན་ནས་གསུངས་ཡོད།

མཁས་དབང་འདི་ཉིད་ལ་དབྱིན་ཡུལ་གྱི་ཨོག་སེ་ཕོར་ཊེ་(Oxford)གཙུག་ལག་སློབ་གཉེར་ཁང་ནས་གོ་གནས་ཤིག་ཕུལ་དོན་ལྟར་དེར་ཕེབས་ཏེ་མཛད་འགན་བཞེས། ཁོང་ནི་ཤར་ཕྱོགས་དང་ནུབ་ཕྱོགས་གཉིས་ཀའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་མཁས་པར་གྱུར་ཞིང༌། ཁོང་གིས་ཕྱི་རྒྱལ་ཁག་ཏུ་གསུང་བཤད་གནང་བ་ཁག་གིས་མི་མང་པོའི་བསམ་བློར་འགྱུར་བ་ཐེབས་པ་དང༌། མི་མང་པོས་རྒྱ་གར་གྱི་ལྟ་གྲུབ་ཅེས་པ་ཡང་སྙིང་གང་འདྲ་ཞིག་ཡིན་མིན་ཤེས་ཐུབ་པ་བྱུང༌། དུས་དེར་ཁོང་གིས་《སེམས་གཙོ་སྨྲ་བའི་མི་ཚེའི་ལྟ་བ》(Idealistic view of Life)ཞེས་པའི་དེབ་ཅིག་འབྲི་བར་མཛད།

ཕྱི་ལོ་ ༡༩༣༠ ལོར་མཁས་པའི་དབང་པོ་འདི་ཉིད་རྒྱ་གར་དུ་ཕྱིར་ཕེབས་ནས། རང་གི་ཕུན་སུམ་ཚོགས་པའི་ཤེས་ཡོན་དང༌། ཉམས་མྱོང༌། འཇོན་ཐང༌། བརྩོན་འགྲུས་བཅས་ལ་བརྟེན་ནས་སློབ་ཁྲིད་ཁྱད་དུ་འཕགས་པར་གནང༌། ཁོང་ཝལ་ཊར་ལ་ཡོད་པའི་ཨན་ཏ་ར་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཏུ་(Vice-chancellor of Andhra University)བསྐོ་གཞག་བྱུང་བ་ལྟར། དགེ་རྒན་དང་སློབ་ཕྲུག་གི་བློ་སྟོབས་གོང་དུ་སྤེལ་ནས་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་སྤེལ་ཐུབ་པ་བྱུང༌། དེ་འདྲའི་གྲུབ་འབྲས་ལ་བརྟེན་ནས་ཕྱི་ལོ་ ༡༩༣༡ ལོར་ཁོང་གི་གོ་གནས་སྤར།

ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་པ་དང་མཁས་དབང་འདི་ཉིད་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང༌། རིག་གཞུང༌། ཚན་རིག་བཅས་ཀྱི་ལྷན་ཚོགས་(UNISCO)ནང་རྒྱ་གར་གཞུང་གི་སྐུ་ཚབ་གཙོ་བོར་མངགས་གཏོང་གནང་བ་དང༌། ཕྱི་ལོ་ ༡༩༤༩ ལོར་ལྷན་ཚོགས་དེའི་ཚོགས་གཙོར་གྱུར། དེ་བཞིན་ ༡༩༤༧ ནས་ཁོང་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་དང༌། ༡༩༤༩ ལོར་ཨུ་རུ་སུ་མཉམ་སྦྲེལ་རྒྱལ་ཁབ་ཏུ་བཅའ་སྡོད་རྒྱ་གར་གཞུང་གི་གཞུང་ཚབ་པའི་འགན་བཞེས།

ཕྱི་ལོ་ ༡༩༦༣ ལོར་མཁས་དབང་འདི་ཉིད་ཨོག་སེ་ཕོར་ཌི་གཙུག་ལག་སློབ་གཉེར་ཁང་གི་ཤར་ཕྱོགས་ཀྱི་ཆོས་ལུགས་དང་མི་ཆོས་ཀྱི་ཐོག་སེ་ཕལ་ཌིང་(Spalding)ཞེས་པའི་མཁས་པའི་མཚན་གནས་ཐོག་གདན་འདྲེན་ཞུས་ཤིང༌། དེ་ནི་ཨེ་ཤ་ཡའི་མི་ཞིག་ལ་མཚན་གནས་གལ་ཆེན་དེ་ཕུལ་བ་ཐེངས་དང་པོ་རེད། དེར་བརྟེན་མཁས་པའི་དབང་པོ་འདིས་ཡང་བསྐྱར་གྲུབ་འབྲས་ལྡན་པའི་ལོ་ངོ་གསུམ་དབྱིན་དུ་བསྐྱལ་བ་དང༌། དེའི་རིང་ཁོང་གི་གསུང་བཤད་ཁག་《ཤར་ཕྱོགས་ཀྱི་ཆོས་ལུགས་དང་ནུབ་ཕྱོགས་པའི་ལྟ་བ།》ཞེས་པའི་འགོ་བརྗོད་འོག་པར་སྐྲུན་བྱས་ཤིང༌། སྐབས་དེའི་དུས་བབ་(Times)ཚགས་པར་གྱིས་དེ་ལ་བསྐྱར་ཞིབ་ཀྱི་དཔྱད་བརྗོད་སྤེལ་ཏེ། བསྔགས་བརྗོད་བྱས་པར་མ་ཟད། ཐ་ན་དེབ་དེ་ནུབ་ཕྱོགས་ཀྱི་དཔལ་ཡོན་གྱི་འགྱུར་འགྲོས་མཚོན་པའི་གལ་ཆེའི་མཚོན་རྟགས་ཤིག་ཡིན་པར་བཤད་ཡོད།

མཁས་དབང་འདིར་མཁས་པའི་ཆེ་མཐོང་དང་གཟེངས་བསྟོད་མཐོ་གྲས་ཁག་ཐོབ་མྱོང་ཡོད་ཅིང༌། ཨུ་རུ་སུར་གཞུང་ཚབ་ཀྱི་འགན་ཁུར་བཞེས་རྗེས་ཁོང་དང༌། སྲིད་བློན་ནེ་རུ་དང་འབྲེལ་འདྲིས་ཟབ་མོ་བྱུང་། དེ་འདྲའི་རྒྱབ་ལྗོངས་འོག་ཕྱི་ལོ་ ༡༩༥༢ ནས་ ༡༩༦༢ བར་མཁས་དབང་འདིས་རྒྱ་གར་གྱི་སྲིད་འཛིན་གཞོན་པའི་འགན་བཞེས་པ་དང༌། ཕྱི་ལོ་༡༩༦༢ ནས་སྲིད་འཛིན་གྱི་འགན་བཞེས། ཕྱི་ལོ་ ༡༩༦༧ ལོར་སྲིད་འཛིན་གྱི་ལས་གནས་ནས་འཁྱུར་རྗེས། རང་གི་དགའ་ཉེ་བློ་དཀར་ཚོ་དང་མཉམ་དུ་ལོ་ངོ་བརྒྱད་རིང་ཞི་ཞིང་བདེ་བའི་འཚོ་བར་རོལ་ཞིང༌། ཕྱི་ལོ་༡༩༧༥ ལོའི་ཟླ་བ་ ༤ ཚེས་ ༡༧ ཉིན་མཁས་པའི་དབང་པོ་འདི་ཉིད་དགོངས་པ་རྫོགས་པ་རེད།

རྒྱ་གར་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་དགེ་རྒན་ཚོགས་སྡེར་རེ་སྐུལ་གནང་དོན་ལྟར། མཁས་དབང་འདིའི་འཁྲུངས་ཚེས་དེ་དགེ་རྒན་གྱི་ཉིན་མོར་གཏན་འབེབས་དང་གསལ་བསྒྲགས་གནང་དོན་ལྟར། ལོ་ལྟར་སློབ་གྲྭ་ཁག་ཏུ་ཉིན་འདིར་སློབ་ཕྲུག་ཚོས་རང་གི་དགེ་བའི་བཤེས་གཉེན་ལ་གུས་བཀུར་གྱི་བསམ་པ་མཚོན་པའི་ཤིས་ཤོག་དང༌། ཕྱག་རྟགས། མེ་ཏོག་སོགས་འབུལ་བར་མ་ཟད། སློབ་ཕྲུག་ཚོའི་ངོས་ནས་དགེ་རྒན་ཚོར་གཞས་སྣ་དང༌། གཏམ་བརྗོད་སོགས་འཁྲབ་སྟོན་བྱེད་ཀྱི་ཡོད།

མཁས་དབང་འདིའི་གསུང་རྩོམ་མང་པོ་ཡོད་པའི་ཁྲོད་དུ་ནང་པའི་ཆོས་ཀྱི་སྐོར་གསུངས་པའང་ཡོད་ཅིང༌། རང་ཅག་གི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ༡༩༥༦ ལོར་རྒྱ་གར་དུ་ཆིབས་སྒྱུར་གནང་སྐབས། མཁས་དབང་འདི་དང་ཞལ་མཇལ་བྱུང་ཡོད་པར་མ་ཟད། མགོན་པོ་གང་གི་ལྗགས་རྩོམ་གྲགས་ཅན་རྡུལ་ཕྲན་གཅིག་ཁོ་ནའི་ནང་གི་འཇིག་རྟེན་ཞེས་པའི་ནང་དུའང་། ཁོང་གི་སྐོར་ཕྲན་བུ་བཀོད་གནང་ཡོད།   ཁོང་དང་དུས་མཉམ་གྱི་མཁས་པ་དང༌། དེང་སྐབས་ཀྱི་དཔྱད་བརྗོད་པ་ཚོས་ཁོང་ལ་གདེང་འཇོག་གནང་སྐབས། གཅིག་མཐུན་ཞིག་ཡོད་པ་ནི། མཁས་དབང་འདི་ཉིད་ལྟ་གྲུབ་ཀྱི་རྣམ་གྲངས་གཅིག་ཙམ་མ་ཟད། ལྟ་གྲུབ་ཀྱི་རྣམ་གྲངས་མང་པོ་དང༌། ཆབ་སྲིད། སློབ་ཁྲིད་སོགས་ཕྱོགས་མང་པོའི་ཐད་གྲུབ་འབྲས་དེ་ཙམ་བྱུང་བ་ནི་ཧང་སངས་དགོས་པ་ཞིག་ཡིན་པར་གླེང་གི་ཡོད།། །།

6 comments:

  1. ཁྱོད་ཀྱིས་སྤེལ་གནང་བའི་ཟིན་བྲིས་དག་ནི་དངོས་གནས་བཀླགས་སྤྲོ་ལ་དོན་སྙིང་ལྡན་པ། མ་ཤེས་པ་ཤེས་པར་བྱེད་བའི་ཟིན་བྲིས། ཤེས་པ་བསྐྱར་དུ་སྐུལ་སློང་ཐེབ་པའི་ཟིན་བྲིས། སྣ་མང་ཤེས་བྱ་ངོ་སྤྲོད་བྱེད་པའི་ཟིན་བྲིས། ཁ་བྱང་ཆུང་ཆུང་གིས་དོན་དག་ཆེན་པོ་གླེང་བའི་ཟིན་བྲིས། དོན་དག་ཆེ་ཆུང་གང་ཡིན་ཀྱང་ཞིབ་ཚགས་རང་བཞིན་དང་དོན་གནས་རང་བཞིན། ད་དུང་སེམས་ཐག་ཉེ་བའི་སྐད་ཆའི་རང་བཞིན་དང་འགུག་ཤུགས་ཀྱི་རང་བཞིན་ཡང་ཆེ་ཆེར་ལྡན་འདུག་པའི་ཚོར་བ་ངང་གིས་སྤྲོད། ཆུང་ཚེ་རིང་ལགས། ཐུགས་རྗེ་ཆེ་ཞུ།

    ReplyDelete
  2. ཡང་མིང་ཤར་མི་འདུག གཅན་བཟོད་རྒྱམ་པས།

    ReplyDelete
  3. ཡང་མིང་འབྲི་རྒྱུ་བརྗེད་འདུག གཅན་བཟོད་རྒྱམ་པས།

    ReplyDelete
  4. ངས་སྔོན་མ་ཞིག་ནས་བཙན་བྱོལ་གྱི་སློབ་གྲྭ་ཁག་ཏུ་དགེ་རྒན་གྱི་ཉིན་མོ་སྲུང་བརྩི་བྱེད་པ་འདི་རྒྱ་གར་གྱི་རླབས་ཆེན་མི་སྣ་ཞིག་ལ་གུས་བརྩི་བྱེད་ཀྱིན་ཡིན་པ་བསམ་ཡང་།སུ་ལ་གུས་བརྩི་བྱེད་དགོས་པ་དང་ཇི་ལྟར་གུས་བརྩི་བྱེད་དགོས་པ་མ་ཤེས་ནས་མགོ་རྨོངས་ཡོད་སྐབས་སྐུ་ཉིད་ཀྱིས་རྩོམ་ཡིག་ལེགས་པོ་འདི་འདྲ་བ་ཞིག་ངོ་སྤྲོད་གནང་པ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།མ་ཟད་སྐུ་ཉིད་ཀྱི་རྩོམ་ཡིག་གཞན་དག་ཚོས་ཀྱང་ང་བློ་སྐྱེད་མང་དག་ཅིག་སྤྲད་ཡོད་པས་ཞོར་དུ་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྟུལ་ཕོད་ཀྱིས།

    ReplyDelete
  5. མཁྱེན་ལྡན་གཅན་བཟོད་རྒྱམ་དང་རྟུལ་ཕོད་གཉིས་ཀྱིས་ཟིན་བྲིས་འདིར་གཟིགས་ཏེ་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ། རྒྱ་གར་གྱི་མཁས་དབང་སར་ཝེ་པལ་ལི། རཱདྷ་ཀི་རི་ཤེ་ནན་ཞེས་པ་འདིའི་མཁྱེན་ཡོན་དང་འབྲི་རྩལ་ནི་དངོས་གནས་ཧང་སངས་དགོས་པ་ཞིག་འདུག སྔོན་མ་ཕྲན་ལ་ལས་རོགས་རྣམ་རྒྱལ་རྡོ་རྗེ་ཞུ་བ། དབྱིན་སྐད་ཀྱི་གནས་ཚད་ཧ་ཅང་ལེགས་པ། ལྟ་གྲུབ་ཀྱི་རྣམ་གཞག་འདྲ་མིན་ལ་རྒྱུས་ཆེ་བ་ཞིག་ཡོད། ཁོང་གིས་རྒྱུན་དུ་ལས་ཞོར་ལ་མཁས་དབང་འདིའི་དེབ་ཀློག་གི་རེད་ལ། ལྟ་གྲུབ་ཀྱི་རྣམ་གཞག་སྟོན་པ་ལ། མཁས་དབང་འདིའི་གོང་ལ་མི་འདུག་ཟེར་གྱི་རེད། ཕྱིས་སུ་ངའི་ལས་རོགས་དེ་ཨ་རིར་ལྟ་གྲུབ་ཀྱི་རྣམ་གཞག་སྦྱོང་ཆེད་ཡིག་ཚད་བཏང་བ་རེད། ཡིག་རྒྱུགས་ཀྱང་འཕྲོད་པ་རེད། འོན་ཀྱང་མི་མང་པོས། ལྟ་གྲུབ་སྦྱང་ནས་ཆོ་ག་རེ་ཡོད་རེད། དེ་ལས་གློག་ཀླད་སྦྱོང་དགོས་སོགས་བཤད་པ་མ་ཟད། གོང་རིམ་ནས་ཀྱང་ངོས་འཛིན་དེ་འདྲ་ཞིག་གནང་བར་བརྟེན། མཐར་ཁོང་གི་སློབ་ཚན་འགྱུར་བ་བཏང་བ་རེད། ལས་རོགས་ཁོང་ལྟ་གྲུབ་འདྲ་མིན་བཀླགས་པར་བརྟེན་ནས། གཙང་བཙོག་དང་བཟང་ངན་མི་བརྩི་བ་དང་གཞན་ངོ་ལ་མི་བསྟུན་པ་སོགས་ཀྱི་སྤྱོད་པ་འཇགས་ཡོད་ཅིང་། དེ་འདྲའི་ཐོག་ནས་གངས་སྐྱིད་ཀྱི་མི་མང་པོས་ཁོང་སེམས་ཐང་ཐང་མེད་པ་ལྟ་བུར་བརྩི་བའང་བྱུང་ཡོད། གང་ལྟར་ཁོང་གི་ས་ནས་ངས་མཁས་དབང་འདིས་མཛད་པའི་དཔེ་དེབ་ཁ་ཤས་མཇལ་མྱོང་། དངོས་གནས་འཛམ་གླིང་ལ་གྲགས་པའི་མཁས་དབང་ཟེར་ན་འདི་འདྲ་ཞིག་ལོས་ཡིན་དགོས་བསམ་པ་ཞིག་འདུག ད་འབྲེལ་མེད་མང་པོ་ཞིག་འབྲི་བར་ཐལ་སོང་།
    ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།

    ReplyDelete
  6. སྣང་གསལ།September 9, 2010 at 10:03 AM

    ཆུང་དུས་གཞོན་དུས
    ཚེ་ཇི་ཙམ་ཞིག་གནས་རུང
    རིང་ནས་བརྣག་པའི་རེ་བ་དག
    ཡིད་བཞིན་དུ

    ReplyDelete