An Angel Speaks
ལྷ་མོ་ཞིག་གི་གསུང་།
ལྷ་མོ་ཞིག་གི་གསུང་།
With words, with colours, in silence
ཁུ་སིམ་མེར༌ ཚིག་དང་ཚོན་མདོག་དག་དང་ལྷན་དུ༌
they drew nigh, gave me hair and wing
ཁོང་ཚོས་ཉེ་སར་འཐེན་ཏེ༌ ང་ལ་སྐྲ་དང་གཤོག་པ་བྱིན་ཅིང་
locked me into human form.
མི་ཡི་རྣམ་པར་རྒྱས་བཏབ།
And now like any mortal
ད་ཆ༌མི་རྟག་གཟུགས་ཅན་ཀུན་དང་མཚུངས་པར༌
with silhouette and shadow
གྲིབ་ནག་དང་གཟུགས་བརྙན་ལྷན་དུ།
I am inside me.
ང་རང་ང་ཡི་ནང་ལོགས་སུ་ཡོད།
Stonemasons, painters and poets
རྡོ་བཟོ་བ་དང་རི་མོ་བ་ སྙན་ངག་པ་དག་གིས༌
laboured day and night
ཉིན་མཚན་མེད་པར་ངལ་བ་བསྟེན་ཏེ༌
to shape me out of their dreams.
ཁོང་ཅག་གི་རྨི་ལམ་ལས་ང་ལ་བཟོ་དབྱིབས་བཏོད།
I want to escape the body's cage,
ང་རང་གཟུགས་ཕུང་གི་ལྕགས་དྲྭ་འདི་ལས་བྱོལ་ཏེ༌
take back my original being: that
རང་གི་གདོད་མའི་གཟུགས་ཏེ༌
pure invisibility.
རྣམ་དག་མངོན་མེད་ཀྱི་རང་བཞིན་དེ་ བསྐྱར་ལེན་བྱེད་འདོད།། །།
(I give my support to the Universal Declaration of Linguistic Rights)
༼ངས་སྐད་རིགས་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་ལ་རྒྱབ་སྐྱོར་ཡོད།༽
༼ངས་སྐད་རིགས་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་ལ་རྒྱབ་སྐྱོར་ཡོད།༽
སྒྱུར་མཁན་གྱི་མཆན།
- སྙན་ངག་འདི་ནི་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་(President of International PEN Club)དང་རྩོམ་པ་པོ་གྲགས་ཅན་ཧོམ་རོ་ ཨར་རི་ཇི་སེ་(HOMERO ARIDJIS)ཡིས། སྐད་རིགས་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་ལ་རྒྱབ་སྐྱོར་གྱི་ཆེད་དུ་མཛད་པ་ཞིག་རེད།
- བོད་མདོ་སྨད་དུ་གངས་ལྗོངས་ཀྱི་སོན་རྩ་ཚོས། བོད་མི་རིགས་ཀྱི་བླ་སྲོག་ཆེད་དུ་ཞི་བའི་སྐད་འབོད་ཁྲོམ་སྐོར་བྱེད་པའི་ཚུལ་ལ་བསམས་ཤིང་དགའ་སྐྱོ་གཉིས་ཀ་སྐྱེས་པ་དང་མཉམ་དུ། སྙན་ངག་འདི་འདྲ་ཞིག་ཡོད་པ་དྲན་སོས་ཏེ། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣༡ ཉིན་གྱི་དགོང་མོ་རང་ཤག་ཏུ་བསྒྱུར་བའོ། འདིས་གང་ལའང་རྔོ་མི་ཐོགས་ནའང་རང་སེམས་གསོ་བ་ཙམ་ལ་ནི་ངེས་པར་ཕན་ནོ།། །།
སྐུ་ཞབས་ཆུང་ཚེ་ལགས།
ReplyDeleteརྒྱུན་རིང་མཇལ་རྒྱུ་མ་བྱུང་ཡང་བདེ་པོ་ཡིན་པའི་རེ་བ་ཡོད།
གོང་དཀར་ངག་རྣམ་ལགས། ཕྲན་བདེ་པོ་ཡིན། དྷ་ས་འདི་ནིའུ་ཡོག་ནང་བཞིན་རྒྱ་ཆེན་པོ་ཆགས་ཏེ། གཞན་དག་ཕར་བཞག གངས་སྐྱིད་ཀྱི་ལས་བྱེད་ངོ་ཤེས་ཚོ་ཡང་། གཟའ་འཁོར་ཁ་ཤས་མ་ཐུག་པ་ཡོང་གི་འདུག གཙོ་བོ་ནི་ཕྲན་པ་ཕྱི་ལ་འགྲོ་བའི་སྐབས་ཉུང་བས་རེད།
ReplyDeleteའདིར་ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས།
ངས་ཁྱེད་ཀྱི་བསྒྱུར་རྩོམ་དེ་ལན་གཅིག་ཀློག་པའི་རྗེས་ཡག་ཉེས་ཀྱི་གནས་བབ་ཞིག་བརྗོད་སྟངས་མི་ཤེས་ཀྱང་། ཁྱེད་ཀྱི་དུས་ཚོད་བཏོན་ནས་རྩོམ་ཡིག་སྤེལ་བར་དགའ་བསུ་ཞུ་ཡི་ཡིན། www.wisdommirror.com
ReplyDeleteར་ས་ཕོ་ཉ་ལགས། སྙན་ངག་ཅེས་པ་དེ་སྐད་རིགས་མི་འདྲ་བ་ལ་ཉམས་འདོན་སྟངས་ཀྱང་མི་འདྲ་བ་ཞིག་འདུག དེར་བརྟེན། སྙན་ངག་བསྒྱུར་རྒྱུ་དེ་དཀའ་ལས་ཁག་ཤོས་ཤིག་རེད། གོང་དུ་བསྒྱུར་བ་དེ་རང་མོས་སྙན་ངག་ལ་གོམས་པ་ཡོད་པ་ཚོས་གོ་ཐུབ་ཀྱང་། རང་ཅག་གི་སྲོལ་རྒྱུན་སྙན་ངག་མ་གཏོགས་རྒྱུས་མེད་པ་ཚོས། གོ་བ་ལོན་དཀའ་བ་ཙམ་མ་ཟད། ཐ་ན་འདི་སྙན་ངག་མ་རེད་ཅེས་གསུངས་སྲིད་པ་རེད།
ReplyDeleteརང་མོས་སྙན་ངག་གིས་མེ་ལོང་མའི་སྒྲིག་གཞིར་རྣ་བ་གཟེད་ཀྱི་མེད་ཀྱང་། སྙན་ཚིག་གི་ངག་ལམ་ཞིག་ཡིག་འབྲུ་དོ་མི་མཉམ་པར་སྟར་བ་ཙམ་ལའང་རང་མོས་སྙན་ངག་ཅེས་བརྗོད་ན་ནི་ཁྱད་མཚར་ལྟ་བུར་ཆགས་ཀྱི་འདུག རང་མོས་སྙན་ངག་འབྲི་སྐབས་སྦྲེལ་ཚིག་དང་ཕྲད་ཀྱིས་བྱ་བ་དེ་ཙམ་མ་བྱེད་པར་ཡིག་ཕྲེང་རེ་རེས། དངོས་ཤུགས་ཀྱི་བརྗོད་བྱ་འདོན་དགོས་པ་མིན་ནམ། སྙན་ཚིག་འདི་ལྟ་བུར་མཚོན་ན་ནི་ཚིག་རྐང་བཅད་མིན་གྱི་ཁྱད་པར་ཙམ་ལས། རང་མོས་སྙན་ངག་གི་ཁྱད་ཆོས་འབུར་འཐོན་ཞིག་ཇི་ལྟར་བྱས་ནས་ཤོད་དགོས་སམ།
ReplyDeleteཆུང་ཚེ་ལགས། ངས་འདི་རང་མོས་སྙན་ངག་མིན་ཞེས་སྨྲ་རྒྱུའི་སྤོབས་མི་འདུག་སྟེ། རང་མོས་སྙན་ངག་གི་ཁྱད་ཆོས་འབུར་གསལ་ཞིག་མི་འདུག་ཅེས་སྨྲ་འདོད། ལར་ནས་རང་མོས་སྙན་ངག་གི་ཁྱད་པར་དེ་རྩོམ་ཚུལ་ལམ་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་ཡིན་པ་ལས། རྩོམ་ལུས་ཙམ་གྱི་ཐོག་ནས་ཨ་ཡིན་སྙམ། ད་ལྟ་ང་ཚོས་མང་ཆེ་བས་འབྲི་བཞིན་པའི་ཚིགས་ཁྱིམ་རྐང་བཅུ་དྲུག་ཅན་དེ་ཚོར་ཡང་སྙན་གཞུང་ལས་བརྒལ་བའི་སྐྱོན་མང་དག་ཅིག་ཡོད་པས་སྲོལ་རྒྱུན་སྙན་ངག་ནི་མིན་པས། རང་མོས་སུ་བརྩི་རྒྱུ་མིན་ནམ།
ཁུ་སིམ་མེར༌ཚིག་དང་ཚོན་མདོག་དག་དང་ལྷན་དུ་ཁོང་ཚོས་ཉེ་སར་འཐེན་ཏེ༌ང་ལ་སྐྲ་དང་གཤོག་པ་བྱིན་ཅིང་མི་ཡི་རྣམ་པར་རྒྱས་བཏབ།
ད་ཆ༌མི་རྟག་གཟུགས་ཅན་ཀུན་དང་མཚུངས་པར༌གྲིབ་ནག་དང་གཟུགས་བརྙན་ལྷན་དུ་ང་རང་ང་ཡི་ནང་ལོགས་སུ་ཡོད།
རྡོ་བཟོ་བ་དང་རི་མོ་བ་ སྙན་ངག་པ་དག་གིས༌ཉིན་མཚན་མེད་པར་ངལ་བ་བསྟེན་ཏེ༌ཁོང་ཅག་གི་རྨི་ལམ་ལས་ང་ལ་བཟོ་དབྱིབས་བཏོད།
ང་རང་གཟུགས་ཕུང་གི་ལྕགས་དྲྭ་འདི་ལས་བྱོལ་ཏེ།
རང་གི་གདོད་མའི་གཟུགས་ཏེ༌རྣམ་དག་མངོན་མེད་ཀྱི་རང་བཞིན་དེ་བསྐྱར་ལེན་བྱེད་འདོད།། །།
རང་མོས་སྙན་ངག་གི་གོ་དོན་ངོ་མ་ཤེས་པར། བོད་སྐད་ཀྱི་སྙན་ངག་ལ་གཞི་བྱེད་པ་ལས་དབྱིན་སྐད་རང་ལ་ཁུངས་གཏུགས་ན་ཅུང་འཚམས།
ReplyDelete༡༽ རང་མོས་སྙན་ངག་ཏུ་གྲགས་པ་དེ་ནི་དབྱིན་སྐད་དུ་ Free verse ཞེས་པ་དེ་རེད། བོད་སྐད་དུ་བསྒྱུར་ན། གྲོལ་བའི་རྐང་པའམ་རང་དབང་གི་ཚིག་རྐང་ལྟ་བུ་ཞིག་རེད། གྲོལ་བ་ཞིག་ཇི་ལྟར་ཡིན་ཟེར་ན། སྔོན་གྱི་སྙན་ངག་རྙིང་པའམ་རྒྱུན་སྲོལ་གྱི་སྙན་ངག་ Rondeau ཞེས་པ་ལྟ་བུར་མཚོན་ན་སྒྲིག་གཞི་ཧ་ཅང་དམ་པོ་རེད། དཔེར་ན།
WE wear the mask that grins and lies, (A)
It hides our cheeks and shades our eyes,— (A)
This debt we pay to human guile; (B)
With torn and bleeding hearts we smile, (B)
And mouth with myriad subtleties. (A)
Why should the world be over-wise, (A)
In counting all our tears and sighs? (A)
Nay, let them only see us, while (B)
We wear the mask. (C)
We smile, but, O great Christ, our cries (A)
To thee from tortured souls arise. (A)
We sing, but oh the clay is vile (B)
Beneath our feet, and long the mile; (B)
But let the world dream otherwise, (A)
We wear the mask! (C) ལྟ་བུར་ཆ་བཞག་ན། ཤོ་ལོ་ཀ་རྗེས་མཐུན་པ་གསུམ་གྱི་ནང་། སྒྲ་མཚུངས་དང་ཟློས་སྒྲ་རྟགས་བཏབ་པ་ལྟར་རིམ་པ་བཞིན་(1) A A B B A (2) A A B : C (3) A A B B A C ཡོད་པ་རེད།
རང་མོས་སྙན་ངག་ནི་དེ་ལྟ་བུའི་སྒྲིག་འཛུགས་དང་བཀག་རྒྱ་ལས་གྲོལ་ཏེ་བཀོད་པའི་སྙན་ངག་ལ་ཟེར་ཡང་། རང་མོས་སྙན་ངག་ཡིན་ན་ཁྲིམས་མེད་སྒྲིག་མེད་ཅིག་ཀྱང་རྩ་བ་ནས་མ་རེད། རྩོམ་རིག་གང་ཞིག་ཡིན་ནའང་། མཚོན་བྱ་དང་མཚོན་བྱེད་གཉིས་ཡོད་པ་ལས། རང་མོས་སྙན་ངག་དེ་མཚོན་བྱེད་ཚིག་གི་སྒྲོམ་གཞི་དང་མཚོན་བྱ་དོན་གྱི་གནད་ལུགས་གཉིས་ཀར་རང་དབང་གི་རྣམ་པ་ལྡན་ཐབས་བྱེད་པ་ཡིན། དཔེར་ན། མཚོན་བྱ་ལྟ་བུར་མཚོན་ན། སྲོལ་རྒྱུན་སྙན་ངག་གིས་བརྗོད་བྱ་ངེས་གཏན་ཞིག་མཚོན་པར་བྱེད་ཀྱང་། རང་མོས་སྙན་ངག་ལ་དེ་འདྲའི་བརྗོད་བྱ་ངེས་གཏན་ཞིག་མེད་པ་ཤས་ཆེ། དཔེར་ན། གོང་གི་སྙན་ངག་དེའི་བརྗོད་དོན་ངོ་མ་ཡང་། རྒྱ་ཆེ་ས་ནས་རབ་རིབ་ཅིག་ལས་བསྟན་མེད་པས། ཀློག་པ་པོས་རང་རང་གི་མྱོང་བ་དང་ཁམས་གཞི་བཟུང་གོ་བ་སྣ་ཚོགས་ལེན་ཆོག་པ་ལྟ་བུ་ཡིན། མཚོན་ཐབས་ལའང་། སྲོལ་རྒྱུན་ལྟར་ངེས་གཏན་མེད་ཀྱང་། སྐབས་འདིར་ལྷ་མོས་རང་དབང་གི་སྐད་ཡིག་མཚོན་པ་དང་། ལྕགས་དྲྭས་བཀག་རྒྱ་མཚོན་པ་སོགས་མཚོན་རྟགས་ངེས་ཅན་ཡང་བཀོལ་བ་ཡིན།
༢༽ སྙན་ངག་གི་རྐང་པ་དང་གཅོད་མཚམས་ནི་ཧ་ཅང་གནད་ཆེན་པོ་ཡིན། དཔེར་ན།
ཤར་གངས་རི་དཀར་པོའི་རྩེ་མོ་ནས། །སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ། །དེ་མཐོང་བའི་མོད་ལ་བླ་མ་དྲན།། དྲིན་བསམས་ཤིང་བསམས་ན་དད་པ་སྐྱེ།། ཞེས་པ་དེ། ཤར་གངས་རི་དཀར་པོའི་རྩེ་མོ་ནས༌སྤྲིན་དཀར་པོ་གནམ་ལ་སྙེགས་འདྲ་བ༌དེ་མཐོང་བའི་མོད་ལ་བླ་མ་དྲན། །ཞེས་རྐང་པས་མ་བཅད་པར་བྲིས་ན། ཚིག་ལྷུག་རང་རེད།
༣༽ གོང་དུ་ཁོ་བོས་བསྒྱུར་བའི་སྙན་ངག་དེར་ཤོ་ལོ་ཀ་རྗེས་མཐུན་པ་བཞི་རུ་དབྱེ་ཡོད་ཅིང་། དེ་རེ་རེའི་བསྟན་དོན་ཡང་མི་འདྲ། འོན་ཀྱང་གོང་འོག་འབྲེལ་བ་ཡོད། ཚིག་རྐང་རེ་རེའི་ནང་གི་གཅོད་མཚམས་སུ་ཚེག་,རེ་ཡོད་པ་དང་། ངས་བོད་འགྱུར་ན་ཤད་འབྲི་མཚམས་དེར། དབྱིན་ཡིག་ནང་རྫོགས་ཚིག་གི་རྟགས་(.)བཀོད་ཡོད། དེར་བརྟེན། སྙན་ངག་གི་ནང་དོན་དང་རྣམ་པ་དེ། ཚིག་འབྲུ་དང་ཚིག་རྐང་ཙམ་གྱི་སྟེང་དུ་མེད་པར། གོ་རིམ་སྒྲིག་སྟངས་དང་བར་མཚམས་འཇོག་སྟངས་དེ་ཚོར་ཡང་རག་ཆེན་པོ་ལས་ཡོད།
ད་མང་པོ་འབྲི་བར་ཐལ་སོང་། ༡༩༩༤ ལོར་ངས་རང་མོས་སྙན་ངག་བྲིས་ཤིང་། རང་མོས་སྙན་ངག་ལ་ཞིབ་འཇུག་བྱས་པ་ཡིན། ཝེ་དྷ་མན་གྱི་སྙན་རྩོམ་དེ་ཚོ་མ་གོ་ནའང་། ཞེའུ་ཅིག་རེད་དྲན་ནས་བཀླགས་མྱོང་། ད་ལྟའི་ང་རང་གི་གནས་བབས་ལ་བསམ་བློ་བཏང་ན། སྐབས་དེའི་ང་དང་འབྲེལ་བ་མེད་པ་ལྟ་བུ་ཞིག་རེད། སྐབས་དེར་ང་རང་ རང་མོས་སྙན་ངག་པ་ཞིག་ཡིན་མིན་མི་ཤེས་ཀྱང་རང་མོས་ཅན་གྱི་མི་ཞིག་རེད།
ཉེ་རབས་ཀྱི་མཁས་དབང་ཀུན་དགའ་ལགས་ལྟ་བུས་རྩོམ་སྲོལ་འདི་གནའ་རབས་ནས་ཡོད་པའི་ཁུངས་གསལ་བཤད་གནང་གི་ཡོད་ཀྱང་།
ReplyDeleteཡང་ལ་ལས་དེ་ནི་ལང་ཚོའི་རྦབ་ཆུ་ནས་འགོ་ཚུགས་པའི་སྐོར་གླེང་གི་འདུག
ངས་ནི་ཁྱེད་བཞིན་འདིའི་འགོ་ཁུངས་དང་དེ་ལ་ཡང་དག་པའི་རྣམ་གཞག་གསར་པ་ཞིག་རྩོམ་དགོས་ན་དབྱིན་སྐད་ལ་མ་བརྟེན་རང་བརྟེན་ལྟ་བུར་མཐོང་གི་ཡོད།
འོན་ཏེ་རང་མོས་དང་སྲོལ་རྒྱུན་གྱི་བར་མཚམས་དེ་ངེས་ཏན་གྱི་བརྗོད་བྱ་ཞིག་ཡོད་མེད་ཐོག་ནས་གསུངས་ནའང་འཐད་དཀའ་སྟེ།
དེ་ལྟ་ན་མེ་ལོང་མར་བརྟེན་པའི་བོད་ཀྱི་རྩོམ་རིག་གི་གཞུང་ལུགས་འདི་ད་དུང་ཡང་བྱིས་པ་ལོ་བརྒྱད་ཀྱི་ན་ཚོད་ལས་མ་བརྒལ་བའི་སྣང་ཚུལ་ཆགས་སྲིད་པས། དེ་ཁྱེད་ཀྱིས་ཁས་ལེན་གནང་ཐུབ་བམ།
དེར་བརྟེན་ད་ལྟ་ང་ཚོས་རང་སྟོབས་ཀྱིས་འབྲི་བཞིན་པའི་རང་མོས་སྙན་ངག་འདི་ཚོར་ནི་གཞུང་ལུགས་ཀྱི་གཏད་སོ་གང་ཡང་མེད་པས་སྒྲིག་མེད་ཁུངས་མེད་ཀྱི་རྩོམ་སྲོལ་རང་རེད།
འོན་ཏེ་ངས་དེའི་ཁུངས་ཀྱང་ཟམ་གདོང་རིན་པོ་ཆེའི་ཁྱད་ཆོས་གསུམ་ལྡན་གྱི་སྲོལ་རྒྱུན་ཐོག་ནས་སྨྲ་གི་མེད། ད་ལྟ་ང་ཚོའི་སྙན་ངག་པ་དེ་ཚོས་ཕྱི་གླིང་གི་ལད་འབྲི་འདིའི་ཐོག་ལ་ཤོར་རྐྱང་བྱེད་པ་ལས། སྟབས་བདེ་བ་ཕན་ཐོགས་ཆེ་བའི་རྩོམ་སྲོལ་གྱི་གཞུང་ལུགས་ཀྱི་དོན་སྙིང་ལོན་ཐབས་བྱེད་ཀྱི་མེད་པ་ཁྱད་མཚར་རང་རེད།
མ་གཞི་ནས་ངས་ཀྱང་རང་མོས་སྙན་ངག་ལེགས་པོ་ཞིག་འབྲི་མྱོང་མེད་ལ་ད་ཆ་དགའ་པོའང་ཞེ་དྲག་མེད།
བར་སྐབས་གློག་ཀླད་འདིས་ཁ་ལ་ཉན་པོ་འདྲ་པོ་བྱེད་ཀྱི་འདུག་པས་ཡང་ཡང་གཅར་རྒྱུའི་གྲབས་བྱེད་ཀྱི་ཡོད།
ངེས་གཏན་གྱི་བརྗོད་གཞི་ཞེས་པ་དེར་གསལ་བཤད་ཅིག་བྱ་འདོད་བྱུང་།
ReplyDeleteསྲོལ་རྒྱུན་གྱི་སྙན་རྩོམ་དེ་ཚོ་མང་ཆེ་བའི་བསྟན་དོན་ནི། གཅིག་ལས་དུ་མ་མེད། ཚངས་མགུར་ལྟ་བུར་མཚོན་ན། ཆོས་དང་འཇིག་རྟེན་སོ་སོ་ནས་གོ་བ་མི་འདྲ་བ་གཉིས་དང་། སྦྱར་རྒྱན་ཁག་ལའང་སྒྲ་ཡི་གཅོད་མཚམས་དང་སྒྲ་མཚུངས་སོགས་ཀྱི་ཐོག་ནས་གོ་བ་མི་འདྲ་བ་ལེན་རྒྱུ་ཡོད་པའི་སྐབས་སྲིད་པ་རེད་དེ། གོ་དོན་གཅིག་གམ་གཉིས་གང་ཡོད་ཀྱང་། གསལ་པོ་དང་ངེས་པ་ཞིག་རེད། རང་མོས་སྙན་ངག་མང་ཆེ་བའི་ནང་དེ་འདྲ་མེད། སྤྱི་ཁྱབ་ཀྱི་གོ་དོན་རྒྱ་ཆེ་ས་ནས་ཚོར་འདུ་དྲག་པོས་བརྗོད་དོན་གླེང་བས། གོ་དོན་ངེས་གཏན་སྟོན་རྒྱུ་མེད། མདོར་ན། ཐང་གའི་རི་མོ་དང་དེང་རབས་ཀྱི་རི་མོ་ལྟ་བུ་རེད། ཐང་གའི་བརྗོད་དོན་ནི་ངེས་གཏན་ཞིག་རེད། དེང་རབས་ཀྱི་རི་མོ་མང་པོ་ཞིག་གི་བརྗོད་དོན་ནི་རི་མོར་ལྟ་མཁན་གྱིས་མྱོང་རོལ་བྱས་ཏེ་བཤད་རྒྱུ་ཞིག་ལས། རི་མོ་བས་རི་མོ་དེའི་ནང་དོན་འདི་ཡིན་ཟེར་བ་མེད། ཁྱེད་ཀྱིས་གང་མཐོང་བ་དེ་ག་རེད་ཅེས་ལབ་ཀྱི་ཡོད།
ཁམས་བཟང་། ཆུང་ལགས།
ReplyDeleteབོད་ཀྱི་ཐང་གའམ། ཡང་ན་ནང་མཆོད་རྫས། སངས་རྒྱས་སོགས་ཀྱི་སྐུ་བརྙན་སོགས་ཀྱི་མཚོན་བྱའི་ནང་དོན་ལ་ཁྱེད་ཀྱིས་གསུངས་པ་བཞིན་ངེས་གཏན་ཞེས་གསུང་ཆོག་ཀྱང་། སྤྱིར་ཐང་གའི་རི་མོ་ལ་དེས་ཁྱབ་པ་མེད་པས། ངེས་གཏན་གྱི་བརྗོད་བྱ་ཡང་དབྱིན་ཇིའི་སྒྱུ་རྩལ་རང་གི་ཐོག་ནས་གསུང་དགོས་ཀྱི་འདུག་ལ། ཚངས་མགུར་ཙམ་གྱིས་ཀྱང་སྲོལ་རྒྱུན་ལ་བརྗོད་བྱ་ངེས་གཏན་ཡིན་པར་སྒྲུབ་ཐུབ་ཨེ་ཡོང་། དཔེར་ན་སྙན་ངག་པ་མཁས་གྲུབ་ཀྱི་༼ཚེས་གསུམ་ཟླ་བ།༽ལྟ་བུའི་བརྗོད་བྱར་གོ་བ་ངེས་ཅན་ཞིག་མེད་པར། དེ་ནི་རྩོམ་པ་པོའི་ཚོར་འདུ་དང་གནད་དོན་གཞན་ལའང་གོ་ཆོག་པ་ལྟ་བུ་མཐོང་གི་འདུག
མཚམས་འདི་ནས་ངས་སྙན་ངག་སྐོར་གྱི་བསམ་ཚུལ་རྣམས་བཞག་ནས། སྐུ་ཉིད་ཀྱི་བརྩམ་བྱ་གཞན་དང་གཞན་ལ་རོལ་རྒྱུ་དང་།
ReplyDeleteདེ་སྔོན་ཁྱེད་ཀྱིས་གསུངས་པ་བཞིན་ཟླ་བ་དྲུག་གི་དུས་བཅད་ནང་སྒྱུར་དགོས་པའི་དབྱིན་དེབ་དེ་ད་ཆ་འགྲུབ་གྲབས་ཡོད་ཀྱི་རེད།
དེ་བཞིན་ཟིན་བྲིས་རྗེས་མ་གང་མགྱོགས་སྤེལ་རོགས་གནང་།
རྣམ་པ་གཉིས་ཀྱི་གླེང་མོལ་ཆ་ཚང་བཀླགས་པ་ཡིན།
ReplyDeleteབློ་བསྐྱེད་ཀྱང་ཅུང་རག་སོང་། རྣམ་པ་གཉིས་ཀྱི་སྐུ་ལས་བསྐྱོན་པའི་དོན་གོ་ཡང་ཆོད་པ་རེད་སྙམ།
ད་དུང་མང་པོ་ཞིག་ལའང་ཕན་ངེས་རེད།
གོ་སྐབས་འདྲ་བྱུང་ན་གནས་འདིར་སྤྲོ་འཆམ་ལ་བཅར་ཆོག་པ་ཞུ།
ད་དུང་རང་མོས་སྙན་ངག་གི་ཁུངས་གཏུགས་དགོས་ན་དབྱིན་ཡིག་གི་སྙན་རྩོམ་ལ་ཁུངས་གཏུགས་དགོས་གསུངས་པ་དེ་ངས་ཀྱང་དེ་ལྟར་འདོད་ཀྱི་ཡོད། རྒྱུ་མཚན་དགོངས་པར་མངའ་གསལ་ལྟར་ལགས། སྐད་ཆ་འདི་ལྟར་བཤད་ན། གནས་ལུགས་གཙིགས་སུ་མི་འཛིན་པའི་གང་ཟག་མང་པོ་ཞིག་གིས་ཆོ་ངོ་འདོན་ངེས་རེད།།
ལོ་ན་ཆུང་བའི་ལོ་ཙཱ་བ་ཚེ་དབང་ནོར་བུ་ལགས་འདས་གྲོངས་སུ་གྱུར་པར་མྱ་ངན་དང་། སྨོན་ལམ་འདེབས།
ReplyDeleteཚེ་རབས་ཕྲེང་བར་བསགས་པའི་བྱས་བསགས་ཉེས་ལྟུང་ཅི་མཆིས་དག་ནས་འཕགས་མཆོག་ཕྱག་ན་པདྨོའི་གདུལ་ཞིང་ཁ་བ་གངས་ཅན་གྱི་ལྗོངས་སུ་བོད་མི་རྩམ་གཟན་ཞིག་སླར་ཡང་ཉིང་མཚམས་སྦྱོར་བའི་སྨོན་ལམ་འདེབས།།
རྒན་བསེ་རུ་ལགས་ཕེབས་ཏེ་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ལོ་ཙཱ་བ་དམ་པ་དེ་ངས་རྒྱུས་ཕྲན་བུ་ཡོད། ཁོང་གིས་ལོ་མང་པོ་ཞིག་གི་རིང་ལོ་གསར་གཅིག་པུར་གཏོང་དགོས་བྱུང་སོང་། གང་ཟིན་ཟེར་ན། སུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་དེ་ཁོང་གིས་ལེགས་སྒྲིག་དང་ཕབ་སྒྱུར་གནང་དགོས་ཀྱི་ཡོད་ཅིང་། གསུམ་བཅུའི་དུས་དྲན་ནི་ཏག་ཏག་ལོ་གསར་གྱི་རྗེས་ཙམ་ལ་འཁེལ་བས་རེད། ད་ནངས་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱེད་སར་བཅར་བ་ཡིན།
ReplyDeleteངེས་གཏན་གྱི་བརྗོད་བྱ་ཞེས་པ་དེ་ཡང་བསྐྱར་གསལ་དུ་གཏོང་དགོས་པར་མཐོང་།
ReplyDelete༡༽ སྲོལ་རྒྱུན་གྱི་སྙན་ངག་དང་རང་མོས་སྙན་ངག་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི། ཚིག་སྦྱོར་སྤེལ་སྟངས་ཀྱི་ཐད་ལ་ཡིན། སྲོལ་རྒྱུན་གྱི་སྙན་ངག་ནང་། ཧ་ཅང་དང་། ཤིན་ཏུ་སོགས་ཀྱི་ཚིག་སྤྱད་དེ། སྙན་ཆ་འདོན་པར་བརྩོན་པ་དཔེར་ན། ཤིན་ཏུ་མཛེས། ཧ་ཅང་དགའ། ལྟ་བུ་ཡིན། དེའི་དབང་གིས་སྐྱེ་རྒུའི་བདག་པོ་དང་། མཁས་པའི་གཙུག་རྒྱན། མཛེས་མའི་ནང་གི་མཛེས་མ། ཡག་ཤོས་ནང་གི་ཡག་ཤོས་སོགས་ནི་སྲོལ་རྒྱུན་སྙན་ངག་པ་ཚོས་དོན་སྟོན་པའི་ནུས་པ་ཆེ་ཤོས་ཀྱི་གྲས་སུ་བརྩི་བ་རེད།
༢༽ རང་མོས་སྙན་ངག་གི་ནང་དུ། གོང་གི་ཤིན་ཏུ་མཛེས་དང་། ཧ་ཅང་དགའ་སོགས་ནི་ནུས་པ་ཆུང་ཤོས་སུ་བརྩི་བ་ཡིན། དཔེར་ན། ཇ་དེ་ཤིན་ཏུ་ཞིམ་ལྟ་བུ་ཞིག་བྲིས་ཚེ། ཇ་དེ་སྤྱིར་བཏང་གི་ཞིམ་པོ་ཡིན་དང་ཧ་ཅང་གི་ཞིམ་པོ་ཡིན། ཧ་ཅང་ཧ་ཅང་གི་ཞིམ་པོ་ཡིན་རྩོམ་པ་པོས་ཐག་བཅད་ཟིན་པས། ཀློག་པ་པོར་ཡང་ངེས་གཏན་དེ་རང་ལས་གཞན་གོ་རྒྱུ་མེད། དེ་ལས་ལྡོག་སྟེ། ཞིམ་ཞེས་བྲིས་ན། ཞིམ་པའི་ཚད་ཅི་ཙམ་ཡིན་མིན་དེ་ཀློག་པ་པོའི་མྱོང་བ་དང་སྦྱར་ཏེ་གོ་བ་ལེན་ཆོག་པ་ཡིན། འོན་ཀྱང་རང་མོས་སྙན་ངག་པ་ཚོས་ནན་བཤད་བྱེད་ས་ནི། ཞིམ་ཞེས་པའི་ཐ་སྙད་ཀྱི་གོ་བ་ལས་ཀྱང་མུ་མཐུད་རྒྱ་སྐྱེད་དེ། ཐ་སྙད་ཀྱིས་མཚོན་མི་ནུས་པའི་སེམས་ཚོར་མཚོན་པར་འབད་པ་བྱེད་པ་ཡིན། མདོར་ན། གསུང་གཅིག་ཉིད་དུ་གསུངས་གྱུར་ཀྱང་། །དུ་མ་ཉིད་དུ་སོ་སོར་གོ་བ་ཞིག་གི་ཚད་ལ་སོན་ཐབས་བྱེད་པ་འདྲ་བོ་རེད།
༣༽ སྙན་ངག་དང་རྩོམ་རིགས། རི་མོ་སོགས་ཀྱི་དར་འཕེལ་དང་ཁྱད་ཆོས་གླེང་སྐབས་གྲིས་བཅད་པ་ལྟ་བུའི་ས་མཚམས་ཤིག་བཤད་མི་ཐུབ། འོན་ཀྱང་རང་མོས་སྙན་ངག་ལ་སྤྱི་ཡོངས་ནས་ཁྱད་ཆོས་དེ་འདྲ་ཞིག་ཡོད་པ་ནི་གསལ་པོ་རེད།
༤༽ རང་མོས་སྙན་ངག་ནི་གཞུང་ལུགས་ཀྱི་གཏད་སོ་གང་ཡང་མེད་པས་སྒྲིག་མེད་ཁུངས་མེད་ཀྱི་རྩོམ་སྲོལ་རེད་ཅེས་པ་དེར་བསམ་གཞིགས་མུ་མཐུད་གནང་འོས། སྤྱིར་བཏང་ཀློག་པ་པོས་སྙན་ངག་ཡིན་པར་དང་ལེན་བྱས་ན། གཞུང་ལུགས་མེད་རུང་སྙན་ངག་རེད། ཀློག་པ་པོས་དང་ལེན་མ་བྱས་ཚེ། གཞུང་ལུགས་དང་སྒྲིག་ཁྲིམས་ཡོད་ཀྱང་སྙན་ངག་མ་རེད། སྔོན་མ་ ༡༩༩༤ ལོར་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་དམ་པ་རྒན་པ་སངས་མཆོག་གིས་སྲོལ་རྒྱུན་སྙན་ངག་པའི་ཕྱོགས་བཟུང་ཞིང་། ངས་རང་མོས་སྙན་ངག་པའི་ཕྱོགས་བཟུང་སྟེ་རྩོད་པ་གཟའ་འཁོར་གཅིག་ཙམ་བརྒྱབ་མྱོང་། རྒན་ཁོང་གིས་ཀྱང་། རང་མོས་སྙན་ངག་ཆོ་མེད་རེད། དེ་རྒྱུན་རིང་པོ་གནས་ཀྱི་མ་རེད། གང་ཡིན་ཟེར་ན། དེ་ལ་གཞུང་ལུགས་ཡོད་མ་རེད་གསུངས་གནང་གི་རེད། དེ་ལ་ངས། རང་མོས་སྙན་ངག་ལ་གཞུང་ལུགས་ཞེས་ཞེན་འཛིན་བྱེད་ས་དང་། སྒྲིག་གཞི་ཞེས་རྐང་པ་འཆིང་བྱེད་ཅིག་མེད་པས། དར་རྒྱས་འགྲོ་བ་ཙམ་དུ་མ་ཟད། དར་རྒྱས་ཆེས་མྱུར་བ་ཡོང་གི་རེད་ཅེས་ཞུ་མྱོང་། དངོས་གནས་བྱས་ན། རང་མོས་སྙན་ངག་ཁྲིམས་མེད་ལུགས་མེད་དེ་འདྲ་མ་རེད། དེ་ནི་དམར་ཤོག་གི་འཆིང་རྒྱའི་འོག་ལ་བློ་གཅིག་སེམས་གཅིག་གིས་མི་ཚེ་བསྐྱལ་བའི་མི་ཞིག་གིས། ནུབ་ཕྱོགས་ཀྱི་རང་དབང་དང་མང་གཙོའི་སྤྱི་ཚོགས་ལ་ཧོབ་སྟེ་བལྟ་དུས། སྤྱི་ཚོགས་དེ་ཚོ་ཁྲིམས་མེད་ལུགས་མེད་ཟང་ངེ་ཟིང་ངེ་ཞིག་ཏུ་མཐོང་གི་ཡོད་པ་དང་འདྲ་བོ་རེད།
ReplyDeleteབཟློག་མེད་ལས་རླུང་དྲག་པོས་རྒྱབ་ནས་བདས།།
ReplyDeleteཉོན་མོངས་ཞགས་པ་ནག་པོས་སྐེ་ནས་བཅིངས།།
ཅི་བྱ་གཏོལ་མེད་བར་དོའི་འགྲོ་བ་ཀུན།།
སྐྱབས་མགོན་མཛོད་ཅིག་བླ་མ་ཡི་དམ་ལྷ།།
འོན་ཏེ་་་་་་་་་་་་་་་་་་་་་་་་་ཁ་ཡོད་ལག་ཡོད་ཀྱི་བྱས་རྗེས་འཇོག་མཁན་གྱི་མི་དེ་ཚོར་གོད་ཆག་འདི་འདྲ་ཕོག་དུས་ཅི་དྲག་སྙམ་གྱི་འདུག
ཨོྂ་མ་ཎི་པདྨེ་ཧུྂ།
ངས་ཀྱང་རྣམ་པ་གཉིས་དང་ལྷན་དུ་སྐུ་གཤེགས་ཁོང་གི་ཆེད་དུ་སྨོན་ལམ་ཞིག་བཏབ་པ་ཡིན།
བསེ་རུ་ལགས་ཀྱིས་ང་དང་ཆུང་ཚེ་ལགས་ཀྱི་རིག་གཞུང་སྤྲོ་ཚོགས་འདིར་འཆམ་འཆམ་དུ་ཕེབས་པར་འཚམས་འདྲི་དང་།
སྤྲོ་པོ་འདུག་ན་རྟག་པར་འབྱོན་རོགས།
དངོས་གནས་རེད་མིའི་བློ་གཏད་དང་ཡིད་ཆེས་ཀྱི་གཞི་རྩར་གཞུང་ལུགས་ག་གེ་མོའི་རྩ་ཁྲིམས་ཤིག་དགོས་ཀྱི་མེད་པའི་དོན་དངོས་འདི་ཁོ་ནས་དམངས་ཁྲོད་ཀྱི་ཁ་ཕྱོགས་ལས་སྒྱུ་རྩལ་གྱི་རིན་ཐང་གླེང་དགོས་པ་ལོས་ཡིན།
ReplyDeleteརྙོག་འཛིང་དང་བསམ་ཚོད་ཀྱི་དབང་ལས་མི་རྣམས་ཀྱིས་སྤྱིར་ཆོས་ལུགས་ཀྱི་ཡིད་ཆེས་ལྟ་བུར་གཏན་ཚིགས་ཀྱི་རྣམ་གཞག་ཅིག་འཐོབ་ཐབས་མི་བྱེད་པར་ཤར་སྐྱོད་བྱེད་པ་ལས། མངོན་འགྱུར་གྱི་གནད་དོན་འདི་ཚོའི་རིགས་ལ་ནི་ལྟ་གྲུབ་ཀྱི་མ་ལག་ཅིག་ལ་གཞི་བཅོལ་ཏེ་ཕྱིན་ན་སྒྱུ་རྩལ་ལམ་རིག་གནས་དེར་རིན་ཐང་ལྡན་པར་བརྩི་གི་ཡོད། འབྲི་སྲོལ་འདིར་གཞུང་ལུགས་མེད་པའི་ཐོག་ནས་དར་རྒྱས་ཇི་ལྟར་བྱུང་བ་སྟེ། སྦྱོར་ཚུལ་ཚིག་ཕྲད་ཀྱི་འཇུག་པ་བློ་ཁ་ཅུང་ཟད་ཅིག་རྒྱས་པ་ཚོས་ཀྱང་སྙན་ངག་པ་ཞེས་སྤོབས་པ་བྱེད་དགོས་པའི་སྣང་ཚུལ་ཞིག་ཆགས་ཀྱང་། ཡང་དག་པའི་སྒོ་ནས་གནས་ཐབས་མེད་ལ། ལྷག་པར་འདིས་སྲོལ་རྒྱུན་སྙན་ངག་གི་ཁ་གཏད་དུ་ལངས་ནས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལ་ནག་ཐིག་འཕོག་པར་བྱེད་པ་ནི་ལེགས་ཉེས་རྣམ་གཞག་འབྱེད་དཀའ་བའི་གནད་ཅིག་ཏུ་འཁུམས།
འོན་ཏེ། ད་ལྟའི་སྐད་གཉིས་སྨྲ་བ་ཚོས་ནུས་ཤུགས་བཏོན་ཏེ་འདིའི་སྐོར་གྱི་གནད་དོན་རྣམས་ཆུད་པར་བྱས་ཏེ་གྲོལ་རྩོམ་མམ་རང་མོས་ཀྱི་རིག་གཞུང་གསར་པ་རྩོམ་མི་ཐུབ་པའང་གང་ཡང་མིན་པས། ངས་གུ་ཡངས་ཀྱི་རྩོམ་སྲོལ་འདི་སྤོང་དགོས་ཞེས་ངས་གཏན་ནས་ལབ་ཀྱི་མེད་པ་མ་ཟད།
འདི་ནི་རྩོམ་རིག་གི་གང་ཟག་དང་པོ་བ་ཞིག་ལ་ནི་མེ་ལོང་མ་ལས་གལ་ཆེ་བའི་ལམ་ཁ་ཞིག་རེད་ཅེས་སྤོབས་པ་ཆེན་པོས་ཤོད་འདོད།
དེར་བརྟེན་ངས་སླར་ཡང་རྒན་པ་སངས་ལགས་ཀྱིས་གསུངས་པ་བཞིན་ད་ལྟའི་རང་མོས་སྙན་ངག་འདི་ནི་སྒྲིག་མེད་ཡིན་ཞེས་བརྗོད་རྒྱུ་ལགས།
སྤྱིར་སྙན་ངག་ཅེས་པ་ཡང་དམངས་ཁྲོད་ཀྱིས་གོ་དགོས་པའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་དེའི་རིན་ཐང་དམངས་ཁྲོད་ཀྱིས་ཐག་གཅོད་ཀྱང་།
རིག་གཞུང་གིས་སྤྱི་ཚོགས་ཀྱི་ཁ་ཕྱོགས་འཁྲིད་པ་ལས་རིག་གཞུང་གིས་ཁོང་ཚོའི་རྗེས་སུ་འབྲངས་ན་སྤྱི་ཚོགས་ཧྲིལ་པོ་ཁྱད་མཚར་ཞིག་ཆགས་རྒྱུ་མིན་ནམ།
ད་ཉག་ཉོག་མང་པོ་ཞིག་སྨྲ་བར་ཐལ་སོང་། བཞུགས་གདན་འཇགས།
ད་རང་མོས་སྙན་ངག་ནི་གོང་དུ་གསུངས་པ་ལྟར། དེར་འགྲེལ་མཁན་ཚོས། གསུང་གཅིག་ཉིད་དུ་གསུངས་བཞིན་དུ། །དུ་མ་ཉིད་དུ་སོ་སོར་གོ། ཞེས་གསུངས་པ་ལྟར་འགྲེལ་གྱིན་འདུག སྤྱིར་བཏང་ནས་རང་མོས་སྙན་ངག་ཚད་ལྡན་ཞིག་ཡིན་ན། དེ་ལ་བསྡུས་བརྗོད་དང་། ཤུགས་བསྟན་གྱི་གོ་རྒྱ་ཆེ་བ་ཞིག་ངེས་པར་ཡོད་དགོས་པ་ཞིག་རེད་སྙམ། ཚིག་གི་དངོས་བསྟན་ལྟར་ཤར་མར་གོ་བ་བླངས་པ་ལྟར་དེ་རང་ལས་མ་འདས་ན་དེ་ཡང་རང་མོས་སྙན་ངག་ཡིན་དུ་ཆུག་ཀྱང་རང་མོས་སྙན་ངག་ཚད་ལྡན་ཅིག་གི་ཚད་གཞིར་མི་རུང་སྙམ། རང་མོས་ལ་སྒྱུ་རྩལ་གྱི་རོལ་མྱོང་གཏིང་ཟབ་ཅིག་བྱེད་རྒྱུ་ཡོད་པ་ཞིག་དགོས་པར་འདོད། །
ReplyDeleteཡིན་ནའང་རང་མོས་སྙན་ངག་རྩོམ་མཁན་མང་པོ་ཞིག་སྣང་བ་དག་དྲགས་ཏེ་ནམ་མཁའ་ལ་ལྡིང་དྲགས་པའི་སྐྱོན་ཆ་ཞིག་མི་འདུག་གམ།
གོང་དུ་ཆུང་ཚེ་ལགས་ལྟར་ན་གསུང་གཅིག་ཉིད་དུ་གསུང་གཅིག་གིས།།
ReplyDeleteདུ་མ་ཉིད་དུ་སོ་སོར་གོ་ཞེས་པའིཁྱད་ཆོས་དེ་རང་མོས་སྙན་ངག་གི་སྒྱུ་རྩལ་ཚད་མཐོ་ཤོས་དེར་གསུང་གི་ཡོད་པས།
དེ་འདྲའི་རྣམ་གཞག་ཅིག་ཡོད་པར་རྩལ་འདོན་བྱེད་པ་ནི་སྲོལ་རྒྱུན་གྱི་ཞྭ་མོ་ཞིག་གཡོག་པ་རང་རེད།
རང་མོས་ཀྱི་གོ་དོན་རྫོགས་པར་རྟོགས་པ་ལ་སྲོལ་རྒྱུན་ནས་གསུངས་པ་ལྟར་བརྡ་སྤྲོད་ཀྱི་བྱངས་ཚད་ངེས་ཅན་ཞིག་ཀྱང་མི་དགོས་པར།
འབྲི་མཁན་ཡང་ཆ་བེ་ཆོ་བེ་ཀློག་མཁན་ཡང་ཕྲད་སྦྱོར་སྟངས་ཙམ་ཤེས་པས་ཀྱང་རིན་ཐང་ལྟ་ཐུབ་པ་དེ་རང་ལ་གོ་བས།
ངས་ཁུངས་མེད་ཅེས་པ་འདི་འདྲ་ཞིག་ལ་ཟེར་གྱི་ཡོད།
ཁྱེད་རྣམ་པ་གཉིས་ཀྱིས་གསུངས་པ་ལྟར། རང་མོས་སྙན་ངག་འབྲི་མཁན་ནང་། ཆ་ལེ་ཆོ་ལེ་མང་པོ་ཡོད་པ་རེད། དེ་ནི་སྲོལ་རྒྱུན་སྙན་ངག་འབྲི་མཁན་ནང་ལའང་ཆ་ལེ་ཆོ་ལེ་མང་པོ་ཡོད་པ་ནང་བཞིན་རེད། ལོ་བརྒྱ་ཕྲག་མང་པོའི་ནང་། སྙན་ངག་གི་དཔེ་བརྗོད་ལད་འབྲི་བྱེད་མཁན་གྱི་སྲོལ་རྒྱུན་སྙན་ངག་པ་ག་ཚོད་བྱུང་ཡོད་པ་རེད། བརྟག་དཔྱད་ཅི་ཡང་མེད་པར། བོད་ཀྱི་སྣོད་བཅུད་སྣང་མེད་དུ་བཞག་སྟེ་རྒྱ་གར་གྱི་རི་དང་ཆུ་ལ་བསྟོད་པ་ག་ཚོད་འཐེན་མྱོང་ཡོད་རེད། ཞན་ཆ་བཤད་ན་ཚང་མ་ལ་ཞན་ཆ་ཡོད་རེད། ལེགས་ཆ་བཤད་ནའང་ལེགས་ཆ་ཡོད་རེད། དེ་ཙམ་འཁྱེར་ཡོང་ནས་རྩོམ་སྲོལ་གང་ཞིག་སྤུས་དག་ཡིན་མིན་སྒྲུབ་ཐུབ་ཀྱི་མ་རེད། ཇི་ལྟར་སྲོལ་རྒྱུན་སྙན་ངག་ཤེས་མཁན་ཚོས། སྲོལ་རྒྱུན་སྙན་ངག་ཆ་ལེ་ཆོ་ལེ་དེ་ཚོ་ཤེས་པ་བཞིན། རང་མོས་སྙན་ངག་པ་ཤེས་པ་ཚོས་ཀྱང་། རང་མོས་སྙན་ངག་ཆ་ལེ་ཆོ་ལེ་འབྲི་མཁན་དེ་ཚོ་ཤེས་ཀྱི་རེད།
ReplyDeleteངས་ནི་ཁྱེད་གཉིས་ཀྱིས་གསུངས་པའི་དོན་དེ། གནད་འགག་ཆེན་པོ་རེད་དྲན་གྱི་མི་འདུག ང་རང་སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག་གཉིས་ཀར་མོས་མཁན་ཞིག་ཡིན་པས། དེ་གཉིས་སོ་སོར་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་ལེགས་ཆ་ཡོད་པ་ཤེས་ཀྱི་འདུག ངས་དོ་ཁུར་བྱེད་ས་ནི་དོན་དག་གཞན་ཡིན།
ReplyDelete༡༽ མེ་ལོང་མའི་རྩོམ་སྲོལ་བོད་དུ་མ་དར་གོང་། བོད་རང་ལ་སྙན་ངག་གི་རྩོམ་ལུས་དར་ཡོད། འོན་ཀྱང་མེ་ལོང་མ་བསྒྱུར་ཏེ། དར་སྤེལ་ཤུགས་ཆེར་བཏང་བ་དང་མཉམ་དུ་སྔོན་གྱི་བོད་རང་གི་རྩོམ་ལུས་དེ་ཚོར་སྣང་ཆུང་བྱས་པ་རེད། རྒྱ་གར་རང་ལ་ཆ་མཚོན་ན་དེང་སྐབས་སྙན་ངག་སྦྱོང་སྐབས་མེ་ལོང་མར་བལྟ་མཁན་ཡོད་མ་རེད། ཁོང་ཚོས་རང་གི་རྩོམ་རིག་གི་འཕེལ་རྒྱས་དང་མཐུན་པའི་གཞུང་ལུགས་གསར་པ་མང་པོ་བརྩམས་ཟིན་པ་རེད། ང་ཚོས་བོད་རང་གི་རྩོམ་ལུས་དེ་ཚོར་ཕྱོགས་བསྡོམས་ཀྱིས་གཞུང་ལུགས་བཟོ་ཐུབ་མེད།
༢༽ རྒྱ་ནག་གི་བཙན་འཛུལ་སླེབས་རྗེས། ཡང་ང་ཚོས་རྒྱ་ནག་གི་རྩོམ་རིག་ལ་དཔེ་བླངས་ཏེ། ད་ལྟའི་རང་མོས་སྙན་ངག་ཟེར་བ་སོགས་ཁྱབ་སྤེལ་བཏང་བ་རེད། འདི་གཉིས་ཀ་ཕྱི་ནས་བླངས་ཡོང་བ་རེད་མ་གཏོགས། བོད་རང་ས་ནས་བོད་པ་རང་གིས་ཐོག་མར་གསར་གཏོད་བྱས་པ་མ་རེད།
༣༽ ང་ཚོ་བོད་ཀྱི་སྣོད་ཀྱི་བཀོད་པ་དང་བསམ་བློ་གཏོང་སྟངས། མཛེས་མི་མཛེས་དང་བཟང་ངན་བརྩི་ཚུལ་དེ་ཚོ། མི་རིགས་གཞན་དང་བསྡུར་ན་ཁྱད་པར་ཆེན་པོ་རེད། དེར་བརྟེན། ཐུན་མོང་མ་ཡིན་པའི་བསམ་བློ་དང་འཚོ་བ་མཚོན་བྱེད་ཀྱི་རྩོམ་རིག་དེ་ཡང་། ཐུན་མོང་མ་ཡིན་པ་ཞིག་ཡིན་དགོས་པ་རེད་༼དོན་དངོས་སུ་ཡོད་རེད་༽མ་གཏོགས། གཞན་ནས་གཡར་ཡོང་བ་ཞིག་གིས་ང་ཚོའི་མགྲིན་ཚབ་བྱེད་པ་འདིས་བོད་རང་གི་ཐུན་མོང་མ་ཡིན་པའི་རྩོམ་རིག་འཕེལ་རྒྱས་ལ་གནོད་ཡོད་དང་ཕན་ཡོད་བསམས་དགོས་པ་ཡིན།
༤༽ སྙན་ངག་ཅེས་པ་དེ་སྙན་ངག་ཙམ་མ་རེད། དེས་མི་རིགས་ཀྱི་བསམ་བློ་གཏོང་སྟངས་དང་། བསམ་བློ་དེ་མཚོན་བྱེད་ཀྱི་སྐད་བརྡ་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། དཔེར་ན། ས་སྐྱ་པཎ་ཆེན་གྱི་སྐབས་སུ། མེ་ལོང་མའི་ལུགས་ཀྱི་སྐད་ཆ་བཤད་སྟངས་མང་པོ་ཞིག་བོད་ལ་མི་རན་པ་དང་། བོད་སྐད་ནང་མི་སྙན་པ་མཁས་འཇུག་ནང་གསལ་པོ་གསུངས་ཡོད། ས་པཎ་མཁས་པ་ཆེན་པོ་ཡིན་པས། ཁོང་གིས་མེ་ལོང་མ་ལས་བོད་ལ་གང་མཁོ་བའི་དུམ་བུ་གལ་ཆེ་བ་འགའ་ཞིག་བསྒྱུར་ཡོད། འོན་ཀྱང་ཕྱིས་སུ་མེ་ལོང་མའི་རྩོམ་སྒྲོས་དེ་ཤུགས་ཆེན་པོས་སྤེལ་ཞིང་མཁས་བླུན་ཀུན་གྱིས་དཔེར་བརྗོད་འཇོག་པ་སོགས་གནང་སྟབས། སྔོན་ཆད་གོ་མི་བདེ་ཞིང་མི་སྙན་པ་དེ་བོད་པའི་རྣ་བར་རིམ་པས་སྙན་པོ་ཆགས་པ་རེད། རང་མོས་སྙན་ངག་ཟེར་བ་འདི་ཡང་དང་པོ་དར་ཡོང་དུས། བྲག་མཐོང་བྱམས་རྒྱན་གྱིས། འདི་ལྟ་གཅིག་གིས་གཉིད་ལབ་བརྒྱབ། གཅིག་གིས་བྲིས་པ་འདྲ་བོ་ཞིག་འདུག་ཅེས་གསུངས་པ་བཞིན། བོད་པའི་རྣ་བར་འཕྲོད་པ་ཞིག་མ་རེད། འོན་ཀྱང་ཚང་མས་གསར་ཞེན་གྱིས་མང་དུ་བྲིས་སྟབས། ད་ཆ་མང་པོས་གོ་བ་ལེན་ཤེས་པ་དང་འབྲི་ཤེས་པ་བྱུང་བ་རེད།
ReplyDeleteངས་ཡང་ཡང་བསམས་བཞིན་པ་ནི། ང་ཚོས་ང་རང་ཚོར་འཚམས་པའི་རྩོམ་ལུས་ཤིག་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་མ་ཐུབ་པ་ཅི་ཡིན་ནམ། ག་དུས་ཡིན་ནའང་ཕྱི་ནས་གཡར་དགོས་པ་འདི་ག་རེ་རེད་ཅེས་པ་འདི་རེད། ཞིབ་ཚགས་ཀྱིས་དཔྱད་ན། བོད་རང་ས་ནས་འཕེལ་རྒྱས་བྱུང་བའི་རྩོམ་གྱི་རྣམ་པ་འགའ་ཞིག་འདུག་ཀྱང་དེ་ཚོར་མཁས་པ་ཚོས་ཐུགས་སྣང་གིས་དབྱེ་ཞིབ་དང་ཕྱོགས་བསྡོམས་གནང་མི་འདུག
ཆུང་ཚེ་ལགས།
ReplyDeleteདེ་བསེ་རུའི་འདོད་པ་ལས་ངས་ནི་ཁྱེད་བཞིན་བོད་པས་རང་ཉིད་ལ་རྩོམ་སྲོལ་བཟང་པོ་ཞིག་ཡོད་པ་དེ་དར་སྤེལ་དང་དེ་ཉིད་ལ་གཞུང་ལུགས་ཤིག་རྩོམ་པའི་གྲབས་མེད་པར་གཡམ་རྒྱུག་བྱེད་པ་འདིར་འཁང་ར་བྱེད་ཀྱི་ཡོད།
འོན་ཏེ་བསེ་རུས་ནི་ད་ལྟ་ང་ཚོས་སྤྱོད་བཞིན་པ་འདི་ཚོར་གང་བྱུང་གིས་སྲོལ་རྒྱུན་གྱི་མིང་འདོགས་ཀྱི་འདུག
དེ་འགྲིག་གི་མ་རེད་སྙམ།
This comment has been removed by the author.
ReplyDeleteགོང་དཀར་ངག་རྣམ་ལགས། ཕྲན་ཉེ་དུས་གནས་སྐོར་དང་གསུང་ཆོས་སུ་བསྐྱོད་སྟབས། ཉིད་ཀྱི་དྲི་བ་དང་བསམ་ཚུལ་ལ་ལན་དུས་ཐོག་འབུལ་ཐུབ་མི་འདུག་པས་དགོངས་འགལ་མེད་པ་ཞུ།
ReplyDelete༡) བཀྲ་ཤིས་ཚེ་རིང་གི་ཚིག་མཛོད་དེར་ཕྲན་གྱིས་ཞིབ་ཕྲ་བལྟ་ཁོམ་མ་བྱུང་། ས་རཱ་མཐོ་སློབ་ཀྱིས་པར་སྐྲུན་གནང་བའི་སྐབས་ཕྲན་གྱིས་ཕན་ཚུན་ངོ་སྤྲོད་དང་། པར་རྩ་ཐོབ་ཐབས་སོགས་ཞུས་ཡོད།
༢) ང་རང་གིས་རོབ་ཙམ་བལྟས་པའི་མྱོང་ཚོར་ལྟར་ན། ཚིག་མཛོད་དེ་ལས་དང་པོ་བ་ཚོར་ཕན་ཐོགས་ཧ་ཅང་ཆེན་པོ་འདུག དཔེར་ན། དབྱིན་ཚིག་དང་། དེ་ལ་བོད་རྒྱ་གཉིས་ཀྱི་མིང་ཚིག་གམ་འགྲེལ་བཤད། དེ་ནས་གོ་དོན་མཚོན་བྱེད་ཀྱི་དཔེར་བརྗོད་བཅས་བཀོད་འདུག ལྷག་པར་མ་ཚིག་གཅིག་ནས་ཁྱད་ཚིག་དང་བྱ་ཚིག མིང་ཚིག བྱ་བའི་ཁྱད་ཆོས་སྟོན་བྱེད་སོགས་སུ་སྒྱུར་ཚུལ་དང་། དབྱིན་ཡིག་གི་སྒྲ་གདངས་རྣམས་རྒྱལ་སྤྱིའི་གཅིག་གྱུར་སྒྲ་རྟགས་སྤྱད་དེ་མཚོན་པར་བྱས་འདུག
༣) ཞན་ཆ་ཡང་ཏན་ཏན་འདུག བཀྲ་ཤིས་ཚེ་རིང་ལགས་དགུང་ལོ་ཧ་ཅང་མཐོ་བ་དང་། ཚིག་མཛོད་དེར་ཞུ་དག་བྱེད་མཁན་ཡག་པོ་ཞིག་མ་ཐོབ་པར་བརྟེན། དབྱིན་ཡིག་གི་ནང་ཡིག་ནོར་ཕྲན་བུ་འདུག དེ་ཚོ་རིམ་པས་ལེགས་བཅོས་བྱས་ཆོག་གི་རེད་སྙམ།
ཆུང་ཚེ་ལགས།
ReplyDeleteཐུགས་རྗེ་ཆེ། ཚིག་མཛོད་དེ་དངོས་སུ་རང་ཉིད་ཀྱིས་མཐོང་བའི་ཉིན་དེར་ཐད་ཀར་ཤེས་འདོད་ཀྱིས་དྲིས་པ་ཞིག་ཡིན།
གང་ཡིན་ཟེར་ན།
བཀྲིས་ཚེ་རིང་ལགས་ཀྱི་ཚིག་མཛོད་རྙིང་པ་དེས་རང་ཉིད་ལ་དངོས་སུ་ཕན་ཐོགས་བྱུང་བ་དང་། ད་ལྟའི་ཆར་ཡང་སུ་ཇ་དང་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཁྱོན་ཆེ་བས་དེར་ལྟ་གི་ཡོད་པ་དང་། ད་རེས་ཀྱི་ཚིག་མཛོད་གསར་པ་འདིས་སླར་ཡང་ཁྱད་ཆོས་སྣ་ཚོགས་པ་ཞིག་གི་སྒོ་ནས་ཏན་ཏན་ཁོང་ཚོར་ཕན་ཐོགས་འོང་རྒྱུར་ཐེ་ཚོམ་མེད་པས། ཤེས་རིག་ལྷན་ཁང་གིས་པར་སློག་ཅིག་བརྒྱབ་ནས་རིན་གོང་དམའ་པོའི་ཐོག་ནས་བཙོང་ཐུབ་ན་དངོས་གནས་ཡག་པོ་འོང་ས་རེད།