2011-01-04

སློབ་མའི་དུས་སྐབས་ཀྱི་བརྗེད་པར་དཀའ་བའི་ཉིན་མོ་ཞིག་གི་དྲན་ཐོ།

བསོད་ནམས་རྡོ་རྗེ།
༄༅། །བགྲང་བྱ་ཉེར་གཉིས་འདས་པའི་དེ་རིང་གི་ཉིན་མོ་འདི་ནི། གུས་རང་སློབ་མའི་དུས་སྐབས་ཀྱི་བརྗེད་པར་དཀའ་བའི་ཉིན་མོ་གལ་ཆེ་ཞིག་ཡིན། དེ་ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་དང་། བོད་སྨན་ཚན་ཁག་གི་སློབ་ཕྲུག་ཡོངས་ཀྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཞིག་སྤེལ་ཞིང་། གཙོ་བོའི་རེ་འདུན་ནི་ཁྲིམས་ཐོག་གཏན་ལ་ཕབ་ཟིན་པའི་གྲངས་ཉུང་མི་རིགས་ཀྱི་ སྲིད་བྱུས་ཁག་གཞུང་ཕྱོགས་ཀྱིས་དོན་འཁྱོལ་ལག་ལེན་བསྟར་དགོས་པ་དེ་ཡིན། སློབ་ཕྲུག་གི་ཁྲོམ་སྐོར་ནི་སྒྲིག་འཛུགས་ཡོད་ལ། སྒྲིག་ལམ་ལྡན་ཞིང་། འཚེ་མེད་ཞི་བའི་སྙིང་དོན་རྩ་བར་བཟུང་སྟེ་དུས་ཡུན་རིང་པོར་སེམས་ཁོངས་རུས་པའི་གཏིང་ནང་སྦས་པའི་དཀའ་སྡུག་རྣམས་ཕྱིར་བསྒྲགས་བྱ་ཕྱིར་སྙིང་སྟོབས་ཞུམ་མེད་ཀྱིས་ལས་འགུལ་སྤེལ༌བ་རེད། 

བོད་ལྗོངས་སློབ་ཆེན་གྱི་སློབ་མས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་པ།

སློབ་ཕྲུག་རྣམས་ཀྱིས་ལག་ཏུ་ཕྲེད་དར་འཕྱར་ཞིང་། སྐད་གསང་མཐོན་པོས་འབོད་ཚིག་སྒྲོག་པ་དང་། ལམ་བར་ཤོག་བྱང་ཐོག་བྲིས་པའི་བོད་རྒྱའི་འབོད་ཚིག་ཁག་འགྲེམ་སྤེལ་བྱས། སློབ་མའི་དུས་སྐབས་ཀྱི་མཐུན་རྐྱེན་ཞན་པའི་དབང་གིས་འཛིན་ཁང་གི་ཁྲ་ཡོལ་བཏུབ་ནས་ལག་བྲིས་ཀྱི་འབོད་ཚིག་སྦྱར་ཏེ་ཕྲེད་དར་བཟོས་པ་དང་། ཤོག་བྱང་གི་འབོད་ཚིག་ཁག་ནི་ཤོག་བུའི་བར་གསེབ་ཏུ་སྣག་ཤོག་བཅུག་སྟེ་ལག་བྲིས་འབའ་ཞིག་ཡིན། གྲལ༌སྒྲིག་པའི་རུ་སྟར་གྱི་མགོ་མཇུག་ལ་སློབ་ཕྲུག་བུ་རྣམས་དང་། རུ་སྒྲིག་གི་དཀྱིལ་དུ་བུ་མོ་རྣམས་གོ་སྒྲིག་ཞུས། རྒྱུ་མཚན་ནི། ཅི་སྟེ་ལམ་བར་དུ་ཉེན་རྟོགས་པའི་རྡུང་བརྡེག་ཕོགས་ཚེ་སློབ་ཕྲུག་བུ་ཚོས་བུ་མོ་རྣམས་སྲུང་སྐྱོབ་ཀྱི་སླད་དུ་ཡིན་པ་རེད། ཁྲོམ་སྐོར་བྱེད་པའི་སྐབས་སུ་བོད་མིའི་རྒྱབ་སྐྱོར་ཐོབ་སྟེ་རུ་སྒྲིག་ཁོངས་སུ་འཛུལ་ཞུགས་བྱེད་སྐབས། སློབ་ཕྲུག་གི་སྒྲིག་འཛུགས་འགན་ཁུར་བས་མང་ཚོགས་རྣམས་ཁྲོམ་སྐོར་གྱི་རུ་སྒྲིག་ནང་མཉམ་ཞུགས་བྱེད་མ་བཅུག གང་ལགས་ཤེ་ན། དེ་ནི་སློབ་ཕྲུག་ཁོ་ནའི་ལས་འགུལ་ཞིག་མཚོན་པ་དང་། དེའི་མཇུག་འབྲས་དཀའ་ངལ་ཇི་འདྲ་ཞིག་བྱུང་རུང་སློབ་ཕྲུག་རང་ངོས་ནས་འགན་ཁུར་ལེན་རྒྱུའི་ཆོད་སེམས་བརྟན་པོ་བཅངས་པ་མངོན་པར་བྱས། སློབ་ཕྲུག་གིས་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ལམ་བར་བོད་མི་ཚོས་ལག་གི་མཐེ་བོང་བཀེར་ནས་མངོན་གསལ་མེད་པའི་རྒྱབ་སྐྱོར་བྱེད་མཁན་འདུག་ལ། ལག་གཉིས་ཐལ་མོ་རྡེབ་སྟེ་མངོན་སུམ་གྱི་གཟེངས་བསྟོད་བྱེད་མཁན་ཡང་མཐོང་རྒྱུ་འདུག ལྷག་དོན་བཙུན་མ་འགའ་ཞིག་ལ་གཡོ་འགུལ་ཚད་མེད་ཐེབས་ཏེ་འགྲོ་ལམ་ཐོག་ནས་ཐད་ཀར་ཁྲོམ་སྐོར་གྱི་རུ་སྟར་ཕྱོགས་སུ་ལུས་ཕུང་གི་ཕྱག་འཚལ་བྱེད་མཁན་བྱུང་ཡོད༌པ་མ་ཟད། རྒན་རབས་མང་པོ་ཞིག་ལ་སེམས་སྡུག་གིས་མནར་ཏེ་ང་ཚོའི་བུ་ཕྲུག་ཚོ་ལ་ཉེས་རྡུང་ཕོགས་ཀྱི་མ་རེད་དམ། ང་ཚོའི་སློབ་མ་དེ་ཚོ་འཛིན་བཟུང་བྱེད་ཀྱི་མ་རེད་དམ་ཞེས་པའི་ངུ་འབོད་ཀྱི་སྐད་གསང་ཡང་ཐོས་རྒྱུ་འདུག

ཁྲོམ་སྐོར་དེའི་སྔ་རོལ་དུ། སློབ་ཕྲུག་ཚོའི་རྣ་བར་པེ་ཅིང་མི་རིགས་སློབ་གླིང་གི་བོད་ཕྲུག་སློབ་མ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱས་པའི་གསར་འགྱུར་གོ་ཐོས་བྱུང་ནས། སློབ་གྲྭའི་ནང་དེའི་སྐོར་ལ་ལྐོག་ཏུ་གླེང་སློང་མང་པོ་བྱུང་བ་རེད། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གི་ཁྲོམ་སྐོར་དེའི་བདུན་ཕྲག་གཅིག་གི་གོང་དུ། སློབ་གྲྭའི་ནང་རྒྱ་བོད་དབར་ཐོབ་ཐང་འདྲ་མཉམ་མེད་པའི་གནས་ཚུལ་ཞིག་ལྷགས་ཏེ། བོད་ཕྲུག་རྣམས་ཀྱིས་སློབ་གྲྭའི་བྱེད་སྟངས་ལ་ཡིད་མ་རངས་བའི་རང་མོས་ཀྱི་ངོ་རྒོལ་འདུ་འཛོམས་ཤིག་བྱས་པ་རེད། དོན་རྐྱེན་དེའི་འབྱུང་གཞི་ནི། སློབ་གྲྭའི་ཉལ་ཁང་གི་ཐོག་རྩེགས་ཁང་ཆེན་གཅིག་ནང་བོད་པའི་སློབ་ཕྲུག་དང་རྒྱའི་སློབ་ཕྲུག་མཉམ་དུ་སྡོད་ཀྱི་ཡོད་ཅིང་། རྗེས་སོར་ཉལ་ཁང་གསར་པ་ཞིག་བསྐྲུན་ཟིན་པ་དེའི་ནང་དུ་དེ་སྔ་ངེད་ཚོ་བོད་པའི་སློབ་ཕྲུག་དང་མཉམ་དུ་ཡོད་པའི་རྒྱའི་སློབ་ཕྲུག་རྣམས་ལ་བགོ་འགྲེམས་བྱས་ཤིང་། རྒྱའི་སློབ་ཕྲུག་ཚོ་ཉལ་ཁང་གསར་པའི་ནང་གནས་སྤོ་ཟིན་པའི་ཉིན་མོ་དེའི་དགོང་དྲོར་སློབ་གྲྭའི་ཚོགས་ཁང་ནང་གློག་བརྙན་ཞིག་སྟོན་པ་གྲོལ་རྗེས། སློབ་ཕྲུག་ཚོ་རང་རང་གི་ཉལ་ཁང་ཕྱོགས་སུ་ལོག་འགྲོ་སྐབས། རྒྱུན་གཏན་ལྟར་ཉལ་ཁང་གི་གློག་བཞུའི་འོད་ཁྲ་ལམ་མེར་འཆར་ཡོད་ཀྱང་། ངེད་ཚོ་བོད་ཡིག་ཚན་ཁག་སློབ་ཕྲུག་བུའི་ཉལ་ཁང་ནི་ནག་ཐིམ་མེར་གནས། དེའི་དུས་སུ་སློབ་ཕྲུག་ཚོའི་སེམས་ཁམས་སུ་ཁོང་ཁྲོ་མེ་ལྟར་འབར་ཞིང་། མངོན་གསལ་དོད་པོས་རྒྱ་བོད་དབར་འདྲ་མཉམ་མེད་པའི་ཚོར་ཤུགས་དེར་ཡིད་གདུང་དྲག་པོས་མནར་ཡང་བྱ་ཐབས་གཞན་ཅི་ཡང་མེད་པས། རང་གིས་རང་ལ་སེམས་གསོ་བྱ་རྒྱུ་གཅིག་རང་ཡོད་པ་དེ་ནི། སློབ་ཕྲུག་རང་ངོས་ནས་གཞས་ཚིག་གསར་རྩོམ་ཡོད་པའི་༧རྒྱལ་བ་ཡིད་བཞིན་ནོར་བུའི་བསྟོད་ཚིག་གི་གླུ་དབྱངས་འདི་སྐད་གསང་མཐོན་པོས་དབྱངས་སུ་གྱེར་ནས་སྐྱབས་གནས་ལ་གསོལ་འདེབས་བྱེད་པའི་དུས་སུ། བོད་ཡིག་ཚན་ཁག་གི་སློབ་ཕྲུག་བུ་མོ་ཚོ་དང་། བོད་སྨན་ཚན་ཁག་གི་སློབ་མ་བཅས་མཉམ་དུ་རྒྱབ་སྐྱོར་བྱེད་པར་འཛོམས་པ་དེའི་ཐོག་ནས་སློབ་ཕྲུག་རྣམས་ཀྱི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་གསལ་པོར་མངོན། དེའི་དུས་སློབ་གྲྭའི་ནང་ཐེངས་དང་པོར་སློབ་མ་རྣམས་རང་བཞིན་གྱིས་འདུ་འཛོམས་བྱུང་བའི་ས་བོན་དེ་བཏབ།
ཁྲོམ་སྐོར་སྐབས་འགྲེམས་སྤེལ་བྱས་པའི་དགོས་འདུན་ཤོག་བྱང་།


པེ་ཅིང་མི་རིགས་སློབ་གླིང་གི་བོད་ཕྲུག་སློབ་མས་རྔམ་སྟོན་ཁྲོམ་སྐོར་བྱས་པའི་ཟིན་ཐོ་ཡོད་པ་དང་། དེ་བཞིན་བོད་ལྗོངས་སློབ་ཆེན་ནས་ ༡༩༩༡ ལོར་ཐོན་མཁན་བོད་ཡིག་ཚན་ཁག་གི་སློབ་མ་བློ་བཟང་བསྟན་འཛིན་ལགས་འཛིན་བཟུང་བཙོན་འཇུག་བྱས་པ། ལྷག་དོན་ལོ་དེའི་སྤྱི་ཟླ་ ༡༢ ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དེར་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་དུ་མི་དམངས་ཀྱི་ཞི་བའི་ངོ་རྒོལ་སྐད་འབོད་ལ་ཉེན་རྟོགས་པས་མེ་མདའ་བརྒྱབ་ནས་བོད་མི་དམར་གསོད་བཏང་བ་དེར་མི་འདོད་པའི་རྣམ་འགྱུར། དེ་བཞིན་སྤྱི་ཚོགས་ཐོག་ནས་བོད་ལྗོངས་སློབ་ཆེན་གྱི་སློབ་མར་རེ་ལྟོས། སྐབས་དོན་སློབ་གྲྭའི་ནང་བོད་ཕྲུག་སློབ་མ་ཚོའི་རྡོག་རྩ་ཆིག་སྒྲིལ་གྱི་རྣམ་པ་གསལ་པོར་མངོན་ཐུབ་པ། མིག་སྔར་བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག འཁོར་ཡུག་སོགས་ཆགས་འཇིག་གི་དུས་སྐབས་གཉན་འཕྲང་ཅན་དེ་འདྲའི་དུས་སུ། གཞོན་སྐྱེས་ཤེས་ཡོན་ཅན་ཚོར་དམིགས་བསལ་དུས་སྐབས་ཀྱི་འོས་འགན་ཞིག་ཡོད་པ་འཚོར་ཤུགས་དྲག་པོ་བྱུང་སྟེ། ནང་ཁུལ་ཆེས་གསང་བ་དམ་པའི་གོ་བསྡུར་དང་ཁྲོམ་སྐོར་གྱི་ལས་འཆར་ཞིབ་ཅིང་ཕྲ་བའི་གྲ་སྒྲིག་གི་ལས་གཞི་བརྩམས།

སྤྱི་ལོ་ ༡༩༨༨ ཟླ་ ༡༢ ཚེས་ ༣༠ རེས་གཟའ་པ་སངས་ཉིན། སྔ་དྲོ་རྒྱུན་གཏན་བཞིན་འཛིན་ཁང་དུ་སློབ་གཉེར་དང་། གུང་ཚིགས་གྲུབ་མཚམས་སློབ་མ་རྣམས་ཀྱིས་འཆར་ཅན་གཟའ་མཇུག་གི་སློབ་གྲྭའི་འཁོར་ཡུག་གད་བདར་སྔོན་ཚུད་ནས་གྲུབ་པར་བྱས་ཏེ། རིམ་པས་སློབ་གྲྭའི་ཕྱི་རོལ་དུ་ཕྱིར་ཐོན། ཕྱི་དྲོ་ཆུ་ཚོད་གཉིས་པའི་ཐོག་ཁྲོམ་སྐོར་སྣེ་འཁྲིད་བྱེད་མཁན་ནས་སྐད་བརྡ་སྒྲོག་མ་ཐག སློབ་གྲྭའི་ཕྱི་སྒོའི་གཡས་གཡོན་དུ་འགྲམ་པའི་སློབ་མ་རྣམས་དེ་མ་ཉིད་དུ་གཞུང་ ལམ་ཐོག་འཛོམས༌རྗེས། གྲལ་སྟར་སྒྲིག་པའི་རྔམ་སྟོན་ཁྲོམ་སྐོར་དངོས་སུ་འགོ་འཛུགས་ཞུས།


ཁྲོམ་སྐོར་ནང་བོད་ཡིག་ཚན་ཁག་དང་། བོད་སྨན་ཚན་ཁག་གི་སློབ་ཕྲུག་ཡོངས་རྫོགས་ཐོག ཚན་པ་གཞན་(སྐྱེ་དངོས་སྡེ་ཚན་ནས་སློབ་མ་གཉིས། དབྱིན་ཡིག་སྡེ་ཚན༌དང་སྒྱུ་རྩལ་ཚན་ཁག་ནས་སློབ་མ་རེ།)ནས་བོད་པའི་སློབ་ཕྲུག་རེ་ཟུང་བཅས་ཁྱོན་སློབ་ཕྲུག་ལྔ་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད། བོད་ཡིག་ཚན་ཁག་ཁོངས་སུ་ ༡༩༨༩ ལོར་ཐོན་མཁན་འཛིན་གྲྭ་གསུམ་དང་། ༩༠ ལོར་ཐོན་འཛིན་གྲྭ་གཅིག(སློབ་ཕྲུག་གཅིག་སྨན་ཁང་དུ་ནད་དགོངས།) ༩༡ ལོར་ཐོན་འཛིན་གྲྭ་གཉིས་དང་། ༩༡ ལོར་ཐོན་ཟབ་སྦྱོང་འཛིན་གྲྭ་གཅིག དེ་བཞིན་བོད་སྨན་ཚན་ཁག་ནས་ ༡༩༩༡ དང་ ༡༩༩༣ ལོར་ཐོན་འཛིན་གྲྭ་གཉིས་བཅས་ཡོད།


སློབ་ཕྲུག་གི་གཙོ་བོའི་རེ་འདུན་ནི། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་གཞི་ནང་གསལ་ལྟར། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་། སྐད་དང་ཡི་གེ་དོན་དམ་པར་སྲིད་བྱུས་དོན་འཁྱོལ་དང་འགན་སྲུང་ཐུབ་པ་དེ་ཡིན། སྐབས་དེའི་འབོད་ཚིག་གི་ནང་དོན་གཙོ་བོ་ནི།


  • བོད་སྤྱི་ཡོངས་ལ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་རྒྱུ་ཁ་བཤད་དོན་འཁྱོལ་དགོས་པ།
  • བོད་མི་དམངས་ཀྱི་ཡུལ་སྲོལ་གཤིས་ལུགས་ལ་བརྩི་འཇོག་དགོས་པ།
  • མང་ཚོགས་ཀྱི་ཁྲོམ་སྐོར་ལ་མཚོན་ཆས་དྲག་གནོན་བྱེད་མི་ཆོག་པ།
  • འཛམ་གླིང་ཞི་བདེ་སྲུང་སྐྱོབ་དགོས་པ་སོགས་ཡིན།
སློབ་མ་ཚོར་སྔོན་ཚུད་ནས་སེམས་ནང་གྲ་སྒྲིག་བརྟན་པོ་ཡོད་པ་ནི། ཁྲོམ་སྐོར་བྱས་པ་བརྒྱུད་འཛིན་བཟུང་དང་། ཉེས་རྡུང་ཕོགས་པ། སློབ་གྲྭ་ནས་ཕྱིར་འབུད་སོགས་མཇུག་འབྲས་ངན་པ་ཅི་ཡང་ཡོང་སྲིད་པས། སློབ་ཕྲུག་ཡོངས་ཀྱིས་མནའ་གན་སྔོན་དུ་བཞག་པ་སྟེ། ཁྲོམ་སྐོར་སྐབས་སྣེ་འཁྲིད་བྱེད་མཁན་གྱི་ལམ་སྟོན་ལྟར་འགྲོ་དགོས་པ་དང་། སྐབས༌འདིའི་སློབ་ཕྲུག་གི་ལས་འགུལ་ནི་སློབ་མ་ཡོངས་ཀྱིས་གོ་བསྡུར་ཐག་གཅོད་བྱས་པ་ཞིག་ཡིན་པས། མཇུག་འབྲས་གང་འདྲ་ཞིག་བྱུང་རུང་སློབ་མ་ཡོངས་ཀྱིས་མཉམ་དུ་འགན་ལེན་བྱ་རྒྱུ༌མ་ཟད། ཅི་སྟེ་སློབ་ཕྲུག་གཅིག་འཛིན་བཟུང་བྱས་པའམ། སློབ་གྲྭ་ནས་ཕྱིར་འབུད་བྱས་ཚེ། སློབ་མ་ཡོངས་ནས་སློབ་མཚམས་བཞག་སྟེ་སློབ་ཕྲུག་གང་དེ་ཕྱིར་སྤྲོད་དང་། ལུགས་མཐུན་གྱི་ཐག་གཅོད་མ་བྱུང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུའི་མོས་མཐུན་ཆོད་སེམས་བརྟན་པོ་བཞག

ན་གཞོན་སློབ་མའི་རྔམ་སྟོན་ཁྲོམ་སྐོར་གྱི་གོམ་སྟབས་ལྷ་སའི་གཞུང་ལམ་ཐོག་ནས་བསྐྱོད་ཅིང་། དེ་འབྲེལ་མི་མང་ཡང་གཅིག་མཇུག་གཉིས་མཐུད་ཀྱིས་ཁྲོམ་སྐོར་ཕྱོགས་སུ་ཤར་མར་རྒྱབ་སྐྱོར་བྱེད་པར་རྒྱུགས༌ཡོང་། དུས་དེའི་ཚེ་ན། ཉེན་རྟོགས་མི་སྣ་ཡང་ཁྲོམ་སྐོར་གྱི་རྗེས་སུ་བསྙེགས་ཟིན་ཏེ་མི་མང་རྣམས་རུ་སྒྲིག་དང་ཐག་ཉེར་བཅར་མ་བཅུག་པ་དང་། ཕྱི་རྒྱལ་མི་སྣའི་དཔར་ལེན་བཀག་སྡོམ༌བྱས་ཤིང་། ཁྲོམ་སྐོར་གྱི་གོམ་བགྲོད་གཞུང་ལམ་ཐོག་དལ་ལྷོད་དུ་སྡོད་མ་འཇུག་པར། ཉེན་རྟོགས་པས་འགྲོ་ལམ་བཤངས་ཏེ་ཤར་མར་མདུན་སྐྱོད་བྱེད་དུ་བཅུག དེ་ནི་སློབ་ཕྲུག་གི་ཁྲོམ་སྐོར་གང་མགྱོགས་མཇུག་སྒྲིལ་རྒྱུའི་ཆེད་ཡིན་ཞིང་། དེ་འདྲའི་ངང་ལྷ་སའི་གྲོང་ཁྱེར་ཆ་ཚང་ཞིག་བསྐོར་ཟིན་རྗེས། སློབ་ཕྲུག་རྣམས་བོད་ལྗོངས་སློབ་ཆེན་གྱི་སྒོ་ཆེན་ནང་འཛུལ་བ་དང་། ཉེན་རྟོགས་པས་ལྕགས་སྒོ་བརྒྱབ༌སྟེ་ཕྱི་ནང་འགྲོ་བསྐྱོད་བཀག་སྡོམ་བྱས། མི་མང་ཚོ་ཡང་ཁྲོམ་སྐོར་གྱི་རྗེས་སུ་དེད་དེ་སློབ་གྲྭའི་སྒོ་ཆེན་བར་ལྷགས། སློབ་ཕྲུག་རྣམས་ནས་སློབ་གྲྭའི་ནང་ཁང་ཆེན་ལ་མུ་མཐུད་གོམ་བགྲོད་ལན་གསུམ་བསྐོར་ཏེ་རྔམ་སྟོན་ཁྲོམ་སྐོར་རེ་ཞིག་མཇུག་སྒྲིལ།


དེ་ཉིན། གཞུང་ཕྱོགས་དང་སློབ་གྲྭའི་ཕྱོགས་ནས་རྣམ་འགྱུར་ཅི་ཡང་བཏོན་མེད་ཅིང་། སྤྱི་ལོའི་ལོ་གསར་ཚར་རྗེས་འཆར་ཅན་སློབ་ཚན་འགོ་འཛུགས་སྐབས་ཀྱང་། གཞུང་ཕྱོགས་ནས་ལངས་ཕྱོགས་ཀྱི་རྣམ་པ་གང་ཡང་གསལ་སྟོན་མེད་པར། སློབ་ཕྲུག་ཚོའི་འབོད་སྐུལ་རྒྱ་མཚོར་རྡོ་གཡུག་གི་གནས་སུ་ལྷུང་བར་བརྟེན། སློབ་མ་རྣམས་ཀྱིས་རང་འགུལ་ངང་ཞུ་འབོད་བྱེད་དོན། སློབ་གྲྭའི་འགན་འཛིན་དང་འབྲེལ་ཡོད་སྲིད་གཞུང་གི་འགོ་བྱེད་མཉམ་དུ་སློབ་ཕྲུག་ གི་འཐུས་མི་ཐུགས་འཕྲད་དང་ཕན་ཚུན་གླེང་མོལ་བྱ་རྒྱུ་དང་། དུས་མཚུངས་གསར་འགྱུར་ལས་རིགས་ཀྱང་འཛུལ་ཞུགས་ཆོག་པའི་རེ་འདུན་ལ། སློབ་གྲྭའི་འགན་འཛིན་དང་མཉམ་དུ་ནང་ཁུལ་ཐུག་འཕྲད་བྱ་རྒྱུ་མོས་མཐུན་བྱུང་ཡང་ གསར་འགོད་པ་དང་ཕྱི་མི་མཉམ་ཞུགས་ལ་མོས་མཐུན་མ་ཐོབ། མཐའ་མར་སློབ་གྲྭ་ནས་འཕྲལ་མར་དགུན་དུས་ཀྱི་གུང་སེང་སྔ་བསྣུར་གྱིས་བཏང་སྟེ་ཕྱོགས་མཐའི་ས་ཁུལ་ཁག་གི་སློབ་མ་རྣམས་རང་རང་གི་ཁྱིམ་ཚང་དུ་ཕྱིར་ལོག་དང་། དགུན་དུས་ཟླ་བ་གཉིས་མ་ཟིན་ཙམ་གྱི་གུང་སེང་རྫོགས་ནས་སློབ་མ་རྣམས་བསྐྱར་དུ་སློབ་གྲྭར་འབྱོར་སྐབས། སློབ་གྲྭ་ནས་སྔོན་ཚུད་གཏིང་ཟབ་པའི་འཆར་གཞི་བཀོད་སྒྲིག་ཟིན་པ་ལྟར། ༨༩ ལོར་ཐོན་མཁན་འཛིན་གྲྭ་ཁག་གི་སྔོན་སྦྱོང་དུས་ཚོད་སླར་ཡང་སྔ་བསྣུར་བྱས་ཏེ་སློབ་མ་རྣམས་ལྷ་ས་གྲོང་ཁྱེར་ནས་འགྱངས་ཐག་ཆོད་པའི་ས་གནས་འདྲ་མིན་དུ་ཁ་བཀྲམས། སྔོན་སྦྱོང་མཇུག་སྒྲིལ་བ་དང་སློབ་གྲྭ་ཐོན་པ༌དུས་མཉམ་གྱིས་ས་གནས་གང་སར་ལས་ བགོས་བྱས་ཤིང་སློབ་ཕྲུག་དེ་རྣམས་སློབ་གྲྭ་ནས་ཁ་གྱེས། གཞན་ཡང་བོད་ལྗོངས་སློབ་ཆེན་གྱི་བོད་སྨན་ཚན་ཁག་ཡོངས་སུ་གནས་སྤོས་ཏེ། སློབ་གླིང་གཞན་ཞིག་གསར་འཛུགས་བྱས་པ་རེད།


དེ་འདྲའི་སྲིད་གཞུང་གི་ལྐོག་གཡོ་ངན་བྱུས་ཀྱི་བྱ་ཐབས་ལ་བརྟེན་ནས། བོད་ལྗོངས་སློབ་ཆེན་གྱི་བོད་ཕྲུག་སློབ་མའི་ནུས་ཤུགས་ཇེ་ཞན་དང་། མི་རིགས་ཀྱི་ལ་རྒྱར་འབུར་འཇོམས༌བྱས་པས། སྐབས་དེའི་ཁྲོམ་སྐོར་བྱས་པ་བརྒྱུད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་མཐོང་རྒྱུ་མེད་ཀྱང་། སློབ་ཕྲུག་གི་གཞི་རྒྱ་ཆེ་བའི་རྔམ་སྟོན་གྱི་ཁྲོམ་སྐོར་དེ་ནི་བརྗེད་པར་དཀའ་བའི་འདས་དོན་ཞིག་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་བསུབ་ཐབས་བྲལ་བའི་བོད་རིགས་ན་གཞོན་ཤེས་ཡོན་ཅན་གྱི་ལག་རྗེས་ཤིག་ཡིན།


༩༡ ལོར་ཐོན་བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་སློབ་ཟུར་བསོད་ནམས་རྡོ་རྗེ། སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༣༠ ལ།། །།

14 comments:

  1. དོན་སྙིང་ལྡན་པ། ཞིབ་ཚགས་ཡིན་པ། ལོ་རྒྱུས་ཀྱི་རང་བཞིན་ཁ་གསལ་བ། མི་རིགས་ཀྱི་ལ་ཞེན་འཕེལ་རིམ་ཡོད་པ། དྲན་གསོ་དང་ན་ཟུག་སློང་བའི་རྩོམ་ཡིག་འདི་བཀླགས་པས་དངོས་གནས་རྩོམ་པ་པོ་ཁོང་དང་སྐབས་དེའི་བོད་རིགས་དཔའ་བོ་དཔའ་མོ་ཚོར་དུངས་ཞེན་འདྲ་ཞིག་སྐྱེས་བྱུང་། དངོས་གནས་སེམས་གཏིང་ནས་ཁོང་ཚོར་བཀའ་དྲིན་རྗེས་དྲན་ཞུས་པ་ཡིན། ཞོེར་དུ་ཆུང་ལགས་ལའང་དེ་མཚུངས་ཞུའོ།།
    གཅན་བཟོད་རྒྱམ་པས།

    ReplyDelete
  2. ཆུང་ཚེ་ལགས་ཀྱིས་འདི་དྲ་ཐོག་ཏུ་བཀོད་པ་ཐུགས་རྗེ་ཆེ་ཞུ། འདིའི་རྩོམ་པ་པོ་དེ་ག་བར་བཞུགས་ཀྱི་ཡོད། ངས་རྩོམ་འདི་འདྲ་ཞིག་མཐོང་མྱོང་འདུག

    ReplyDelete
  3. གཅན་བཟོད་རྒྱམ་ལགས་ཀྱིས་གསུངས་པ་བཞིན། སྐབས་དེའི་བོད་ལྗོངས་སློབ་ཆེན་གྱི་རྒྱལ་ཞེན་དང་སྙིང་སྟོབས་ནི་བསྟོད་འོས་པ་ཞིག་དང་དྲན་གསོ་ཞུ་འོས་པ་ཞིག་རེད། ངས་བོད་ནང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་ལ་དོ་སྣང་བྱེད་སྐབས། ལོ་རྒྱུས་ཀྱི་དུམ་བུ་ཆུང་ཆུང་འདི་གལ་ཆེན་དུ་མཐོང་བྱུང་། དེར་བརྟེན་བསོད་རྡོར་ལགས་སུ་བསྐུལ་མ་ཞུས་པ་ཡིན། ཁོང་གིས་དྲན་ཐོ་འདི་རྒྱ་ཡིག་ནང་བྲིས་ཤིང་། དེ་ནས་བོད་ཡིག་ཏུ་ཕབ་པ་རེད། སྐབས་དེར་མཚོ་སྔོན་སོགས་སུའང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སྐོར་ལ་ལས་འགུལ་སྤེལ་བ་ཞིག་པཎ་ཆེན་རིན་པོ་ཆེའི་བཀའ་སློབ་ནང་གསལ་གྱི་འདུག སྐབས་དེར་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོས་དྲན་ཐོ་འདི་འདྲ་བྲིས་ཏེ། ཕྱི་རབས་པ་ཚོར་འཇོག་དགོས་པ་གལ་ཆེན་རེད།

    ReplyDelete
  4. འཇམ་དབྱངས་གྲགས་པ་ལགས། བསོད་ནམས་རྡོ་རྗེ་ལགས་དེང་སྐབས་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་རེད། ཁོང་གིས་དེ་སྔོན་ལེགས་བཤད་ལྗོན་དབང་གི་འགྲེལ་པ་དང་། ཕྲན་དང་མཉམ་དུ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱིའི་བྱུང་རིམ་ལ་དཔྱད་པའི་དེབ་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག དེ་མིན་སྒྲུང་ཐུང་ཁ་ཤས་ཀྱང་བྲིས་གནང་ཡོད། རྩོམ་ཡིག་འདི་ཐོག་མར་རྒྱ་ཡིག་ནང་བྲིས་ཤིང་། དེ་ནས་བོད་ཡིག་ཏུ་ཕབ་པ་ཞིག་རེད། ཁྱེད་ཀྱིས་རྒྱ་ཡིག་གཟིགས་ཡོད་སྲིད། བསོད་རྡོར་ལགས་ཀྱི་དྲྭ་དེབ་ http://tw.myblog.yahoo.com/sodor-tib/article?mid=239&prev=-1&next=237 འདི་རེད།

    ReplyDelete
  5. ཞེ་དྲགས་ཡག་པོ་འདུག ཐུགས་རྗེ་ཆེ། དྲན་ཐོ་དེ་ཡང་ལོ་རྒྱུས་དུམ་བུ་ཆུང་ཆུང་ཞིག་རེད།

    ReplyDelete
  6. བོད་ཀྱི་བང་ཆེན་གསར་ཁང་གི་བྲག་གཡབ་བ་གངས་ལྷ་མོ་དང་། 9103གསུམ་གྱི་རྒྱུན་ལས་ཟུར་པ་ཟླ་བ་བཀྲིས། དེ་ནས་ཧུན་སུར་ཡིན་པ་ཡོད། གཞིས་ཆགས་ཤིག་ནང་དགེ་རྒན་བྱེད་མཁན་ཕོ་གསར་ཞིག་ཡོད་པ་ཁོང་གསུམ་ཡང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཟུར་རེད། གངས་ལྷ་མོ་གཅིག་བྱས་ན་སྐབས་དེར་སློབ་མ་ལས་ཐོག་ཡིན་པ་ཡོད།

    ReplyDelete
  7. གོང་གི་དྲན་ཐོའི་ནང་”དེ་བཞིན་བོད་ལྗོངས་སློབ་ཆེན་༡༩༩༡ལོར་ཐོན་ མཁན་བོད་ཡིག་ཚན་ཁག་གི་སློབ་མ་བློ་ བཟང་བསྟན་འཛིན་དང་། གངས་ལྷ་མོ་སྔ་རྗེས་འཛིན་བཟུང་བཙོན་འཇུག་བྱས་པ།”ཞེས་གསལ་བར་གཞིགས་ན། གངས་ལྷ་མོ་སྐབས་དེར་འཛིན་བཟུང་བྱས་ཚར་བ་འདྲ།

    ReplyDelete
  8. དོ་སྣང་ཅན་གྱི་དྲ་གྲོགས་ཀྱིས་དྲན་སྐུལ་ཞིག་གནང་འདུག དྲན་ཐོ་འདིའི་ནང་ཕལ་ཆེར་དོན་ཚན་གཅིག་ནོར་འཛོལ་བྱུང་ཡོད་པ་འདྲ། གངས་ལྷ་མོ་འཛིན་བཟུང་བྱེད་སྐབས་༡༩༨༩ལོའི་ལྷ་སར་དྲག་པོའི་བཀག་རྒྱ་བསྡམས་པའི་རིང་འཛིན་བཟུང་བྱས་པ་ཞིག་ཡིན་ཚོད་ཡོད། དེར་བརྟེན་ཁྲོམ་སྐོར་ནང་གངས་ལྷ་མོ་ཡོད་ངེས་དང་། ད་དུང་ཆུང་ལགས་ཀྱིས་རོགས་པ་ཞིག་གནང་རོགས། དོ་བདག་ལ་བཀའ་འདྲི་ཞིག་ཞུས་ནས་རྩོམ་ཡིག་ནང་ནས་འཐེན་པ་གནང་རོགས། ཐུགས་རྗེ་ཆེ། རྩ་བའི་དྲན་ཐོ་འདི་བཀོད་སྐབས་ཁྲོམ་སྐོར་ནང་ཞུགས་མྱོང་མཁན་ཞིག་དང་ཕན་ཚུན་གོ་བསྡུར་ཞུ་སྐབས། གངས་ལྷ་མོ་འཛིན་བཟུང་ཟིན་པ་བཤད་སོང༌བསམ་བློ་ཡང་མ་བཏང་བར་ཡིན་ཤག་ཤག་བྱས་པ་ཡིན། ད་དུང་རྒྱུས་མངའ་ཡོད་མཁན་ཚོས་ནང་དོན་ཐད་དགོངས་འཆར་ལྷུག་སྩོལ་དང་། ལོ་རྒྱུས་གསལ་ཁ་དོད་དུ་འགྲོ་རྒྱུར་ཕན་འདོགས་ཆེ། གུས་པ་བསོད་ནམས་རྡོ་རྗེས།

    ReplyDelete
  9. གངས་ལྷ་མོ་ལགས་ཀྱི་མིང་དེ་ཕྱིར་འཐེན་བྱས་ཟིན་པ་ཡིན།

    ReplyDelete
  10. སྐུ་ཉིད་ཀྱི་རྩོམ་ཆོས་སུ་སྐད་ཡིག་གི་སྤས་ཚདང་། བསམ་བློའི་ཁ་གཏིང་། རྩོམ་ཐབས་ཀྱི་རིག་པ་སོགས་ཀྱི་ས་མཚོན་པའི་དཔྱད་ཞིབ་རང་བཞིན་ཅན་དྲན་ཐོ་འདི་དག་གི་ལེགས་ཆ་ལ་བལྟས་ན། ཕྲན་གྱི་ཟིན་ཚོར་ཐར་འཐོར་རེ་བྲིས་ཁུལ་བྱས་པ་ངོ་གནོང་དགོས་པ་ཞིག་རེད།

    ReplyDelete
  11. རྨེ་སྲིབ་ནོར་བུ་ལགས་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་སྙན་ངག་དེ་ཚོར་དམིགས་བསལ་གྱི་བྲོ་བ་འདུག རང་ཅག་བོད་ཀྱི་སྐད་ཡིག་འདི་འཆི་དང་གསོན་ལ་ཐུག་པའི་མཚམས་འདིར། ཀ་ཀྱོག་ཀྱོག་ཅིག་བྲིས་ཀྱང་རྗེས་སུ་ཡི་རང་དང་སྤོབས་པ་བྱེད་འོས་པ་ཞིག་ཡིན་ན། ཁྱེད་ལྟར་ལེགས་རྩོམ་འབྲི་བ་དང་ཉམས་ཞིབ་གནང་བཞིན་པ་ནི་དེ་བས་ཀྱང་བསྔགས་འོས་པ་ཞིག་རེད།

    ReplyDelete
  12. ལས་འགུལ་འདི་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་སློབ་མའི་ལས་འགུལ་ཐོག་མ་དེ་ཡིན་པ་སྙམ། དེ་ནི་ཚོད་དཔགས་པ་ཙམ་ཞིག་ཡིན། རྒྱུ་མཚན། ༡༩༨༨དང་དེའི་སྔ་རོལ་གྱི་གནས་ཚུལ་ལ་གསལ་ཆ་ཅི་ཡང་མེད། འདི་ནི་ཤིན་ཏུ་ནས་རབ་ཏུ་དོན་སྙིང་ཡོད་པའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་རེད་འདུག་ཨང་། ཁོ་བོ་ནི་བོད་ནང་ན་ཡོད་པའི་རིགས་གཅེས་སྤུན་ཟླ་ཞིག་ཡིན་ལ། ལྷག་་པར། ༠༠༨ལོའི་སློབ་མའི་ཞི་བའི་ལས་འགུལ་ཁྲོད་དུ་ཟབ་བཞུགས་བྱས་པས་རྐྱེན། སློབ་མའི་ལས་འགུལ་སྐོར་ལ་ཕྱི་མིག་གི་ཚུལ་དུ་རྩོམ་དེབ་ཅིག་འབྲི་ཚར་གྱི་ཡོད་པས་ན། རྩོམ་པོ་ཆུང་ཚེ་རིང་གིས་དེར་འབྲེལ་རྒྱུ་ཆ་རེ་འདོན་སྤྲོད་བྱེད་ཐུབ་མིན་ལ་དམིགས་ནས་སྐད་འདི་བཞག་པ་ཡིན། གལ་སྲིད། འབྲེལ་ཡོད་ཀྱི་ཡིག་ཆ་དང་པར་རིས་༼༡༩༨༨དང་དེ་སྔོན་གྱི་ལོ་རྒྱུས་རྒྱུ་ཆ༽སོགས་འདོན་སྤྲོད་ཕྱིར་ང་ལ་འབྲེལ་གཏུགས་ཡིག་ཟམ་སྐད་ལན་ཚབ་ཏུ་འཇོག་པར་གལ། ཞེས། བོད་ནང་གི་ན་གཞོན་རྩོམ་པ་པོ་ཞིག་ནས།

    ReplyDelete
  13. གཞིས་བཞུགས་སྤུན་ཟླ་ཁྱེད་ལ་རྒྱུ་ཆ་དང་རོགས་རམ་ག་རེ་དགོས་ནའང་གསུངས་རོགས། ངས་ཐུབ་པ་ཞིག་ཡིན་ན། ངེས་པར་ཞུས་ཆོག ངའི་གློག་འཕྲིན་ཁ་བྱང་འདི་ཡིན། chung.tsering@gmail.com

    ReplyDelete
  14. རྒྱལ་ཁབ་འཆི་གསོན་མི་རབས་གསར་པར་ཐུག།
    རྒྱལ་སྲིད་བརྟན་མིན་མི་རབས་གོང་མའི་འགན།།
    རྒྱལ་སྐྱོབས་གནས་ལ་མི་རབས་གཉིས་ཀ་ཡི།།
    རྒྱལ་སྐྱོང་ལ་རྒྱ་འགྱུར་དང་མ་འགྱུར་ལགས།།

    ན་གཞོན་ཤེས་ཡོན་ཡོད་མེད་གནད་ཀ་དང།།
    ན་ཚོད་སྨིན་མིན་དོན་དམ་གནས་འདིར་ཐུག།
    ན་གཞོན་ཡིན་ཡང་རྒྱལ་གཅེས་ལྷག་བསམ་འདི།།
    ན་ཚོད་སྨིན་རྟགས་རྒད་པོའི་ངོ་བསྟོད་ཐོབ།།

    བོད་ཀྱི་བསྟན་སྲིད་བོད་མི་སྤྱི་ལ་ཐུག།
    བོད་ཀྱི་རིག་གཞུང་བོད་མི་སྤྱི་ལ་ཐུག།
    བོད་ཀྱི་གནས་བབ་བོད་མི་སྤྱི་ལ་ཐུག།
    བོད་ཀྱི་རང་དབང་བོད་མི་སྤྱི་ལ་ཐུག།

    བོད་རྒྱལ་བའི་རྒྱལ་རྟགས་བལྟ་འདོད་ན།།
    བོད་མི་རིགས་མཉམ་མཐུན་ཆིག་སྒྲིལ་དགོས།།
    བོད་ཕམ་པའི་ཕམ་རྟགས་མྱོང་འདོད་ན།།
    བོད་བོད་མིའི་ད་ལྟའི་ཚུལ་ལ་བལྟོས།།

    ReplyDelete