2011-03-14

འཕགས་མཆོག་སྤྱན་རས་གཟིགས་དང་བོད་གངས་ཅན་ལྗོངས་ཀྱི་འབྲེལ་བ།

༅༅།། བོད་མི་ཚོས་འཕགས་པ་སྤྱན་རས་གཟིགས་ནི། བོད་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་ཞེས་ཐུན་མོང་མ་ཡིན་པའི་མགོན་པོར་ངོས་འཛིན་དང་ཡིད་ཆེས་བྱེད་ཀྱི་ཡོད།

དེ་ཡང༌། སྔོན་གྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་དུ་བཞུགས་པའི་ཚེ། ཞལ་འཛུམ་པར་མཛད་པའི་འོད་ཟེར་གྱིས་བོད་ཡུལ་བཀང་བ་ན། སྒྲིབ་སེལ་གྱིས་སངས་རྒྱས་ཞལ་འཛུམ་པར་མཛད་པའི་རྒྱུ་དང་རྐྱེན་གང་ཡིན་པའི་སྐོར་བཀའ་འདྲི་ཞུས་པར། སངས་རྒྱས་ཀྱིས། དུས་གསུམ་སངས་རྒྱས་ཀྱི་གདུལ་བྱར་མ་གྱུར་བའི་མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བཀའ་དྲིན་ལས་དམ་པའི་ཆོས་ཉི་མ་ཤར་བ་ལྟར་རྒྱས་པར་གྱུར། དེ་ཡང་སངས་རྒྱས་གཞན་གྱིས་མ་ཐུལ་བར་སྤྱན་རས་གཟིགས་ཁོ་ནས་འདུལ་ཐུབ་པའི་རྒྱུ་མཚན་ནི། སྔོན་གྱི་ཚེ། སངས་རྒྱས་སྟོང་གི་སྤྱན་སྔར་འཕགས་པ་སྤྱན་རས་གཟིགས་ཀྱིས། མཐའ་འཁོབ་འདུལ་དཀའི་སེམས་ཅན་དེ་དག་ཀུན། །བདག་གིས་ཐར་བའི་ལམ་དུ་འདུལ་གྱུར་ཅིག །ཅེས་སོགས་དམ་བཅའ་མཛད་པས་རེད་སོགས་བཀའ་སྩལ་བ་རེད། 
སངས་རྒྱས་ཤཱཀྱ་ཐུབ་པ། (རྒྱབ་ལྗོངས་བྱང་ཆུབ་ལྗོན་ཤིང་།)
དེ་ནས་སངས་རྒྱས་ཀྱི་ཐུགས་ཀ་ནས་པདྨ་དཀར་པོ་ལྟ་བུའི་འོད་ཟེར་ཞིག་བྱུང་ནས། འོད་དེ་བདེ་བ་ཅན་གྱི་ཞིང་ལ་སོང་སྟེ། སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པ་དང༌། འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་དེ་སླར་ཡང་བྱུང་སྟེ། བདུད་རྩིའི་མཚོ་པདྨ་ཅན་དུ་ཞུགས་པས། པདྨའི་མཚོ་དེའི་དབུས་ནས་པདྨ་གཞན་ཀུན་ཟིལ་གྱིས་གནོན་པའི་པདྨའི་རྒྱལ་པོ་ཉི་ཟླ་འབུམ་ཕྲག་
གི་འོད་ཟེར་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུའི་གཟི་འོད་འཕྲོ་བ་ཞིག་བྱུང་ནས། ཞལ་ཁ་ཕྱེ་ཞིང་རྒྱས་པའི་ཁོངས་སུ་སྐུ་ལུས་གངས་རིའི་ཕུང་པོ་བྱེ་བ་ལྟར་དཀར་ཞིང་འོད་ཟེར་འཕྲོ་བ། ཞལ་འཛུམ་བག་ཅན། ཞལ་གཅིག་ཕྱག་བཞི་རྒྱན་ཀུན་དང་ལྡན་པ། རྩ་བའི་ཕྱག་གཉིས་ཐུགས་ཀའི་དབུས་སུ་ཐལ་མོ་སྦྱར་ཞིང༌། གཡས་ཀྱི་ཕྱག་འོག་མས་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ། ཕྱག་གཡོན་གྱི་འོག་མས་པདྨ་དཀར་པོ་འཛིན་ཞིང༌། པདྨའི་མེ་ཏོག་སྙན་གྱི་ཐད་དུ་བཞད་ཁ་བྱེ་བ། ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་མཛད་པ། དབུ་ལ་རལ་བའི་ཟུར་ཕུད་ལྔ་དང་ལྡན་པ། ཕྲག་པ་གཡོན་མར་རི་དྭགས་ཨེ་ན་ཡའི་ལྤགས་པས་བཀབ་པ། མཚན་དང་དཔེ་བྱད་མ་ལུས་བཀྲ་བ། སངས་རྒྱས་ཀྱི་འོད་ཟེར་མ་གཏོགས་འོད་ཟེར་མ་ལུས་ཟིལ་གྱིས་གནོན་པ་ཞིག་བྱུང་བས། དེའི་སྤྱི་བོར་རྒྱལ་བ་འོད་དཔག་མེད་ཀྱི་ཕྱག་གིས་བྱུགས་བྱུགས་མཛད་ནས། དུས་གསུམ་རྒྱལ་བའི་གདུལ་བྱར་མ་གྱུར་པ། །མཐའ་འཁོབ་ཁ་བ་ཅན་གྱི་སེམས་ཅན་རྣམས། །སྨོན་ལམ་མཐུ་ཡིས་ཁྱོད་ཀྱིས་འདུལ་བྱར་འགྱུར། །ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཁྱོད་ལེགས། །ཞེས་སོགས་དང༌། མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་ཁམས་དེར། །ཡི་དམ་ལྷ་ཡི་སྐལ་བ་ཁྱོད་ཡིན་ཏེ། །ཡི་དམ་ཁྱོད་ལ་བརྟེན་ནས་མ་འོངས་དུས། །ཡུལ་དེར་སངས་རྒྱས་བྱང་སེམས་དཔག་མེད་འབྱུང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར། །ཆོས་སྐལ་སྙིང་པོ་ཡིག་དྲུག་འདི་ཡིན་ཏེ། །སྙིང་པོ་འདི་ལ་བརྟེན་ནས་མ་འོངས་དུས། །ཤཱཀྱའི་རྒྱལ་པོའི་གསུང་རབ་དམ་ཆོས་ཀུན། །ཡུལ་དེར་དར་རྒྱས་མི་ཀུན་ཆོས་སྤྱོད་འགྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ། །ཞེས་སོགས་ལུང་བསྟན་དང་ཡིག་དྲུག་གི་ཕན་ཡོན་རྒྱ་ཆེར་གསུངས་པ་དང༌། དེའི་ཚེ་སངས་རྒྱས་ཐམས་ཅད་འདུས་ཏེ་དབང་སྐུར་དང་བསྔགས་བརྗོད་མཛད་པ་མ་ཟད། འགྲོ་བ་ཀུན་འདུལ་བའི་འཕྲིན་ལས་ལ་དབང་བའི་ཕྱིར་དུ་སངས་རྒྱས་འོད་དཔག་མེད་དེ་ཉིད་སྤྱན་རས་གཟིགས་ཀྱི་གཙུག་གི་ཏོག་ལྟར་བྲལ་མེད་དུ་བཞུགས།
སྤྱན་རས་གཟིགས་ཕྱག་བཞི་པ།
རྒྱ་གར་ཨ་ཇན་ཏའི་བྲག་ཕུག་ཀྱི་ལྡེབས་སུ་གསལ་བའི་སྤྱན་རས་གཟིགས།
དེར་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་རྣམས་ཀྱི་དྲུང་དུ་པུས་མོ་བཙུགས་ཤིང་ཕྱག་གཉིས་ཐལ་མོ་སྦྱར་ཏེ། བདག་གིས་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འགོད་པར་བགྱི། གལ་ཏེ། འགྲོ་བ་སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་མ་བཀོད་པའི་གོང་དུ། རང་ཉིད་ཞི་བ་དང་བདེ་བར་གནས་པའི་བསམ་པ་སྐྱེས་ན། ངས་སངས་རྒྱས་ཐམས་ཅད་བསླུས་པ་ཡིན་པས། མགོ་བོ་ཨརྫྷ་ཀ་ཡི་དོག་པ་བཞིན་ཚལ་བ་བཅུར་གས་པ་དང༌། ལུས་པོ་པདྨའི་འདབ་མ་ལྟར་རྣམ་པ་སྟོང་དུ་བྱེ་བར་གྱུར་ཅིག་ཅེས་སྙིང་རྗེས་དམ་བཅའ་དང་བདེན་ཚིག་སྨོན་ལམ་མཛད་པ་རེད། དེ་ནས་དམྱལ་བ་སོགས་སེམས་ཅན་སྡུག་བསྔལ་གྱིས་མནར་བའི་གནས་མང་པོར་ཕེབས་ནས་གང་ལ་གང་འདུལ་གྱི་མཛད་པ་བརྗོད་ལས་འདས་པ་བསྐྱངས་པ་དང༌། (ཡང་བཀའ་ཆེམས་ཁག་ཅིག་ལས་སྤྱན་རས་གཟིགས་ཛེ་ཏའི་ཚལ་དུ་འོངས་ནས་སྟོན་པ་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་ཚེ། ངའི་གདུལ་བྱ་རྫོགས་སོ་ཞེས་གསུང་བ་ན། ད་དུང་ཁ་བ་ཅན་གྱི་སེམས་ཅན་མ་ཐུལ་ལོ་ཞེས་ཞུས་པས། དེ་ནི་ཁྱོད་ཀྱི་གདུལ་བར་བྱ་བ་ཡིན་ནོ་ཞེས་ཁ་བ་ཅན་དེ་དུས་སྤྱན་རས་གཟིགས་ལ་གཏད་པར་ཡང་གསུངས་སོ།།) བོད་དུ་བྱོན་པའི་ཚེ། །སྟོད་ཀྱི་མངའ་རིས་བསྐོར་གསུམ་རྫིང་གི་ཚུལ་ལྟ་བུ་དང༌། བར་གྱི་དབུས་གཙང་རུ་བཞི་ནི་ཡུར་བ་ལྟ་བུ། སྨད་དུ་མདོ་ཁམས་སྒང་དྲུག་ཞིང་ལྟ་བུར་ཆགས་ཤིང༌། དེ་ཀུན་ཆུ་ཡི་རྒྱ་མཚོར་གྱུར་པའི་ནང་དུ་མཐའ་ཡས་པའི་སྲོག་ཆགས་མང་པོ་སྡུག་བསྔལ་ཆེན་པོའི་ངང་གནས་པ་གཟིགས་པས་དེ་དག་ལ་ཡིག་དྲུག་གི་ཆོས་བསྟན་ནས་མ་འོངས་གདུལ་བྱར་འགྱུར་བར་བྱིན་གྱིས་བརླབས།
སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།

དེ་ནས་ད་ལྟའི་ཕོ་བྲང་པོ་ཏཱ་ལ་ཆགས་ཡུལ་བོད་ཀྱི་ཡུལ་དབུས་དམར་པོ་རིའི་རྩེ་མོར་ཕེབས་ནས་གཟིགས་པས་ཡུལ་གྱི་མཐིལ་ཀུན་ཆུས་གང་བའི་ནང་སྡུག་བསྔལ་གྱིས་མནར་བའི་སྲོག་ཆགས་མང་པོ་གནས་པ་དང༌། ས་བབ་མཐོ་སའི་ལོགས་སུ་མུན་པ་འཐིབས་འདྲའི་ནགས་ཚལ་སྟུག་པོས་ཡོངས་སུ་གང་བའི་ནང་ཁྲོ་ཞིང་གཏུམ་པའི་སྤྱན་གཟན་སྣ་ཚོགས་ཕན་ཚུན་གསོད་རེས་བྱེད་པ་དང༌། ལྷག་པར་ལྷ་སའི་འོ་ཐང་གི་མཚོ་ནི་དམྱལ་བའི་སྒོ་ཡིན་པ་དང༌། དེའི་ནང་སེམས་ཅན་གྲངས་མེད་སྡུག་བསྔལ་དྲག་པོས་མནར་བ་གཟིགས་པས་སྙིང་རྗེ་ཤུགས་དྲག་སྐྱེས་པའི་ཤུགས་ལས་སྤྱན་གཡས་གཡོན་གཉིས་ལས་སྤྱན་ཆབ་ཀྱི་ཐིགས་པ་རེ་རེ་ལྷུང་བ་དེ། ཇོ་མོ་ཁྲོ་གཉེར་ཅན་དང་རྗེ་བཙུན་སྒྲོལ་མར་གྱུར་ནས། བུ་ཁྱོད་མཐའ་འཁོབ་འགྲོ་རྣམས་འདུལ་བ་ལ། །སྒྱིད་ལུག་སྡུག་བསྔལ་ལྡན་པར་མ་བྱེད་ཅིག །ཁོ་མོ་གཉིས་ཀྱིས་འགྲོ་དོན་གྲོགས་བྱེད། །ཅེས་གསུངས་ཏེ། སྤྱན་གཉིས་ལ་སླར་ཡང་ཐིམ། དེ་ནས་དམྱལ་མཚོའི་དབུས་སུ་ཕེབས་ནས་ཡིག་དྲུག་གི་ཆོས་བཤད་དང༌། ཐུགས་སྨོན་གནང་བའི་མཐུ་ལས་དམྱལ་བའི་སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་ཞི་ཞིང༌། ཐར་པའི་ལམ་དུ་འཁོད་པ་མ་ཟད། འཁོལ་བཞིན་པའི་མཚོ་ཚ་པོ་དེ་ཡང་ཞི་ནས་བསིལ་བར་གྱུར་པ་དང༌། ཀོང་ཡུལ་མཐིལ་གྱི་ཆུ་བརླག་ཅེས་བྱ་བའི་ཟོམས་ཁ་ཕྱེ་བས་བོད་ཡུལ་རུ་བཞི་ཆུ་ཡིས་གང་བ་ཐམས་ཅད་དེར་ཐིམ་ཞིང༌། ཆུ་གཞན་དག་ཀྱང་དེ་བཞིན་ཐིམ་པས་བོད་ཡུལ་གྱི་བཀོད་པ་གསལ་བར་དོད་པ་སྟེ། སྟོད་ཀྱི་མངའ་རིས་སྐོར་གསུམ་ཤ་རྐྱང་རི་དྭགས་ཀྱི་གླིང་དང༌། བར་གྱི་དབུས་གཙང་རུ་བཞི་སྟག་གཟིག་དང་གཅན་གཟན་གྱི་གླིང༌། སྨད་ཀྱི་མདོ་ཁམས་སྒང་དྲུག་འདབ་ཆགས་བྱ་ཡི་གླིང་དུ་གྱུར། འཕགས་པ་སྤྱན་རས་གཟིགས་དབང་གིས་དེ་དག་ཀུན་ལ་ཐབས་ཚུལ་དུ་མའི་སྒོ་ནས་ཆོས་བསྟན་ནས་སེམས་ཅན་དཔག་ཏུ་མེད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་བཀོད། དེ་ལྟར་དུས་ཡུན་རིང་པོའི་བར་ཐབས་ཤེས་དུ་མའི་སྒོ་ནས་སེམས་ཅན་རྣམས་སྨིན་གྲོལ་གྱི་གནས་སུ་འགོད་སྐབས་ངལ་དུབ་ཆེན་པོ་བྱུང་བ་དེ་སེལ་ཕྱིར། འཛམ་གླིང་གི་ལྷོ་ཡི་ཕྱོགས་གྲུ་འཛིན་རི་བོར་ཕེབས་ནས་སེམས་ཉིད་ངལ་གསོའི་ཏིང་འཛིན་མཛད།

དེ་ནས་ཏིང་འཛིན་ལས་བཞེངས་ཏེ་སེམས་ཅན་ཡོངས་དང་ལྷག་པར་ཁ་བ་ཅན་གྱི་སེམས་ཅན་ལ་གཟིགས་པས། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་ཤས་ཙམ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་གནས་སུ་འགོད་ཐུབ་མེད་པ་མ་ཟད། སེམས་ཅན་རྣམས་ཀྱི་སེམས་རྒྱུད་ནི་ཤིན་ཏུ་གདུལ་དཀའ་བ། སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་པ་གཟིགས་པས། རང་ཉིད་ཞི་བ་དང་བདེ་བར་གནས་འདོད་ཀྱི་བསམ་པ་སྐད་ཅིག་ཙམ་སྐྱེས་པའི་མོད་ལ། སྔོན་སྤྱན་རས་གཟིགས་རང་ཉིད་ཀྱིས་དམ་བཅའ་དང་དམོད་པ་བོར་བའི་དབང་གིས། དེ་མ་ཐག་དབུ་ཚལ་བ་བཅུ་རུ་གས་ཤིང་གྱེས་པ། སྐུ་ལུས་དུམ་བུ་སྟོང་དུ་བྱེ་བ་རེད། དེར་སངས་རྒྱས་འོད་དཔག་མེད་སྐད་ཅིག་དེ་ཉིད་དུ་ཕེབས་ནས་དབུ་དང་སྐུ་ལུས་ཞིག་ཅིང་བྱེ་བ་རྣམས་ཕྱག་གིས་ཆུན་པོར་བཅིངས་ནས།
རིགས་ཀྱི་བུ། ཁྱོད་སྡུག་བསྔལ་མ་བྱེད་ཅིག ཁྱོད་ཀྱི་དབུ་ཚལ་བ་བཅུར་གས་པ་འདི་ནི་ཞལ་རས་བཅུ་གཅིག་ཏུ་བྱིན་གྱིས་བརླབ། སྐུ་ལུས་རྣམ་པ་སྟོང་དུ་བྱེ་བ་འདི་ནི། ཕྱག་སྟོང་སྤྱན་སྟོང་ལྡན་པར་བྱིན་གྱིས་བརླབ། སླར་ཡང་འགྲོ་དོན་ལ་སྙིང་སྟོབས་སྐྱེད་ཅིག་ཅེས་སོགས་གསུངས་པ་དང༌། དེ་བཞིན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའང་དེར་ཕེབས་ནས། ཞལ་རས་བཅུ་པོ་ཕ་རོལ་ཕྱིན་པ་བཅུ། །བཅུ་གཅིག་དབུ་ལ་འོད་དཔག་མེད་པ་བཞུགས། །ཞི་རྒྱས་དབང་དྲག་ལས་རྣམས་ཀུན་མཛད་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང༌། །གང་ལ་གང་འདུལ་དེ་ལ་དེ་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་སོགས་བསྟོད་པ་དང་ཤིས་པ་མཛད།

བོད་ཀྱི་ས་རྣམས་མིའི་འགྲོ་བ་འཚོ་གནས་བྱེད་ཡུལ་དུ་རུང་བར་གྱུར་པ་ན། འཕགས་པ་སྤྱན་རས་གཟིགས་ཀྱིས་རྣམ་སྤྲུལ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་བྲག་སྲིན་མོ་གཉིས་ཀྱིས་ཐབས་ཤེས་ཟུང་འཇུག་གི་ངང་ནས་བོད་མིའི་རིགས་རྒྱུད་ཐོག་མར་སྤེལ་བ་རྣམས་རྒྱལ་རབས་ལོ་རྒྱུས་སུ་ཡོངས་སུ་གྲགས་པ་ལྟར་དང༌། དེ་རྗེས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ད་ལྟའི་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་རིམ་བྱོན་སོགས་འཕགས་མཆོག་སྤྱན་རས་གཟིགས་དང༌། དེ་ཡི་རྣམ་སྤྲུལ་གྲངས་ལས་འདས་པ་རྣམས་ཀྱིས། སྔོན་དུས་ཐུགས་སྐྱེད་དམ་བཅའ་ཇི་ལྟར་མཛད་པ་བཞིན་བོད་འབངས་ཡོངས་ལ་ཆོས་སྲིད་གཉིས་དང༌། ཚེ་འདི་ཕྱི་གཉིས་ཀྱི་ཕན་བདེ་རྒྱ་ཆེར་བསྐྲུན་དང་སྐྲུན་བཞིན་པ་སྔོན་གྱི་བྱུང་རབས་ཡིག་ཆ་དང༌། ད་ལྟའི་གནས་སྟངས་ལ་གཟིགས་ན་མཁྱེན་རྟོགས་ཡོང་ངེས་ལྟར་ཡིན།

མདོ་དོན་བོད་པ་རང་གི་ལྟ་སྟངས་ཀྱི་ཐོག་ནས་བཤད་ན། ཐོག་མར་བོད་ཡུལ་གྱི་རྣམ་པ་དང༌། བོད་མི་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ལ་བརྟེན་ནས་བྱུང་བ་ཡིན་ལ། ད་ལྟའང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེའི་ཕྱག་གིས་བཟུང་ནས་སྐྱོང་བཞིན་པ་འདི་མེད་ན། བོད་དང་བོད་མི་ཞེས་པའང་མིང་གི་ལྷག་མ་ཙམ་ལས་མེད་པར་གྱུར་ངེས་པ་འདས་པའི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ཙམ་ལ་གཟིགས་པས་ཀྱང་མཁྱེན་ངེས་ཡིན་པས། འཕགས་མཆོག་སྤྱན་རས་གཟིགས་དང་བོད་གངས་ཅན་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ནི་“མེད་ན་མི་འབྱུང་”བའི་འབྲེལ་བ་བཟང་པོ་ཞིག་ཡིན་པར་བོད་མི་ཚོས་ཡིད་ཆེས་ཞུ་ཡི་ཡོད་ཅིང༌། ཡིད་ཆེས་འདིར་འགའ་ཞིག་གིས་“རྨོངས་དད”ཅེས་ངན་དམོད་བྱེད་མ྄ུས་ཡིན་ཀྱང༌། ང་ཚོའི་ཡིད་ཆེས་འདི་ནི་“རྨོངས་དད་”མ་ཡིན་པ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་དང༌། ལྷག་པར་ྋགོང་ས་སྐུ་ཕྲེང་རིམ་བྱོན་གྱིས་རང་དོན་སྐད་ཅིག་ཙམ་ཡང་སྤངས་ནས་བོད་འབངས་རྣམས་ཀྱི་ཕན་བདེ་ལ་སྨན་པའི་མཛད་བཟང་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་འདི་ཁོ་ནས་དཔང་པོ་བྱེད་ནུས་སོ།། །། 
བོད་ཀྱི་རི་ངོས་ཤིག་ཏུ་མ་ཎི་ཡིག་དྲུག་བརྐོས་པ།

8 comments:

  1. ཤིན་ཏུ་ལེཊ་་་་ཐུགས་རྗེ་ཆེ་་་་་་་་་་ཡོན་ཏན་འཕེལ་སོང་

    ReplyDelete
  2. ཁྱེད་ཀྱིས་འདི་བཀླགས་པར་ཐུགས་རྗེ་ཆེ།

    ReplyDelete
  3. གྲོགས་པོ་ལགས། སྤྱན་རས་གཟིགས་ཁ་སར་པ་ནིའི་སྐུ་མདོག་དང་ཕྱག་མཚན་ཅི་འདྲ་རེད། སྐུ་བཞུགས་སྟངས་གང་འདྲ་རེད། བཞེངས་སྟབས་སུ་ཡོད་དམ་བཞུགས་ཡོད།

    ReplyDelete
  4. དེའི་ཐད་ལ་ངས་ཉམས་ཞིབ་བྱས་མེད། ཡིན་ནའང་། བཞེངས་སྟབས་དང་བཞུགས་སྟབས་གཉིས་ཀ་ཡོད་པར་སྣང་། དེའི་རྒྱུ་མཚན།
    ༡) རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ཁསརྤཎིའི་བསྟོད་པ་ལས། སྭསྟི། མཆོག་ཏུ་དུལ་བའི་རི་དྭགས་ལྤགས་པ་ཕྲག་པ་གཡོན་ནས་སེ་རལ་ཁར་འཛིན་ཅིང་། །བུང་བ་ལྟར་གནག་རལ་བའི་ཁུར་གྱིས་མཛེས་ཤིང་ཟླ་ཟེར་དུང་ལྟར་དཀར།། བུད་མེད་སྐེམ་པའི་མཛེས་པའི་སྐེད་སྐབས་གཡོན་གྱི་ཕྱོགས་སུ་ཡིད་ཙམ་འཁྱོགས།། པད་ཟླའི་སྟེང་ན་གཡས་རོལ་སྟབས་ཀྱིས་ཀུན་ནས་བརྗིད་པའི་འགྱིང་བག་ཅན།། ཕྱག་གཡས་མཆོག་སྦྱིན་སྤྲིན་གྱིས་བདུད་རྩིའི་ཆར་འབེབས་ཡི་དྭགས་རེ་བ་སྐོང་།། ཉེས་རྒྱས་གོས་པ་མེད་མཚོན་སྡོང་བུ་གཡོན་གྱི་ཐུགས་ཀར་འཛིན།། མཐོང་ཐོས་དྲན་པ་ཙམ་གྱིས་སྲིད་པའི་འདམ་ནས་འགྲོ་བ་འདྲེན་མཛད་པ།། ཁ་སརྤཎི་བདག་གི་ཡིད་ལ་དེང་ནས་འབྲལ་བ་མེད་གྱུར་ཅིག །ཅེས་གསུངས་པ་ལས། བཞུགས་སྟངས་དང་ཕྱག་མཚན་སོགས་གསལ་བར་ཤེས་ནུས།

    ReplyDelete
  5. ༢) ཡང་། བསྟན་འགྱུར་དཔེ་བསྡུར་མའི་ནང་བཞུགས་པའི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ། ཞེས་པའི་དང་པོ་ནི་ཁསརྤཎིའི་སྒྲུབ་ཐབས་ཡིན་ཞིང་། དེར་སྐྱིལ་ཀྲུང་ཕྱེད་བརྐྱང་འགྱིང་བག་བརྟན། །ཞེས་སོགས་གསལ་བ་ལས་བཞུགས་སྟབས་སུ་བཞུགས་པའང་ཡོད་པ་གསལ།། དེ་ཙམ་ལས་རྒྱས་པ་བདག་གིས་མི་ཤེས། ཐུགས་རྗེ་ཆེ།

    ReplyDelete
  6. ཐུགས་རྗེཞེ་དྲག་ཆེ་།

    ReplyDelete