2011-09-21

བོད་སོག་ཆིངས་ཡིག་གི་ཞལ་བཤུས།

བོད་སོག་ཆིངས་ཡིད་འདི་སོག་ཡིག་ནས་ཨུ་རུ་སུའི་སྐད་དང་། ཨུ་རུ་སུའི་སྐད་ནས་དབྱིན་ཡིག་ཏུ་བསྒྱུར་འདྲ་བ་ཞིག་དེ་སྔོན་གང་སར་ཁྱབ་ཡོད་ཅིང་། ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཀྱི་མཇུག་ཏུ་ཆིངས་ཟིན་ཡིག་ཆ་ཕྱོགས་བསྡེབས་ནས་བཤུས་པ་ཡིན་ཞེས་པའི་བོད་ཡིག་གི་ཆིངས་དོན་ཚིག་བརྗོད་དག་ཀྱང་། ཕལ་ཆེར་དབྱིན་ཡིག་ལྟ་བུ་ཞིག་ནས་བསྒྱུར་བ་ཞིག་མིན་ནམ་སྙམ། ཆིངས་ཡིག་འདི་འདྲ་ཞིག་དངོས་གནས་ཡོད་མེད་ཐད་དེ་སྔོན་དོགས་པ་བྱེད་མཁན་ཡོད་པར་མ་ཟད། དཔེ་དེབ་ཁ་ཤས་ནང་ཆིངས་ཡིག་འདི་འདྲ་ཞིག་ཡོད་རློམ་མམ་ཡོད་སྐད་ལྟ་བུའི་དོགས་ཚིག་བཀོད་ཡོད་ཀྱང་། ཕྱི་ལོ་ ༡༩༨༢ ལོར་སོག་པོའི་ཚན་རིག་སློབ་སྡེས་(Mongolian Academy of Sciences)ཆིངས་ཡིག་འདིའི་སོག་ཡིག་མ་ཚིག་དཔེ་སྐྲུན་བྱས་པ་དང་། ཕྱི་ལོ་ ༢༠༠༧ ལོར་སོག་ཡུལ་གྱི་ཡིག་ཚགས་ནང་ནས་བོད་ཡིག་གི་མ་དཔེ་གསར་རྙེད་བྱུང་ཡོད།
༢༠༡༠ ལོར་ཕྲན་ལ་སོག་ཡུལ་ནས་གོང་གསལ་ ༢༠༠༧ ལོར་གསར་རྙེད་བྱུང་བའི་ཆིངས་ཡིག་ཨ་མ་དེ་དངོས་སུ་མཇལ་བའི་གོ་སྐབས་བྱུང་བ་ལྟར། དེའི་ཚིག་བརྗོད་ཡོངས་རྫོགས་ཞལ་བཤུས་ཀྱིས་ཡིག་ནོར་རྣམས་མ་བཅོས་པར་ཇི་མ་ཇི་བཞིན་གཤམ་དུ་བཀོད་ཡོད་ལ། དེ་བཞིན་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་གསལ་བའི་ཚིག་གཞི་ཡང་མཇུག་ཏུ་བཀོད་ཡོད།


༡༽ བོད་སོག་མཛའ་འབྲེལ་དང་མཐུན་འགྱུར་གྱི་ཆིངས་ཡིག་ངོ་མའི་ཞལ་བཤུས།
༅༅།། རང་རེ་བོད་སོག་གཉིས། མཉྫུའི་རྒྱལ་ཁབ་ཀྱི་མངའ་འོག་ནས་ཐོན། རྒྱ་ནག་པོ་དང་བྲལ་ཏེ། བོད་སོག་སོ་སོ་རྒྱལ་ཁབ་རང་བཙན་པ་བགྱིས། སྔར་དུས་ནས་ད་བར་བོད་སོག་གཉིས་བསྟན་པ་ལར་རྒྱ་གཅིག་པས་ཉེ་འབྲེལ་ཆེ་སྟབས། ད་དུང་ཤིན་ཏུ་བརྟན་ཐབས་སུ་ཆིང་ཡིག་བཞག་དོན། སོག་པོའི་རྒྱལ་ཁབ་ཀྱི་༸གོང་མ་ཆེན་པོའི་བཀའ་ལུང་གིས་ཆིང་བཞག་དབང་ཆ་སྤྲད་པའི་བློན་ཕྱི་རྒྱའི་ཡ་མོན་ལས་བྱེད་བློན་ཆེན་ཏཱ་བླ་མ་ཉིག་ཐ་སྦི་ལེགས་ཐུ། བློན་ཆེན་གཉིས་པ་ཅང་ཅུན་རྨང་ལས་དཔའ་ཐུར་དཔལ་ལི། བོད་རྒྱལ་ཁབ་ཀྱི་༸གོང་མ་ཆེན་པོ་ཏཱ་ལའི་བླ་མ་རིན་པོ་ཆེའི་བཀའ་ལུང་གིས་ཆིང་བཞག་དབང་ཆ་སྤྲད་པ་སྐུ་བཅར་མཚན་ཞབས་མཁན་ཆེ་བློ་བཟང་ངག་དབང་དང་། རྩེ་མགྲོན་ངག་དབང་ཆོས་འཛིན། ཁུ་རལ་དངུལ་སྐྱེས་དོ་དམ་པ་རྩེ་དྲུང་ཡེ་ཤེས་རྒྱ་མཚོ། ལས་རོག་དྲུང་ཡིག་དགེ་འདུན། སྐལ་བཟང་རྣམས་ཀྱིས་ཆིངས་བཞག་ཏུ། དོན་དང་པོར་སོག་པོ་རྣམས་རྒྱལ་ཁབ་རང་བཙན་བགྱིས་ཏེ་༸ཞ་སེར་བསྟན་པའི་བདག་པོ་༸རྗེ་བཙུན་དམ་པ་ཧུ་ཐོག་ཐུ་རིན་པོ་ཆེ་ལྕགས་ཕག་ཟླ་ ༡༡ ཚེས་ ཉིན་གོང་མ་བདག་པོ་ཆེན་པོར་བཀུར་བ། བོད་ཀྱི་༸གོང་མ་བདག་པོ་ཆེན་པོ་ཏཱ་ལའི་བླ་མ་རིན་པོ་ཆེ་ནས་གཟེངས་སུ་བསྟོད་དེ་བརྟན་ཅིང་འགྱུར་མེད་མཛད། དོན་གཉིས་པར་བོད་པ་རྣམས་རྒྱལ་ཁབ་རང་བཙན་པ་བགྱིས་ཐོག་༸རྒྱལ་དབང་ཏཱ་ལའི་བླ་མ་རིན་པོ་ཆེ་༸གོང་མ་བདག་པོ་ཆེན་པོར་བཀུར་བ། སོག་པོའི་༸གོང་མ་བདག་པོ་༸རྗེ་བཙུན་དམ་པ་རིན་པོ་ཆེ་ནས་གཟེངས་སུ་བསྟོད་དེ་བརྟན་ཅིང་འགྱུར་མེད་མཛད། དོན་གསུམ་པར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམ་དར་བརྒྱས་ཡོངས་ཐབས་སུ་རང་རེ་རྒྱལ་ཁབ་གཉིས་པོ་ནས་བཀའ་མོལ་གོ་བསྡུར་གྱིས་འབད་དགོས། དོན་བཞི་པར་བོད་སོག་གཉིས་པོ་དེང་ནས་བཟུང་རྒྱུན་དུ་ཕྱི་ནང་འཇིགས་པ་ལས་གཅིག་ལ་གཅིག་གིས་སྐྱོབ་རོགས་ཕན་རོག་མཛད་རྒྱུ། དོན་ལྔ་པར་བསྟན་སྲིད་ལས་དོན་དང་བསྟན་སྲིད་སློབ་གཉེར་ལ་ཕན་ཚུན་འགྲུལ་སྐྱོད་རྣམས་རང་རང་ས་གནས་སུ་ཕན་གྲོགས་བགྱིས་རྒྱུ། དོན་དྲུག་པར་བོད་སོག་གཉིས་པོ་རང་རང་ཡུལ་ནས་ཐོན་པའི་ཟོག་དང་། ཕྱུགས་དང་། ལྤགས་རིགས་ལྟ་བུའི་ཚོང་འགྲུལ། དངུལ་འགྲུལ་ཐོག་སྨིན་བྱེད་ལ་སྔར་རྒྱུན་ལྟར་བཀགས་འགེལ་མེད། དོན་བདུན་པར་དེང་ཕྱིན་ཆད་བུན་ལོན་གཏོང་དུས་སྤྲོད་ལེན་སྐབས་ཡ་མོན་ཐམ་ག་ཡོད་པར་ཞུས་ཏེ་ཐམ་འབེབ་ཀྱིས་སོར་གནས་མ་བགྱིས་ཚེ་ཡ་མོན་སར་ཞུ་དོན་མེད། ཆིང་ཡིག་མ་བཞག་གོང་གི་བུན་བདག་ཕན་ཚུན་[འདིའི་མཚམས་སུ་ངོ་མི་ཆོད་པའི་ཚེག་བར་གསུམ་བཞི་ཞིག་འདུག]འབྲེལ་ཡོད་ཚེ། དེད་ཅིང་བསབ་འཇུག་ཆོག འོན་ཀྱང་རང་ཁུངས་ཤ་སྤི་ ཧོ་ཤོག་རྣམས་འཁྲིས་དོན་མེད། དོན་བརྒྱད་པར་ཆིང་འདི་བཞག་པའི་རྗེས་སུ་བསྣོན་དགོས་ཀྱི་དོན་གནད་ཡོད་ཚེ་བོད་སོག་༸རྒྱལ་ཁབ་གཉིས་ནས་དབང་ཆ་སྤྲད་པའི་བློན་པོ་རྣམས་བསྐོ་བཞག་གི་མོལ་བསྡུར་མཉམ་སྦྲེལ་བགྱིད་ཆོག་པ་དང་། དོན་དགུ་པར་ཆིང་ཡིག་འདི་བཞག་སྟེ་ཐམ་འབེབ་བརྟན་ཅིང་འགྱུར་མེད་བྱས་པ་ནས་འདི་དོན་ལྟར་སོར་གནས་བགྱི་རྒྱུ། སོག་པོའི་རྒྱལ་ཁབ་ཀྱི་༸གོང་མ་བདག་པོ་ཆེན་པོའི་ས་ནས་བསྐོས་ཏེ་ཆིངས་ཡིག་བཞག་པའི་དབང་ཆ་སྤྲད་པའི་བློན་ཕྱི་རྒྱའི་ཡ་མོན་ལས་བྱེད་ཏཱ་བླ་མ་ཉིག་ཐ་སྦི་ལེགས་ཐུ། བློན་ཆེན་གཉིས་པ་ཅང་ཅུན་རྨང་ལས་དཔའ་ཐུར་དཔལ་ལི། བོད་རྒྱལ་ཁབ་ཀྱི་༸གོང་མ་བདག་པོ་ཆེན་པོ་༸རྒྱལ་དབང་ཏཱ་ལའི་བླ་མ་རིན་པོ་ཆེ་ནས་བསྐོས་སྟེ་ཆིང་ཡིག་བཞག་པའི་དབང་ཆ་སྤྲད་པའི་བློན་མཚན་ཞབས་མཁན་ཆེ་བློ་བཟང་ངག་དབང་གི་རྟགས། རྩེ་མགྲོན་ངག་དབང་ཆོས་འཛིན་གྱི་རྟགས། ཁུ་རལ་དངུལ་སྐྱེས་དོ་དམ་རྩེ་དྲུང་ཡེ་ཤེས་རྒྱ་མཚོ་དང་ལས་རོག་དྲུང་ཡིག་དགེ་འདུན་སྐལ་བཟང་གཉིས་ནས་རྟགས། སོག་པོའི་མང་བཀུར་རྒྱལ་པོའི་ཁྲི་བཞུགས་གཉིས་པ་ཆུ་བྱི་ཟླ་ ༡༢ ཚེས་ ཉིན།། །།

༢༽ དྲན་དབང་ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ་གཉིས་པའི་མཇུག་ཏུ་བཀོད་པའི་ཆུ་བྱི་ ༡༩༡༣ སོག་པོའི་རྒྱལ་ས་ཨུར་གར། བོད་སོག་གཉིས་དབང་ཆ་འདྲ་མཉམ་གྱི་བཞག་པའི་ཆིངས་ཡིག
༅༅། །བོད་དང་། སོག་པོ་གཉིས་མན་ཇུ་༸གོང་མའི་དབང་འོག་ནས་ཐོན་ཏེ་རྒྱ་ནག་ནས་ཁག་ཁག་བྱས། རང་དབང་རང་བཙན་གྱི་གཞུང་ཞིག་བྱས་ནས། སོག་བོད་གཞུང་གཉིས་ཕན་ཚུན་རྒྱུན་དུ་ཆོས་ལུགས་གཅིག་པའི་མཐུན་ལམ་དང་། དེ་སྔོན་གྱི་གྲོགས་པོའི་མཐུན་ལམ་ཉེ་རུ་གཏོང་བའི་ཆེད་དུ། རང་དབང་ལྡན་པའི་སོག་པོའི་རྒྱལ་ཁབ་ཀྱི་ཕྱི་རྒྱལ་བློན་ཆེན་ལས་ཚབ་ནིག་ཏ་སྦི་ལེག་ཐུ། ཏཱ་བླ་མ་རབ་བརྟན་དང་། དམག་སྤྱི་བློན་ཆེན་གྱི་ལས་རོགས། མན་ལི་ཀ་ཀྲར། སྦི་ཙུ། གྲམ་ཀྲིན་འུ་རུན། བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚབ་སྐུ་བཅར་མཚན་ཞབས་མཁན་ཆེ་བློ་བཟང་ངག་དབང་། དངུལ་ཁང་དོ་དམ་མགྲོན་གཉེར་ངག་དབང་ཆོས་འཛིན། དྲུང་ཡིག་དགེ་འདུན་རྒྱལ་མཚན་བཅས་ནས་གཤམ་གསལ་ལྟར་ཁས་ལེན་བྱེད་རྒྱུ།
དོན་ཚན་དང་པོ། ཞྭ་སེར་བསྟན་པའི་བདག་པོ་རྗེ་བཙུན་དམ་པ་སོག་པོའི་ལུང་པའི་བདག་པོར་ལྕགས་ཕག་ལོ། ཟླ་ ༡༡ ཚེས་ ༩ ཉིན་དྲིལ་བསྒྲགས་བྱས་པ་ལྟར་བོད་ཀྱི་དབུ་འཛིན་ཏཱ་ལའི་བླ་མ་ནས་ངོས་འཛིན་དང་། ཁས་ལེན་ཆ་འཇོག་གནང་རྒྱུ།
དོན་ཚན་གཉིས་པ། སྐྱབས་མགོན་ཏཱ་ལའི་བླ་མ་བོད་རང་དབང་རང་བཙན་གྱི་བདག་པོར་སོག་པོ་ལུང་པའི་བདག་པོ་རྗེ་བཙུན་དམ་པ་ནས་ངོས་འཛིན་དང་། ཁས་ལེན་ཆ་འཇོག་གནང་རྒྱུ།
དོན་ཚན་གསུམ་པ། སོག་བོད་རྒྱལ་ཁབ་གཉིས་ཀ་གོ་བསྡུར་ནན་ཏན་གནང་སྟེ་ནང་པའི་བསྟན་པ་དར་ཞིང་རྒྱས་ཐབས་ལ་དགོངས་བཞེས་གནང་རྒྱུ།
དོན་ཚན་བཞི་པ། ད་ནས་བཟུང་བོད་དང་། སོག་པོའི་རྒྱལ་ཁབ་ལ་ཕྱི་དགྲ་དང་ནང་དགྲ་ག་ནས་བྱུང་རུང་གཅིག་གིས་གཅིག་ལ་རྒྱུན་དུ་རོགས་རམ་གནང་རྒྱུ།
དོན་ཚན་ལྔ་པ། བོད་དང་སོག་པོའི་ས་ཆའི་ཐོག་ལ་ཆོས་དང་། ཚོང་སོགས་ཀྱི་གཞུང་སྒེར་འགྲུལ་མི་རྣམས་ལ་སྲུང་སྐྱོབ་དང་། རོགས་རམ་བྱེད་རྒྱུ།
དོན་ཚན་དྲུག་པ། བོད་དང་། སོག་པོའི་རྒྱལ་ཁབ་གཉིས་སོ་སོའི་ལུང་པའི་ཐོན་ཟོག་དང་། སེམས་ཅན་སོགས་སྔར་རྒྱུན་ཚོང་ཇི་ཡོད་རྒྱག་རྒྱུ་དང་། ལག་ཤེས་བཟོ་གྲྭ། ཤེས་རིག་སོགས་ཡར་རྒྱས་གཏོང་རྒྱུ།
དོན་ཚན་བདུན་པ། ད་ནས་བཟུང་དངུལ་གྱི་སྤྲོད་ལེན་རྣམས་གཞུང་གི་བཀའ་དང་མ་འབྲེལ་བར་སྤྲོད་ལེན་གན་ཡིག་བཞག་མི་ཆོག །གལ་ཏེ་བཀའ་དང་མ་འབྲེལ་བར་བཞག་པ་བྱུང་ན་གཞུང་ནས་འདེད་ལེན་རྒྱབ་གཉེར་བྱེད་རྒྱུ་མིན། ཆིངས་ཡིག་འདི་མ་བརྒྱབ་གོང་ལ་དེ་འདྲའི་ཡིག་ཆ་ཡོད་པ་དང་། ཐག་མ་ཆོད་པའི་སྤྲོད་ལེན་ཆེན་པོ་ཡོད་པ་ཡིན་ན་གཞུང་ནས་རྒྱབ་གཉེར་གྱིས་སྤྲོད་འཇུག་རྒྱུ། འོན་ཀྱང་བུན་ལོན་འདི་ཚོ་ཤ་ཕོ་ནར་དང་། ཧོ་ཤོན་ཡིན་ན་གཞུང་ནས་ངོས་འཛིན་ཆ་འཇོག་བྱེད་ཀྱི་མ་རེད།
དོན་ཚན་བརྒྱད་པ། ཆིངས་ཡིག་འདིའི་ནང་ལ་ཚུད་པའི་དོན་ཚན་འདྲ་རྗེས་སུ་འཇུག་དགོས་པ་བྱུང་ཚེ་བོད་དང་། སོག་པོའི་གཞུང་གཉིས་ནས་སྐུ་ཚབ་གསར་དུ་བསྐོ་གཞག་ཐོག་ནས་དུས་ཚོད་དང་བསྟུན་པའི་སྣོན་ཕྲི་བྱེད་རྒྱུ།
དོན་ཚན་དགུ་པ། ད་ཉིན་ཆིངས་ཡིག་ལ་ལག་རྟགས་བརྒྱབ་པ་ནས་བཟུང་འདི་དོན་རྩ་འཛིན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། རང་དབང་ལྡན་པའི་སོག་པོའི་གཞུང་གི་ཆིངས་ཡིག་རྒྱག་མི་ཕྱི་རྒྱལ་བློན་ཆེན་ལས་ཚབ་སྦི་ལིག་ཐུ། ཏཱ་བླ་མ་རབ་བརྟན་དང་། དམག་སྤྱི་ལས་རོགས་མན་ཉི་ལ་ཀྲར། སྦི་ཙུ། གྲམ་ཀྲིན་སུ་རུན། རང་དབང་ལྡན་པའི་བོད་གཞུང་ཏཱ་ལའི་བླ་མའི་ཆིངས་ཡིག་རྒྱག་མི་སྐུ་བཅར་མཚན་ཞབས་མཁན་ཆེ་བློ་བཟང་ངག་དབང་དང་། དངུལ་ཁང་དོ་དམ་མགྲོན་གཉེར་ངག་དབང་ཆོས་འཛིན། དྲུང་ཡིག་དགེ་འདུན་རྒྱལ་མཚན་བཅས་ཀྱི་ལག་རྟགས་དང་། དམ་ཕྲུག་རྒྱབ་ཡོད། སོག་པོ་རང་བཙན་ལོ་གཉིས་པ། ཟླ་ ༡༢ ཚེས་ ༤། བོད་ཆུ་བྱི་ཟླ་ ༡༢ ཚེས་ ༤ ལ། ཆིངས་ཟིན་ཡིག་ཆ་ཕྱོགས་བསྡེབས་ནས་བཤུས་པ་ཡིན།།
(གངས་ལྗོངས་བོད་ཆོས་སྲིད་གཉིས་ལྡན་གྱི་༸རྒྱལ་ཁབ་ཆེན་པོའི་སྲིད་དོན་གྱི་རྒྱལ་རབས་གསལ་བར་སྟོན་པ་ཟླ་བ་འབུམ་ཕྲག་འཆར་བའི་རྫིང་བུའམ། བློ་གསར་བུང་བ་དགའ་བའི་རོལ་མཚོ་ཞེས་བྱ་བའི་གླེགས་བམ་གཉིས་པ་བཞུགས་སོ།། ཀ་བློན་སྦུག་ཞྭ་སྒབ་ཤག ༡༩༧༦ པར་ཐེངས་དང་པོ། ཤོག་གྲངས་ ༦༣༣ ནས་ ༦༣༥ བར་གསལ།)

3 comments:

  1. ཀུན་དགའ་རྒྱལ་མཚན།June 7, 2012 at 10:08 AM

    ཆུང་ཚེ་རིང་ལགས།
    འདིར་ཁྱེད་ཉིད་ཀྱིས་བོད་སོག་ཆིངས་ཡིག་བཀོད་གནང་བར་བསྔགས་བརྗོད་ཞུ། མཚམས་རེ་བོད་པས་ནང་ཆོས་ལ་ཐུགས་སྣང་གནང་བ་མ་གཏོགས། མ་འོངས་པའི་རྒྱལ་ཁབ་ཀྱི་རྩ་དོན་ལ་དམིགས་པའི་ཡིག་ཚགས་ཡག་པོ་ཉར་ཐུབ་མི་འདུག་སྙམ་པའི་བསམ་བློ་འདི་ཡང་ཡང་འཁོར་གྱི་འདུག གལ་ཏེ་ཆོས་རྒྱལ་སྐབས་ནས་ནང་ཆོས་དང་ལྷན་དུ་ཕྱིའི་དངོས་པོ་ལའང་ཐུགས་སྣང་ཅུང་ཆེ་བ་གནང་ཡོད་ན། བོད་ཀྱི་སྐད་ཡིག་གིས་རིག་གནས་སྣ་ཚོགས་ཉར་ཚགས་ཐུབ་པ་མ་ཟད། ཐ་སྙད་གཏན་འབེབས་ཀྱི་ལས་འཆར་རིགས་ཟུར་དུ་མི་དགོས་པར་སྐད་ཡིག་གི་འཚར་ལོངས་གང་ཅིའི་ཐད་ནས་འགྲན་ཟླ་བྲལ་བ་ཞིག་ཆགས་ངེས་རེད། འོན་ཀྱང་དེ་མ་བྱུང་བ་རེད།

    ReplyDelete
  2. ཀུན་དགའ་རྒྱལ་མཚན།June 7, 2012 at 10:10 AM

    ལར་ནས་ང་ཕྱིས་ཀྱང་མང་པོས་བོད་སོག་ཆིངས་ཡིག་བེད་སྤྱོད་ཀྱང་བཏང་ཡོད་ངེས། རྩ་བ་ནས་མེད་པ་ལས་རྗེས་ལུས་ཐེབས་པ་བཟང་པའི་དཔེ་ལྟར་དུ་དྲ་ཟིན་དུ་སླེབས་ཡིན། བཀྲ་ཤིས་བདེ་ལེགས་དང་བཅས།

    ReplyDelete
  3. ཀུན་དགའ་རྒྱལ་མཚན་ལགས། བོད་སོག་ཆིངས་ཡིག་ལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། ཆོས་རྒྱལ་ཚོའི་སྐབས་སུ་ནང་ཆོས་དང་ཕྱིའི་དངོས་པོ། དེ་བཞིན་ལམ་ལུགས་དང་ཡིག་ཚགས་སོགས་ལ་ཐུགས་སྣང་ཧ་ཅང་ཆེན་པོ་གནང་འདུག ཕྱིས་སུ་བོད་སིལ་བུར་འཐོར་པ་དང་ཡིག་ཚགས་མང་པོ་ཞིག་ལ་གཏོར་སྐྱོན་བཏང་བ། ཆོས་ཕྱོགས་ལ་དོ་སྣང་མ་གཏོགས་གཞན་ལ་སྣང་ཆུང་བྱས་པའི་དབང་གིས་འགྱོད་པ་རྟས་མི་ཟིན་པའི་གནས་ཚུལ་འདི་བྱུང་བ་རེད། བོད་སོག་ཆིངས་ཡིག་གི་ཞལ་བཤུས་ངོ་མ་ཙམ་ཡང་རང་རེར་བསྟན་རྒྱུ་མེད་པའི་གནས་ཚུལ་གྱར་པ་རེད། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete