2012-04-10

དུག་སློག དུགས་སློག

༅༅།། ཉེ་དུས་ཕ་རན་སིར་བཞུགས་པའི་ཕྱི་རྒྱལ་མཁས་པ་ཞིག་གིས་ང་ལ། བོད་སྐད་ནང་། གྱོན་གོས་ལ་སྐབས་རེ་དུག་སློག་ཟེར་གྱི་འདུག །དེའི་རྒྱུ་མཚན་ག་རེ་ཡིན་ནམ། གྱོན་གོས་དང་དུག་གི་བར་དུ་འབྲེལ་བ་ག་རེ་ཡོད་དམ། ཞེས་དྲིས་བྱུང་། དྲི་བ་དེ་ནི་གློ་བུར་བ་ཞིག་ཡིན་ལ་དེའི་གོང་དུ་མིང་ཚིག་འདིའི་སྐོར་ལ་བསམ་བློ་ཁྱོན་ནས་གཏོང་མྱོང་མེད་སྟབས། དགོངས་པ་མ་ཚོམ། ངས་དེའི་སྐོར་ལ་བསམ་བློ་རྩ་བ་ནས་གཏོང་མ་མྱོང་བས་ད་ལྟ་འགྲེལ་བཤད་ཞུ་རྒྱུ་གང་ཡང་མེད་ཅེས་ཞུས་པ་ཡིན། 
     རང་གི་སྡོད་གནས་སུ་སླེབས་རྗེས་ངས་འཕྲུལ་སྒྲའི་(twitter)ཐོག་ལ།་དྲི་བ་དེ་གླེང་བ་དང་སྦྲགས་“ཉི་མ་དང་རླུང་སོགས་ཀྱི་ཚ་ཟེར་གྲང་ཟེར་དེ་ཚོས་གནོད་པས་དུག་ལྟ་བུ་རེད། གནོད་པ་དེ་ཟློག་པའམ་སློག་པས་དུག་སློག་ཟེར་ཞེས་འདྲ་ཆཌ་པོ་ཞིག་བཤད་ན་གང་འདྲ་འདུག“ཅེས་དྲྭ་གྲོགས་(འཕྲུལ་སྒྲ་དྲྭ་བའི་སྒང་ལ་ང་ཚོས་འཕྲུལ་གྲོགས་ཞེས་འབོད་ཀྱི་ཡོད།)ཚོར་འོལ་ཚོད་ཀྱི་བསམ་འཆར་ཞིག་བཏོན་པ་ཡིན། 
       ངའི་རྨོངས་འཆར་དེ་ཏག་ཏག་“སོ་ཕག་འཕངས་ནས་གཡང་ཊི་འདྲེན་པ་”ཞེས་པའི་དཔེ་རུ་གྱུར་ཏེ། མཁྱེན་དཔྱོད་ཡངས་པའི་འཕྲུལ་གྲོགས་ཆབ་མདོ་ཤེས་རབ་དང་། ར་ས་ཕོ་ཉ་སོགས་ཀྱིས་གཅིག་མཇུག་གཉིས་མཐུད་དུ་བསམ་འཆར་བཏོན། བསམ་འཆར་དེ་ཚོ་མདོར་བསྡུས་ན་གཉིས་ཏེ། ཕྱིའི་སྐད་དང་འབྲེལ་བ་ཡོད་པར་འདོད་པ་དང་། བོད་རང་གི་སྐད་ཡིན་པར་འདོད་པ་བཅས་རྩ་བའི་འདོད་ཚུལ་གཉིས་རེད། དེ་ཡང་འཕྲུལ་གྲོགས་ར་ས་ཕོ་ཉས། དུག་ལོག་ནི་ལེགས་སྦྱར་གྱི་དུ་ཀཱུ་ལ་ཞེས་པ་ནས་བྱུང་སྲིད་པར་འདོད་ཅིང་། དེ་མིན་འཕྲུལ་གྲོགས་གཞན་ཞིག་གིས། དུག་སློག་ནི་དབྱིན་སྐད་ཀྱི་ཁོ་ལོ་རྡ་(Cloth)ཞེས་པ་ནས་བྱུང་བ་ཡིན་སྲིད་པའི་དོགས་འཆར་བཏོན།
      བོད་རང་གི་མིང་ཚིག་ཡིན་པ་གཞིར་བཟུང་བཏོན་པའི་བསམ་འཆར་གྱི་ནང་ནས་ཆབ་མདོ་ཤེས་རབ་ལགས་ཀྱི་དགོངས་འཆར་ཁག་གཉིས་ཏེ། 
༡) དུག་སློག་ནི་དོན་དུ་ནམ་དུས་སོ་སོར་གྱོན་བྱེད་ཀྱི་སློག་པའམ་གོས་ཡིན་ཕྱིར་ཐོག་མར་དུས་སློག་ཟེར་བ་དང་། རིམ་པས་སྒྲ་འགྱུར་ནས་དུག་སློག་ཏུ་གྱུར་པ།  
༢) དུགས་ནི་བརྡ་རྙིང་སྦྱར་བའམ་གཡོག་པ་དང་རེག་པ་སོགས་ལ་གོ་བས། དེས་ན་ལུས་ལ་སྦྱར་བའམ་གཡོག་བྱའི་སློག་པ་ལ་དུགས་སློག་ཅེས་ཡིན་རུང་། ཕྱིས་སུ་ཡང་འཇུག་ས་བོར་ཏེ་དུག་སློག་ཏུ་གྱུར་པར་གསུངས། 
       ལེགས་སྦྱར་སྐད་ཀྱི་དུ་ཀཱུ་ལ་ཞེས་པ་མྱུར་དུ་བཀླགས་ན། དུག་སློག་ཅེས་པའི་སྒྲ་དང་ཅུང་ཟད་ཉེ་བ་བདེན་ཡང་། དུ་ཀཱུ་ལ་ནི་གོས་སྤྱིའི་མིང་མ་ཡིན་པར་གོས་སྲབ་མོ་ཕྱི་གསལ་ནང་གསལ་གྱི་མིང་ཡིན། ཁོ་ལོ་རྡ་(Cloth) ཞེས་པའི་དབྱིན་སྐད་ནས་དུག་སློག་བྱུང་བ་མིན་ནམ་གསུང་མཁན་ལ་རྒྱུ་མཚན་འདྲི་སྐབས། ལན་དུ་གོས་སློག་དང་ཁོ་ལོ་རྡ་སྒྲ་འདྲ་ཞིང་། གོས་སློག་དང་དུག་སློག་དོན་གཅིག་ཡིན་པས་དེ་གཉིས་བར་འབྲེལ་བ་མེད་དམ་སྙམ་ནས་བསམ་འཆར་དེ་བཏོན་པ་ཡིན་གསུངས། མདོར་ན་དེ་ཐད་ཀར་དུག་སློག་དང་འབྲེལ་བ་ཡོད་པ་ཞིག་མ་རེད།
         བསམ་འཆར་དེ་དག་ལ་ཉན་རྗེས་ང་རང་གིས་སེམས་ནང། དུགས་ཅེས་པ་ལུས་ལ་སྦྱར་པའམ་གཡོག་པའི་གོ་དོན་ཅན་གྱི་བརྡ་རྙིང་ཞིག་ཡིན་ཞིང་། རང་རེའི་སྨན་གཞུང་གི་ནང་དུ་ད་ལྟའང་ནད་པའི་ལུས་གནད་ལ་རྫས་སྦྱར་ཏེ་དྲོད་དུགས་དང་། གྲང་དུགས་ཀྱི་བཅོས་བྱེད་སྲོལ་ཡོད་པར་མ་ཟད། སྔ་མོ་དྲོད་སྲོ་སའི་སྲོ་ཁང་ལ་དུགས་ཁང་ཞེས་འབོད་ཀྱི་ཡོད་པར་བརྟེན། དུག་སློག་གི་དག་ཆ་ངོ་མ་དུགས་སློག་ཡིན་པ་དང་། ཕྱིས་སུ་འདི་བརྡ་རྙིང་ཡིན་པ་མ་ཤེས་པར་སྒྲ་གདངས་ལ་གཞིགས་ཏེ་ཚིག་མཛོད་ཁང་ནང་དུག་སློག་ཅེས་བྲིས་པ་རྒྱུན་འབྱམས་སོང་བ་མིན་ནམ་སྙམ།
       ད་དུང་ཚིག་འདིའི་ཐད་མུ་མཐུད་དོ་སྣང་བྱེད་དགོས་པ་ཁ་ཤས་འདུག་པ་སྟེ། དུགས་སློག་གམ་དུག་སློག་ཅེས་པའི་མིང་ཚིག་འདི་ཡིག་ལམ་དུ་འཁོད་སྔ་ཤོས་ག་དུས་ཡིན་པ་དང་། དེའི་དག་ཆར་འགྱུར་བ་སོང་ཡོད་མེད། ཚིག་འདི་བོད་དབུས་གཙང་གཉིས་དང་། དེའི་ནང་ནས་ཀྱང་དབུས་ཁུལ་ལ་སྤྱོད་ཁྱབ་ཆེ་བ་ལས། མདོ་སྟོད་སྨད་ཀྱི་ས་ཁུལ་དུ་བེད་སྤྱོད་མེད་པ་དེ་སྟེས་དབང་ཙམ་ཡིན་དང་། དེ་ལ་རྒྱུ་མཚན་གཞན་ཡོད་མེད་སོགས་ཡིན། གྲོགས་པོ་ཚོས་མུ་མཐུད་ཐུགས་སྣང་གནང་སྟེ་དགོངས་འཆར་གནང་རོགས། མིང་ཚིག་གཅིག་གི་བྱུང་ལུགས་བྱུང་སྟངས་དེ་ཚོ་གསལ་པོ་བཟོ་ཐུབ་ནའང་། བོད་དང་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་མ་གཏོགས་ཞབས་འདྲེན་དུ་ནམ་ཡང་མི་འགྱུར།། །།

17 comments:

  1. མིང་ཚིག་འདིའི་རིགས་ལ་འདི་ཡིན་གྱི་གསལ་ཁ་ཞིག་འདོན་ཁག་པོ་ཡིན་ན་ཡང་། གང་ལ་དོན་སྦྱར་བ་ཉེ་བར་བཟུང་ཡང་མི་ཆོག་པ་མེད་པར་བསམ། དེ་བས་དུགས་སློག་ཏུ་འགྲེལ་ཆགས་ཤིང་བློར་འཇུག་བདེ་བོ་ཞིག་འདུག དེ་མིན་སྟོད་སློག་ཅེས་འབྲི་མཁན་ཡང་འདུག རྒན་ལགས་ཀྱིས་བློ་སྒོ་གསར་བ་ཞིག་ཕྱེས་བྱུང་། ཐུགས་རྗེ་ཆེ།

    ReplyDelete
  2. ཀླུ་ཚང་ཨ་འཕྲིན་ལགས་ཕེབས་ཏེ་དགོངས་འཆར་གནང་བར་དགའ་པོ་བྱུང་། སྟོད་སློག་དེ་ཕལ་ཆེར་ལུས་སྟོད་ལ་གྱོན་བྱེད་དེང་སྐབས་བཙན་བྱོལ་ནང་སྟོད་ཐུང་ཟེར་བ་དེ་ཡིན་ས་རེད། ང་ཚོའི་ཕ་ཡུལ་དུ་དེ་ལ་སྟོད་རྩག་ཟེར་ཡོང་། ཡིན་ནའང་སྟོད་རྩག་ཟེར་དུས་སྤྱིར་བཏང་པགས་རིགས་ཀྱིས་བཟོས་པ་ཞིག་ཡིན་དགོས་པ་འདྲ་ཡང་། ཕྱིས་སུ་པགས་རིགས་མིན་པར་ཡང་དེ་འདྲ་རྗོད་མཁན་འདུག ཐུགས་རྗེ་ཆེ།

    ReplyDelete
  3. ཨ་མདོའི་སྐད་ནང་དུ་མིང་ཚིག་འདི་ཟུར་ཆགས་པ་ལོས་ཡིན་སྙམ་པ་གཅིག་འདུག་སྟེ། ཨ་མདོའི་ཡུལ་ལུང་མང་ཆེ་བར་གོན་པ་གྱོན་ཞེས་པར་གོས་ལྷམ་བྱོས་ཟེར་གྱིན་ཡོད་ལ། དུག་སློག་ཟེར་བ་འདི་ཡང་གོས་ལྷམ་ཟུར་ཆགས་པ་མིན་ནམ་སྙམ། འདི་ནི་ཚོད་དཔག་ཙམ་ལས་ཁུངས་ཅི་ཡང་མེད། སྐུ་ཉིད་ནས་འདི་ལྟ་བུའི་བགྲོ་གླེང་ལམ་བུ་ཞིག་སྒོ་ཕྱེས་པར་སྙིང་ནས་བཀའ་དྲིན་ཞུ།

    ReplyDelete
  4. ངའི་མིང་ལ་3267ཟེར་

    ReplyDelete
  5. གོས་ལྷམ་བྱེད་ཅེས་པ་ནས་དུག་སློག་ཟུར་ཆག་པ་མིན་ནམ་གསུངས་པ་དེའི་གོ་བ་ཡག་པོ་ལོན་མ་བྱུང་། སྤྱིར་བཏང་ཟུར་ཆག་གམ་ཟུར་ཆགས་ནི། ཐོག་མའི་སྒྲ་གདངས་ནས་ཅུང་ཟད་ཉམས་པའམ་འགྱུར་བར་གོ་དགོས། ཟུར་ཆག་མང་པོ་ཞིག་ལ་ཐོག་མའི་སྒྲ་གདངས་ཀྱི་ཆ་མུ་མཐུད་གནས་པ་ཤས་ཆེ།། དགོངས་འཆར་གནང་བར་ཐུགས་རྗེ་ཆེ།། །།

    ReplyDelete
  6. རེད་ལགས་་རྣམ་པ་ལྷན་རྒྱས་ཀྱིགསུང་ལ་གནས་ལུགས་དང་བདེན་ཁ་ཡོད་མོད་ཀྱང་། ད་དུང་འདིར་ང་ཚོས་གསུང་འཕྲོར་ལུས་པ་ཞིག་ནི་་་གོས་སུ་ཤིང་ལོ་གྱོན་པའི་དུས་སྐབས་ཟེར་བ་དེ་དང་ཁ་སྐད་ངོ་མའི་ནང་དུ་་་དུག་ལོའི་་་སྒྲ་ཁོ་ན་་་་ལས་་་་དུག་སློག་གི་་་་སྒྲ་མ་ཡིན་པས་ན་་་་ཤིང་གི་ལོ་མ་དེ་རིམ་གྱིས་དུག་གི་ལོ་མར་གྱུར་བའང་མིན་གྲང་སྙམ་ནས་བསམ་གཞིག་གི་ཡུལ་ལ་བཞག་གོ།
    ཐོར་རྒོད་པ་སྤྱན་ཆབ་ཀྱིས།

    ReplyDelete
  7. ཐོར་རྒོད་པ་སྤྱན་ཆབ་ལགས་ཀྱིས་ལོ་མ་གོས་སུ་གྱོན་པ་ནས་རིམ་གྱིས་དུག་ལོ་བྱུང་བ་དང་། ཁ་སྐད་ནང་དུག་སློག་མི་ཟེར་བར་དུག་ལོ་ཟེར་ཚུལ་གསུངས་པ་འདི་དཔྱད་གཞི་ཞིག་རེད། ཐུགས་རྗེ་ཆེ།

    ReplyDelete
  8. འདི་འདྲ་བ་ནི་གལ་ཆེན་ཡིན་པས་དུས་ཚོད་གཙོར་བཟུང་གིས་ཞིབ་འཇུག་རེ་བྱ་ཐུབ་ན་གྲུབ་འབྲས་རེ་རྙེད་སྲིད། དཔེར་ན། ༼དུགས་ལོག་དང་དུག་ལོག ༽ཟེར་བའི་ཐ་སྙད་འདི་གཉིས་བོད་ཡིག་ཐོག་ཏུ་དུས་ནམ་ཡོད་དམ། དཔེ་དེབ་གང་ཞིག་ཏུ་མི་སུས་བྲིས་འདུག་གམ། དེ་ནི་ཐ་སྙད་འདིའི་མ་ཁུངས་སམ་འབྱུང་འཚོལ་སྒྲུབ་ལ་དགོས་པའི་ཐོག་མའི་ཤེས་བྱ་དེ་རེད། དེ་མིན་མང་ཆེ་བ་བསམ་ཚུལ་ལམ་ཚོད་དཔག་ཁོ་ན་ལས་དུག་ལོག་དང་དུགས་ལོག་གི་ཐ་སྙད་དང་གོ་དོ་གསལ་སྟོན་འབྲེད་མི་ནུས་སྙམ།


    གོང་དུ་གཅིག་གིས་ཨམ་སྐད་དུ་"གོས་ལྷམ་བྱོས་"ཟེར་བ་ཞིག་བྲིས་འདུག་པར་གསལ་འགྲེལ་ཞིག་བྱེད། དེ་ཡང་ཨམ་མདོའི་ཡུལ་ཀུན་པོར་མི་ཟེར་ཟིག་ཕལ་ཆེར་མགོ་ལོག་སོགས་འབྲོག་ཡུལ་ཆེ་གེ་མོར་བཤད། དོན་ནི་གོས་དང་ལྷམ་སོགས་གྱོན་པ་ཚང་མ་གྱོན་ཅིག་ཅེས་སྐུལ་མ་བྱས་པ་རེད། གོས་ལྷམ་ཟེར་བས་གྱོན་པ་དང་། བྱོས་ཟེར་བ་སྐུལ་ཚིག་གོ

    བཟོད་རྒྱམ་པས།

    ReplyDelete
  9. གཅན་བཟོད་རྒྱམ་ལགས་ཀྱི་དགོངས་འཆར་དེར་མོས་མཐུན་ཡོད། ངས་ཀྱང་རྩོམ་ཐུང་འདིའི་མཇུག་ཏུ། དུགས་སློག་གམ་དུག་སློག་ཅེས་པའི་མིང་ཚིག་འདི་ཡིག་ལམ་དུ་འཁོད་སྔ་ཤོས་ག་དུས་ཡིན་པ་དང་། དེའི་དག་ཆར་འགྱུར་བ་སོང་ཡོད་མེད། ཚིག་འདི་བོད་དབུས་གཙང་གཉིས་དང་། དེའི་ནང་ནས་ཀྱང་དབུས་ཁུལ་ལ་སྤྱོད་ཁྱབ་ཆེ་བ་ལས། མདོ་སྟོད་སྨད་ཀྱི་ས་ཁུལ་དུ་བེད་སྤྱོད་མེད་པ་དེ་སྟེས་དབང་ཙམ་ཡིན་དང་། དེ་ལ་རྒྱུ་མཚན་གཞན་ཡོད་མེད་སོགས་ལ་དོ་སྣང་དང་ཞིབ་འཇུག་བྱེད་དགོས་ཚུལ་བྲིས་ཡོད། ཡིན་ནའང་ང་ཚོས་འདིར་བཤད་ཟིན་པ་དེ་ཚོ་རིན་ཐང་མེད་པའི་ཚོད་དཔག་དེ་འདྲ་མ་རེད། ཚོད་དཔག་དེ་ཚོར་རྒྱུ་མཚན་ཡོད་ཅིང་། ཁ་ཤས་ཀྱི་རྒྱུ་མཚན་དེ་ཚོ་གནས་ལུགས་ཆེན་པོ་ཡོད་པ་དེ་འདྲ་རེད། མདོར་ན་འདི་ནི་ང་རང་ཚོའི་ཐ་སྙད་ཀྱི་མཆེད་ཁུངས་ཤིག་ང་རང་ཚོ་མཉམ་དུ་འཚོལ་གྱི་ཡོད་པ་རེད། རྩོམ་ཡིག་འདི་ཡང་ང་ཚོ་མཉམ་དུ་བྲིས་པ་འདྲ་བོ་རེད།

    ReplyDelete
  10. མཁྱེན་ཡང་ཆུང་ཚེ་རིང་ལགས། ཐོག་མར་ཁྱེད་ལ་མཚམས་འདྲི་ཞུ་ཡིན། དེ་རིང་ངས་ཆོུད་ཅིག་ལྷག་དུག་སློག་སྐོར་ལ་བསམ་འཆར་ཞིག་བྲིས་པ་ཡིན་ཡང་། ད་ལྟ་རང་ངའི་མཇུབ་མོ་གནོན་ཕྱོགས་ཞིག་ལ་ཚང་མ་མེད་པར་སོང་བས་བློ་ཕམ་བྱུང་། རྗེས་སུ་བསམ་འཆར་ཞིག་ཕུལ་ཐུབ་པ་བྱེད་ཀྱི་ཡིན། བྱུང་ན་ཁྱེད་ཀྱི་ཞལ་པར་ཨང་གྲངས་ཞིག་གནང་རོག་གནང་རྗེས་སུ་ཞལ་པར་ཕུལ་གི་ཡིན།

    ReplyDelete
  11. སྐབས་རེ་དེ་འདྲ་ཆགས་ཀྱི་འདུག བརྟན་ཤོས་ནི་དང་པོ་བསམ་འཆར་དེ་ཚོ་MS word ལྟ་བུ་ཞིག་གི་ནང་བྲིས་རྗེས། དེ་ནས་བཤུས་ཏེ་དྲྭ་རྒྱའི་ཐོག་བཏང་ན་བརྟན་ཆ་ཆེ་བའི་ཁྱད་པར་འདུག ཕྲན་ལ་ད་ལྟ་ཁ་པར་བརྟན་པོ་ཞིག་མེད། གློག་འཕྲིན་བརྒྱུད་དེ་འབྲེལ་བ་གནང་ནའང་འགྲིག ངའི་གློག་འཕྲིན་ཁ་བྱང་ནི། chungla2002@yahoo.com ཡིན།།

    ReplyDelete
  12. ཀུན་དགའ་རྒྱལ་མཚན།May 16, 2012 at 11:04 AM

    ༄༅། །ཆུང་ཚེ་རིང་ལགས།
    ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་ངས་“བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད།” ཅེས་པ་གུ་གཱལ་དྲྭ་རྒྱ་བརྒྱུད་བཙལ་བས། མདུན་ངོས་སུ་འབྲེལ་ཡོད་འགའ་ཤས་ཤར་བའི་ཁྲོད་དུ། ཆུང་ཚེ་རིང་གི་དྲྭ་དེབ་ཅེས་པ་མཐོང་འཕྲལ་ཕལ་ཆེར་ཁྱེད་ཉིད་ཡིན་པར་བསམས་ཏེ་དེར་མནན་པས། ཏག་ཏག་རེད་འདུག ཚིག་མཛོད་དེ་མཁས་དབང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་རྩོམ་སྒྲིག་གནང་བ་ཞིག་རེད། དེ་དང་ཁྱེད་ཀྱིས་ཁོང་གི་ལོ་རྒྱུས་དེབ་བསྒྱུར་པ་དྲྭ་དེབ་ཏུ་བཞག་པའི་རྐྱེན་གྱིས་རྙེད་པ་ཡིན་སྲིད།

    དུས་ཁོམ་དེ་ཙམ་མ་བྱུང་ཡང་། ནམ་མཁའི་མཐོངས་ནས་བྱའི་མཐོང་ཚུལ་དུ་དྲྭ་དེབ་དེར་མིག་བཤེར་ཞིག་བརྒྱབ་པ་ཡིན། དེར་དུག་སློག་དང་དུགས་སློག་ཅེས་པའི་རྩོམ་ཐུང་ཞིག་བཀོད་པ་མིག་ལ་ཐོགས་སོང་། ནམ་རྒྱུན་ཚིག་མཛོད་དུ་བལྟ་རྒྱུ་མ་བྱུང་ཡང་། དེབ་ཁག་ཏུ་དུག་ལོག་ཅེས་པའི་དག་ཆ་མང་ཙམ་མཐོང་བ་བཞིན། དེ་ཉིད་ཡིན་ཤས་ཀྱིས་དག་ཆ་དེ་རང་འབྲི་ཡི་ཡོད། འོན་ཀྱང་དེ་རིང་དུག་སློག་དང་། དུགས་སློག ཅེས་པའི་དག་ཆ་མིག་ལ་ཐོགས་པ་བཞིན། བོད་རྒྱ་ཚིག་མཛོད་ཆེན་མོ་ལའང་བལྟས་པས། དུག་སློག་ཅེས་པ་ལས་དུག་ལོག ཅེས་པ་མི་འདུག འོན་ཀྱང་དོན་ལ་ཁྱད་པར་མི་འདུག སྔ་མ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བ་དང་ཕྱི་མ་མི་འབྲེལ་བའི་བྱ་ཚིག་གི་ཁྱད་ཙམ་རེད།

    གང་ལྟར་དགོངས་འཆར་མང་ཆེ་བ་ཡག་པོ་མཐོང་སོང་། འོན་ཀྱང་དུགས་སློག་ཅེས་བརྡ་རྙིང་དུ་སྦྱར་བ་དང་གཡོག་པ་ཞེས་དུག་ལོག་གཡོག་པའི་དོན་སླེབས་ཆེད་དུ་བཙན་གྱིས་སྦྱར་བ་ལྟ་བུ་མཐོང་སོང་། སྲོལ་རྒྱུན་སྨན་ལུགས་སུ། སྦྱར་བའི་དོན་དུ་བཀྲལ་ཅིང་། ཚ་དུགས་དང་། ཆུ་དུགས་ལྟ་བུའི་སྨན་བཅོས་གནང་ཐབས་ཡོད་པ་བདེན་ཡང་། དུག་ལོག་ལ་ཨུ་ཚུགས་ཀྱིས་དུགས་ཞེས་སྦྱར་བ་རྒྱ་གར་གྱི་ཧཇ་མོ་ལ་བཟས་ན་འཇུ་མིན་མི་ཤེས་ཏེ། དེ་མིན་འཇུ་དཀའ་ཙམ་མོ། ། ཧ་ཧ་ཧ། རྗེས་ལ་མཇལ་ཆོག་པ་ཞུ།

    ReplyDelete
  13. རྣམ་དཔྱོད་ཡངས་ཤིང་སྐད་རིགས་ཁ་ཤས་སྨྲ་བ་ལ་དབང་འབྱོར་བའི་ཀུན་དགའ་རྒྱལ་མཚན་ལགས་ཕེབས་ཏེ་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། གནད་འགག་ནི། དུག་སློག་ཅེས་པའི་དག་ཆ་འདི་ཇི་ལྟར་བྱུང་མིན་ཞིབ་འཇུག་དགོས་པ་དེ་རེད། དུག་སློག་ཅེས་པ་དེ་ཁ་སྐད་ཀྱི་སྒྲ་གདངས་ཙམ་གཞི་ལ་བཞག་སྟེ་བཀོད་པ་ཡིན་ནམ་ཡང་ན་ཁུངས་གཞན་ཞིག་ཡོད། དག་ཆ་དེ་འབྲི་མཁན་ཐོག་མ་སུ་ཡིན་པ་དང་དཔེ་དེབ་གང་དུ་གསལ་བ་སོགས་ལ་ཞིབ་འཇུག་བྱས་ན། དུག་སློག་ཅེས་པ་དེ་དོན་དུ་དུགས་སློག་ཡིན་མིན་གསལ་པོ་ཤེས་ཐུབ་ཀྱི་རེད་སྙམ། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete
  14. བཀུར་བར་འོས་པའི་སྐུ་ཞབས་ཆུང་ཚེ་རིང་ལགས། གུས་པས་སྐུ་ཉིད་ལ་བཀའ་འདྲི་མ་ཞུས་པར་ཐད་ཀར་རྩོམ་ཡིག་འདི་བོད་ནང་གི་སེང་རྡོར་དྲ་བར་འོས་སྦྱོར་བྱས་ཡོད་པས་དགོངས་འགལ་མེད་པ་ཞུ། ཞོར་དུ་བཀའ་འདྲི་ཞུ་རྒྱུ་ཞིག་ལ། དབུས་སྐད་དུ་ཟ་མ་ལ་ཁ་ལག་གམ་བཞེས་ལག་ཟེར་བའི་དོན་ཅི་ཞིག་ཡིན་པའི་སྐོར་ནས་བཀའ་ལན་ཞིག་གནང་བའི་རེ་བ་ཡོད། ཤིས་ཚང་ལྗང་མྱུག་ཏུ་འབོད་པས།

    ReplyDelete
  15. ཤིས་ཚང་ལྗང་མྱུག་ལགས། མ་བསྐུལ་དང་བླངས་ཀྱིས་རྩོམ་ཉོག་འདི་འོས་སྦྱོར་གནང་བར་ཐུགས་རྗེ་ཆེ།

    དབུས་སྐད་ཀྱི་ཁ་ལག་དང་ཞེ་སར་ཞལ་ལག་ཅེས་པ་འདི་བོད་སྐད་རང་ཡིན་པར་འདོད་པ་དང་། རྒྱ་གར་སྐད་ནས་ཟུར་ཆག་པར་འདོད་པ་བཅས་རྩ་བའི་འདོད་ཚུལ་གཉིས་སུ་སྣང་།

    བོད་སྐད་དུ་འདོད་པ་དག་གིས། ཟ་མ་ནི་གཙོ་བོ་ལག་གིས་བླངས་ཏེ་ཁ་ལ་བསྟབས་པའམ་གསོལ་བའི་བྱ་བ་ཡིན་པའི་ཆ་ནས་ཁ་ལག་ཅེས་ཐོགས་པ་རེད་ཟེར། དེ་འདྲའི་གྲུབ་ཚུལ་དང་ཅུང་ཟད་འདྲ་བ་ནི། ཁ་ངོ་དང་། ཁ་ཁོག ཁ་གཏིང་ལྟ་བུ་རེ་ཟུང་ཡོད་པ་འདྲ། ཞལ་ལག་ནི་ཁ་ཡི་ཞེ་ས་ཞལ་དང་ཕལ་ཚིག་ལག་གཉིས་ལས་གྲུབ་པར་སྣང་། དེ་ནི་དབུ་སྐྲ་ཞེས་པའི་ཞེ་ས་གྲུབ་ཚུལ་དང་མཚུངས།

    རྒྱ་གར་སྐད་ནས་ཟུར་ཆག་པར་འདོད་པ་ནི། རྒྱ་གར་བས་ཟས་ལ། ཁ་ཎ་ཟེར་བས། དེ་ཟུར་ཆག་སྟེ་ཁ་ལག་ཏུ་གྱུར་པའང་སྲིད་ཟེར་བ་དེ་རེད། འདི་ཚོ་ཞིབ་འཇུག་ཞིབ་ནན་བྱས་པའི་སྐད་ཆ་མིན། དུ་ཀུ་ལའི་གོས་བཟང་སོགས་གནའ་དཔེ་མང་པོར་ཁ་ལག་ཅེས་བྲིས་པ་མང་དུ་སྣང་ཡང་། དེ་ནི་ཁ་དང་ལག་པའི་བསྡུས་ཚིག་ལས། ཟ་མའི་ཁ་ལག་ཏུ་འཇུག་པར་མི་སྣང་།

    ReplyDelete
    Replies
    1. བཀུར་འོས་སྐུ་ཞབས་ཆུང་ཚེ་རིང་ལགས། ལྗགས་ལན་གནང་བར་བཀའ་དྲིན་ཆེ་ཞུ། གུས་པར་ད་དུང་འདྲི་རྒྱུ་མང་དག་ཅིག་ཡོད་ངེས་པས་བཀའ་ལན་གནང་སྐྱོང་ཡོང་བའི་རེ་བ་ཡོད།

      Delete
  16. གུས་པས་ཤེས་ཕྱིན་གང་ཐུབ་ཞུས་ཆོག

    ReplyDelete