2012-04-24

༅༅།། སེམས་གླུ་སེམས་འཇོག་མ།

༢༠༡༢།༤།༢༤
(རྩོམ་འདི་ཐད་ཀར་བྲིས་ཏེ་སྤེལ་བས་ཞུ་དག་སོང་མེད།)

ནུབ་ཕྱོགས་བརྩེ་བའི་གྲོང་ཁྱེར་པེ་རི་སིར།།
གཞན་དག་དགའ་བས་མྱོས་པའི་དགོད་སྒྲ་ཆེ།།
རང་ཡུལ་རང་ལ་མེད་པའི་བོད་པ་ང་།།
དབང་མེད་རླུང་གིས་དེད་པའི་བྱ་སྒྲོ་འདྲ།།

རེས་དྭངས་རེས་འཐིབ་གནམ་གྱི་རྣམ་འགྱུར་དང་།།
རེས་དགའ་རེས་སྐྱོའི་སེམས་པ་ཧ་ཅང་མཐུན།།
མཚམས་མཚམས་གྲགས་པའི་ཕྱི་ཡི་བྱིའུ་དང་།།
ཡང་ཡང་ལྡིང་བའི་རྣམ་ཤེས་མཚུངས་པ་ལ།།


ཉེ་བའི་གྲོགས་དང་ལྷན་དུ་འཛོམས་པའི་ཚེ།།
རྒུན་ཆང་དམར་པོའི་མཐའ་ལ་མིག་ཆུ་རེ། །
སྙན་འཇེབས་རོལ་མོའི་མཇུག་ཏུ་སྐྱོ་གཞས་རེ།།
དགའ་བའི་གད་མོའི་མཇུག་ཏུ་ཤུགས་རིང་རེ།།

སྨུག་སྤྲིན་རྒྱ་མཚོའི་ནགས་ཚལ་སྟུག་པོ་རུ།།
སེམས་ཀྱི་ཤེའུ་གར་འགྲོའི་གདེང་དང་བྲལ།།
ཡ་གིའི་ཟླ་བ་དཀར་པོའི་འོད་མདངས་ཀྱང་།།
གསལ་ཆ་མེད་པའི་སང་གི་ཉི་མ་རེད།།

ཆུ་བོ་སཱན་ལ་བལྟ་བཞིན་སྐྱིད་ཆུ་དང་།།
ལྕགས་མཁར་གནམ་རེག་བལྟ་བཞིན་པོ་ཏ་ལ།།
སྤྱི་པའི་གླིང་ཁས་ནོར་བུ་གླིང་ཁ་སོགས།།
རེ་རེས་རེ་རེ་དྲན་འདིས་སེམས་པ་གཙེས།།

ཕྱི་ནང་གདུང་བས་གཙེས་པའི་སེམས་ཀྱི་སྟོབས།།
མ་ཉམས་མགོ་བོ་བསྟེགས་ནས་མདུན་དུ་ཕྱོགས།།
བྱ་སྒྲོ་དཀར་པོའི་སེམས་པ་མཁའ་ལ་བསྐྱེད།།
ནམ་འཕང་གཅོད་པའི་དུས་ནི་ད་རེད་སྨྲས།།

11 comments:

  1. ཆུང་ཚེ་རིང་ལགས་ཁམས་བཟང་། སྐུ་ཉིད་ཀྱི་ཚོར་བ་ངོ་མ་ཞིག་སྐྱུག་འདུག ཧ་ཅང་སྙན་པོ་བྱུང་།
    སྐུ་ཉིད་སྔར་རྒྱུན་བཞིན་སྙན་རྩོམ་ལ་ཁ་ཕྱོགས་པར་་ཧ་ཅང་གི་དགའ་པོ་བྱུང་། གང་ཡིན་ཞུས་ན་བོད་དབུས་ཕྱོགས་ཀྱི་རྩོམ་རིགས་ལ་དོ་སྣང་ཡོད་མཁན་མང་པོ་ཞིག་གིས་རྒྱུན་སྐྱོང་མ་བྱས་པར་གང་མཚམས་ནས་འབྲི་རྩོམ་སོགས་གཡུགས་ནས་གནད་དོན་གཞན་པར་ཁ་ཕྱོགས་ནས་འབྲི་རྩོམ་མཚམས་བཞག་མཁན་མང་པོ་མཐོང་རྒྱུ་ཡོད། ཟླ་ཤས་སྔོན་ལ་སྐུ་ཉིད་ཀྱིས་ཀྱང་ངག་རྣམ་གྱི་ངོ་དེང་ནང་མཆན་ཞིག་བྲིས་ནས་སྙན་རྩོམ་ལ་ཞེན་ཁ་ལོག་པའི་བསམ་ཚུལ་བཀོད་འདུག སྐབས་དེ་དུས་བློ་ཕམ་གྱི་ཚོར་བ་འདྲ་བྱུང་། སྐུ་ཉིད་ཀྱིས་མུ་མཐུད་ཡིག་སྒྱུར་དང་ཉམས་ཞིབ། སྙན་རྩོམ་སོགས་མཐའ་འཁྱོངས་ཡོད་པའི་སྨོན་འདུན་དང་རེ་སྨོན་གྲངས་ལས་འདས། རིག་འཛིན་གྱིས།

    ReplyDelete
  2. རིག་འཛིན་ལགས། དགོངས་འཆར་དང་སྐུལ་མ་གནང་བར་ཐུགས་རྗེ་ཆེ ང་རང་སྙན་རྩོམ་དང་ཁ་བྲལ་ནས་ལོ་མང་སོང་བ་རེད། དེ་ནི་གངས་ཅན་སྐྱིད་གཤོངས་ནང་། སྒྱུ་རྩལ་པའི་སེམས་ཁམས་ཤོང་ས་མེད་པས་ཡིན་སྲིད་ལ། གཞན་དུ་ན། ངས་རང་ཉིད་ཀྱི་ལམ་ཁ་བདམས་ནོར་ཤོར་བའང་ཡིན་སྲིད། གང་ལྟར་ག་རེ་ཡིན་ནའང་ཡིན་དུ་ཆུགས། ད་ལྟ་རྩོམ་འབྲི་འདོད་པ་བཞིན་ཐར་ཐོར་རེ་འབྲི་བཞིན་པ་འདི་རེད། ཡིན་ནའང་འདི་ཚོར་མགོ་འཁོར་ཆེ་ན། ཡིག་སྒྱུར་དང་ཉམས་ཞིབ་ཀྱི་ལས་ཀ་དེ་ཚོ་ཡོང་གི་མི་འདུག དེར་བརྟེན་དེང་སྐབས་བསམ་བློ་མང་པོ་གཏོང་བཞིན་ཡོད། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete
  3. གྲོགས་ཆུང་ཚེ་རིང་ལགས་ཁམས་བཟང་།
    ་ཁྱེད་ཀྱིས་གསར་བརྩམས་སྙན་ངག་གཉིས་ཀྱི་བྲོ་བ་མྱངས་པ་ཡིན་་་་་ཡང་ནས་ཡང་དུ་ཁྱེད་ཀྱི་ཟིན་བྲིས་ཐོག་མིག་ཤེར་རྒྱག་རྒྱུར་དགའ་པོ་ཡོད་ལ་དུས་ཁོམས་ཡོད་དུས་རྩོམ་རྣམས་ཀློག་གི་ཡོད་་་་་་ད་དུང་མུ་མཐུད་ཁྱེད་ཀྱི་བྱ་གཞག་ཁག་ལ་མདུན་སྐྱོད་གནང་་རོགས་་ྱྱ
    ལྷོ་ཕཱོུགས་ནས་རྒྱལ་མཚན་ཆོས་གྲགས་ཀྱིས་

    ReplyDelete
  4. སྟོད་ན་གངས་ཀྱི་རི་བོར་རྔམ་བརྗིད་ལྡན།།
    སྐེད་ན་ནགས་ཀྱི་ཚང་ཚིང་སྟུག་ཅིང་སྟུག།
    འདབས་ན་གྲོང་དང་གྲོང་གསེབ་ཐང་མར་བརྡལ།།
    དྷ་སའི་ཡུལ་གྲོང་ད་དུང་དྲན་ཞིང་དྲན།།

    གངས་ཅན་སྐྱིད་པའི་གཤོང་ན་འདུག་པའི་དུས།།
    སྙན་ངག་སྣུམ་པོ་རེ་གཉིས་བྲིས་པ་དྲན།།
    ད་ལྟ་འཚོ་བ་དངོས་དང་བྲལ་བའི་དུས།།
    ཤོལ་ཀ་གཅིག་ཙམ་བྲིས་པའང་བཅོས་མ་ཉིད།།༼ང་རང་ཉིད་ལ་ཟེར་བ་ཡིན།༽

    ལྕགས་མཁར་མཐོ་བ་ཙམ་གྱིས་པོ་ཏ་ལ།།
    དྲན་སོང་ཟེར་བ་ཨ་ལ་ཨེ་བདེན་ནམ།།
    རྒྱ་སེར་ཡུལ་གྱི་སྤྱི་གླིང་སྐྱིད་སྐྱིད་ཀྱང་།།
    ནོར་བུའི་གླིང་གའི་དོ་ཟླ་མིན་པར་ངེས།།

    ཡུལ་དང་འདུས་ཚོགས་བསྐྱུར་ཏེ་རིང་དུ་འཕྱན།།
    རིང་ནས་དྲན་པ་རང་གི་ཉོས་པ་རེད།།
    རང་ཡུལ་དྲན་པའི་གདུང་བ་སངས་འདོད་ན།།
    རང་ཡུལ་གཉིས་པ་དྷ་སར་ཕྱིར་ཕེབས་གནོངས།། ཧ་ཧ་ཧ་ཧ

    གྲོགས་དང་འགྲོགས་དུས་དགའ་དགོད་རོལ་མོར་བཅས།།
    རྒུན་ཆང་མཐའ་ལ་མིག་ཆུ་ཡོད་དམ་ཅི།།
    ཚིག་ཙམ་མཐོང་བས་སྙན་ངག་ངོ་མ་སྟེ།།
    དོན་ལ་སྙན་ངག་མཁན་ཁྱོད་བདེན་ནམ་ཅི།།

    གནའ་བོའི་རྒྱ་ནག་སྙན་ངག་མཁན་པོ་སྟེ།།
    ཞིས་ཀྲུང་ཟླ་བ་འཛིན་འདོད་མཚོ་ལ་ལྕེབས།།
    འདི་འདྲའི་སྙན་ངག་པ་དང་སྙན་ངག་བཅས།།
    དྭངས་པའི་ཡིད་ཀྱིས་སུ་ཞིག་འཇུག་ནུས་སམ།།

    ཕྱི་ཡི་ཁོ་ར་ཁོར་ཡུག་སེམས་ཀྱི་ལྗོངས།།
    ཡང་ཡང་འབྲི་བ་གནའ་བོའི་ནུབ་ལུགས་ཏེ།།
    སེམས་ཁམས་ལྗོངས་རྒྱུར་སོང་བའི་སེམས་ཀྱི་རིས།།
    ཁ་སང་དེ་རིང་འབྲི་མཁན་ཇེ་ཉུང་རེད།།

    དེ་རིང་དགོས་དང་མི་དགོས་ཚིག་འགའ་ཐལ།།
    སང་གནངས་བྲི་དང་འབྲི་ང་ཡིས་བལྟ།།
    མདོར་ན་རང་གི་བདེ་སྡུག་རང་གི་ལག།
    གང་དུ་ཅི་ལྟར་སྐྱེལ་བའང་རང་ལག་གོ།

    ༼ངས་ཀྱང་ཤར་མར་བྲིས་པ་ལས་ཞུ་དག་སོང་མེད་ན། ཚིག་དོན་གང་ནོར་ཡོད་ན་བཟོད་པར་གསོལ་ལོ།།༽

    གཅན་བཟོད་རྒྱམ་པས་གུས་ཡུལ་ཝ་ར་ན་སི་ནས།

    ReplyDelete
  5. བཟོད་རྒྱམ་བཟོད་སྲན་ཅན་གྱི་ཚིག་གི་རམ།།
    ཐད་ཀར་བསྐྱུགས་པའི་བཟི་ཁ་མི་དམན་ནོ།།
    ཆུང་ཚེ་ཆུང་ནས་བརྙས་བཅོད་མང་མྱངས་པས།།
    ད་ནི་གནམ་སྔོན་ལྷུང་ཡང་ཚོར་བ་མེད།།

    རང་ཡུལ་གངས་ལྗོངས་མིན་པའི་ཕན་ཆོད་ན།།
    ནུབ་ཕྱོགས་ཤར་ཕྱོགས་གཉིས་ཀ་གཞན་ཡུལ་རེད།།
    མི་ལོ་ཉི་ཤུ་བསྡད་པའི་རྡ་ས་ན།།
    ད་དུང་འཚོལ་དགོས་སྒྲུབ་དགོས་ཅི་གང་མེད།།

    སེམས་ཀྱི་འོག་འགྱུ་མནན་དང་མ་མནན་ལས།།
    རྡ་སས་སྐྱོ་བ་སངས་པ་ཉིན་གཅིག་མེད།།
    བྱ་སྒྲོ་དཀར་པོའི་ཡ་ཁོག་མིག་ཆུ་ཡིན།།
    འདོད་ལྷའི་པིར་གྱི་པིར་ཁོག་ཡི་ཆད་ཡིན།།

    ལོ་མ་དམར་པོས་སེམས་ལ་ཙག་ཤད་ཅིག །
    གླག་རྒོད་རྩལ་གྱིས་ཡིད་ལ་སྨོན་པ་ཞིག །
    རྡ་སའི་རི་རྩེའི་ན་བུན་ཐིབས་ཐིབས་དེ།།
    ལོ་ངོ་ཉི་ཤུའི་སྐྱོ་ཤས་མཚོན་བྱེད་ཡིན།།

    བྱ་སྒྲོ་དཀར་པོའི་འབྱུང་ཁུངས་རྒོད་པོ་ཡིན།།
    རྒོད་པོ་བཟང་པོའི་རྩ་བ་གངས་ལྗོངས་ཡིན།།
    ལུས་པོ་རིང་ནས་རིང་དུ་འཕྱན་ན་ཡང་།།
    སེམས་པ་བོད་དང་བྲལ་བ་ཡེ་མི་སྲིད།།

    ཆུང་ཚེ་རིང་གིས་འཕྲལ་མར་སྤེལ།

    ReplyDelete
  6. དྷ་སར་བྱ་སྒྲོ་དཀར་པོ་མིག་ལ་སྣང་།།
    དེང་སང་བྱ་སྒྲོ་དཀར་པོ་རྣ་ནས་ཉན།།
    མིག་དང་རྣ་བ་གཏད་པའི་དེ་རིང་ལ།།
    བདེན་གཏམ་ག་ཤད་ཅིག་ན་སྐྱུགས་པ་མཐོང་།།

    བཟོད་རྒྱམ་ཁ་ཁོག་གཉིས་ཀ་དྭངས་གཙང་ཡ་ཡིན།།
    བཤད་པའི་གཏམ་དེ་སེམས་ཀྱི་བཀྲུས་དངོས་ཡོད།།
    བྱ་སྒྲོའི་རྨི་ལམ་མངོན་པའི་དེའུ་འབུར་སྟེང་།།
    ལྷེབ་ཙམ་གཡེང་བ་མི་བཟོད་ཅི་ལ་སྲིད།།

    གངས་ལྗོངས་མིན་པའི་གངས་ལྗོངས་གཉིས་བ་རུ།།
    གཤོག་མེད་གཤོག་པ་རྒྱས་ཚེ་འཕུར་འགྲོ་ཞེས།།
    ང་ཡི་དཔྲལ་བའི་མིག་གིས་ཡང་ཡང་གསུངས།།
    དེ་ཙམ་ཆུང་ཆུང་ང་ཡི་ཡིད་ལ་བརྣག།

    ཆེན་པོའི་མཛད་པ་རི་བོའི་བརྟས་བཅོས་ཀྱང་།།
    ཆུང་ངུའི་རེ་བ་རི་རབ་དཔང་དང་མཉམ།།
    བྱས་དང་མ་བྱས་བར་གྱི་རྒྱང་ཐག་ལ།།
    སེམས་པ་གཅིག་གིས་སྦྲེལ་ཐག་མཚུངས་པ་ཉིད།།

    རི་རྒྱུད་ཆུང་ཆུང་ཞིག་གི་གཡས་གཡོན་དུ།།
    བགྲང་བྱ་བཅུ་ཕྲག་ལྔ་ཡི་གོང་ཐུབ་ཅན།།
    ཉིན་མཚན་ཐོག་ཐག་འབད་པས་བསྒྲུབས་གང་དེས།།
    ད་དུང་ངལ་བ་མེད་ཅེས་རྒྱུན་དུ་གསུངས།།

    དེ་ལྟ་མོད་ཀྱིས་བཅུ་ཕྲག་ཟུང་གི་ཡུན།།
    མཛད་པ་རྫོགས་སམ་“འཚོལ་སྒྲུབ་” ཅང་མེད་ཅེས།།
    སྨྲ་བ་འདི་འདྲ་རི་མོར་ཕབས་སྤོབས།།
    ཨ་ཧོ་ང་ནི་ཉན་བཟོད་བདེ་མ་སོང་།།

    སྐྱབས་བཅོལ་ལོ་ཡི་གྲངས་ཀ་མི་གཅིག་ཀྱང་།།
    ནང་གི་སེམས་ངལ་ནོན་མིན་བཤད་མི་ཚུགས།།
    བྱ་སྒྲོ་དཀར་པོའི་ཁོག་པ་མིག་ཆུ་དང་།།
    པུར་ཁོག་ཡིད་ཆད་ཡིན་ན་ད་ཕྲིས་ཤིག།
    དྷ་སའི་རི་ན་དགའ་སྤྲོར་རོལ་མཁན་སུ།།
    ས་མཐའི་འཚོ་བར་སྤྲོ་སྣང་འཛིན་མཁན་མེད།།
    ཡ་ཆུང་གཏིང་ན་དྲན་གདུང་པའི་མོའི་རི་མོི་རུས།།
    ས་ཁང་གསར་འབྱོར་དེ་ཚོ་གཞན་ལས་ཟབ།།

    འོན་ཏེ་བྱ་སྒྲོ་རྒོད་ཀྱི་ཡིད་སྐད་ཟེར།།
    ཐོས་པ་ཙམ་གྱིས་སྨོན་ཅིང་རེ་ནས་ཡོད།།
    རྩ་བ་གངས་ལ་ཟུགས་པའི་གཏམ་ཞིག་འདུག།
    མཐོང་བ་ཙམ་གྱིས་ངས་ཀྱང་ཉམས་སུ་ལེན།།

    བསམ་བློ་འཁྱུག་ཙམ་བཏང་ནས་བྲིས་སོ།། ཧ་ཧ་ཧ་ཧ








    དྷ་སར་བྱ་སྒྲོ་དཀར་པོ་མིག་ལ་སྣང་།།
    དེང་སང་བྱ་སྒྲོ་དཀར་པོ་རྣ་ནས་ཉན།།
    མིག་དང་རྣ་བ་གཏད་པའི་དེ་རིང་ལ།།
    བདེན་གཏམ་ག་ཤད་ཅིག་ན་སྐྱུགས་པ་མཐོང་།།

    གཅན་བཟོད་རྒྱམ་པས།

    ReplyDelete
  7. ཚིགས་བཅད་གཞུག་མ་དེ་འགོར་འབྲི་དགོས་པ་ཡིན་བཞིན་ཐེངས་གཉིས་ལ་འཁྲུག་ཐེབས་འདུག དགོངས་དག་ཞུ། དྲ་ངོས་གཙང་མ་ཡོང་ཆེད་གོང་གི་མཆན་བུ་གཅིག་དང་འདི་གཉིས་གསུབ་རོགས།

    ReplyDelete
  8. སྐྱོ་བ་སངས་འདོད་རྡ་སར་ཤོག་ཅེས་ཟེར།།
    རྡ་སས་སྐྱོ་བ་མི་སངས་མྱོང་བས་ཤེས།།
    དེ་ཕྱིར་འཚོལ་སྒྲུབ་དགོས་པ་མེད་ཅེས་སྨྲས།།
    སྨྲ་སྟངས་ནོར་ཡང་གོ་སྟངས་མ་ནོར་འཚལ།།

    ཚེ་འདིའི་གཞུང་ནི་རྡ་སར་ཡོད་དེ་ཡིན།།
    ཚེ་རབས་མགོན་ནི་ཕྱག་ན་པད་དཀར་ཡིན།།
    ཚེ་ལ་ཐུག་ཀྱང་དེ་གཉིས་སྤོངས་མི་སྲིད།།
    ཚེ་གྲོགས་ཁྱེད་ཀྱིས་ཡུན་དུ་བརྟག་དང་ཤེས།།

    རང་གི་རྨི་ལམ་བསྒྲུབས་པའི་ཁོར་ཡུག་ཅིག །
    བརྙེད་དུ་རེ་ནས་གཞན་ནས་གཞན་དུ་འཁྱམས།།
    ལག་རྗེས་འཇོག་པའི་གདེང་ཚོད་ཕྲ་ན་ཡང་།།
    རང་སེམས་འགྱོད་པ་མི་ཡོང་ཁྱད་ཅིག་འདུག །

    རྩམ་ཟན་ང་རང་ད་དུང་རྩམ་པར་དགའ།།
    རྩམ་རིན་འདི་ལ་རིན་བྲལ་དཔེ་དེབ་འགའ།།
    ལྡུམ་ཟན་ཡུལ་ནས་བོད་དུ་འདྲེན་དགོས་དྲན།།
    ལྡུམ་ཟན་ཡུལ་ལ་ཡོང་དོན་དེ་ཀ་ཙམ།།

    ཀྱེ་མ་གྲོགས་ཁྱེད་བློ་ཤེད་ཆེ་བ་ལ།།
    མགོན་པོའི་མཛད་པ་སྒྱོགས་རྡོར་བཅོས་ནས་ནི།།
    ཉམ་ཆུང་ང་ཡི་མགོ་བོ་གཅོག་པ་འདི།།
    ཐུགས་ལ་དྲན་ཡང་ཡི་གེར་ཕབ་འོས་མིན།།

    སྙན་ངག་སྙན་ངག་མཁན་གྱིས་གོ་བ་ཡིན།།
    འདོད་གཏམ་འདོད་ལྡན་ཚོགས་ལ་སྦྲང་རྩི་བཞིན།།
    བྱ་སྒྲོ་དཀར་པོའི་སྙིང་གི་རི་མོ་འདི།།
    ཕྱི་དཀར་ནང་དཀར་ཁྱེད་ལ་སྟོན་དགོས་སམ།།

    ལུས་འདི་རྒས་པའི་རྟགས་འགའ་ཐོན་བཞིན་འདུག །
    འབྱུང་བཞི་རྒུད་པའི་ནད་ཀྱང་འཕར་བཞིན་མཆིས།།
    ཚེ་ནི་མི་རིང་རང་བློས་དཔོག་པས་ན།།
    སྙིང་པོའི་སྙིང་པོ་ཞིག་ལ་སྙིང་ནས་རེ།།

    ངག་གི་རིག་བྱེད་སྒྲོ་ལྡན་སྨྱུ་གུ་འདི།།
    གཞུང་ཡིག་ལས་བསྡོམས་བྲིས་ནས་ཕྱེད་ལྷག་ཟད།།
    ད་ནི་རྨི་ལམ་ཡི་གེར་བསྡེབས་པའི་སྐབས།།
    ཅུང་ཟད་ཕྱེ་འདིར་ཉེས་པ་ཅི་ཞིག་མཆིས།།

    ཆུང་ཚེ་གསོན་ན་བོད་པ་རྣལ་མ་ཡིན།།
    སྒྲོ་དཀར་བརླགས་ཀྱང་བོད་ཀྱི་རྒྱན་ཞིག་ཡིན།།
    རི་མཐོ་ས་གཙང་ལྗོངས་ཀྱི་བཀོད་པ་དེ།།
    འདོད་ལྷའི་པིར་གྱི་རྣམ་ཤེས་གསོན་པོ་ལགས།།

    ReplyDelete
  9. ཚིག་ཉུང་། དོན་ཟབ། སྙན་ཆ་ཆེ། ཚོར་སྣང་ལྡན། འཆར་སྣང་འཁྱུག ཁྱེད་ཀྱི་རྩོམ་ཡིག་ཡག་ཡག་ཀློག་གི་ཡོད། ཁྱེད་ཀྱི་སེམས་ཤུགས་ལ་གུས་ཞབས་ཡོད། ཐུགས་རྗེ་ཆེ། ཀློག་པ་པོ་ཞིག་ནས།

    ReplyDelete
  10. བྱ་སྒྲོ་དཀར་པོ་རླུང་གིས་ཁུར་ན་ཡང་།།
    ཕྱི་དཀར་ནང་དཀར་མདོག་ལ་འགྱུར་བ་མེད།།
    བསེ་རུ་ནགས་ཀྱི་ཀློང་དུ་འཐོམས་ན་ཡང་།།
    རང་མགོ་གཞན་ལག་ཤོར་བའི་ཉེན་ཁ་མེད།།

    ཤེས་རིག་ལང་ཚོ་མཚར་བའི་དཔྱོད་ལྡན་ཞིག།
    ཤེས་བྱའི་བདུད་རྩིས་འཚོ་བའི་རྒན་པོ་ཞིག།
    ཤེས་ལྡན་ཀུན་གྱིས་མིག་དཔེར་འོས་པ་ཞིག།
    བྱ་སྒྲོ་དཀར་པོ་ཡིན་མིན་དྲི་རྟགས་ཤིག།

    ཁམས་བཟང་། མ་མཇལ་ཡུན་རིང་།

    ReplyDelete
  11. རྡ་སའི་ནགས་སུ་ཁེར་འགྲོའི་རྭ་ཁ་རྣོ།།
    བརྡ་དག་གནས་ལ་བགྲོད་པའི་བང་ཁ་མྱུར།།
    སྤྱི་དོན་སྤང་དུ་མཛེས་པའི་ཤེས་ལྡན་དེར། །
    བསེ་རུ་ཞེས་པའི་གྲཌ་པ་རླུང་གིས་འཁྱེར།།

    རྣམ་མང་ཡིག་གཟུགས་མཁས་པ་བྱེད་པོ་བཞིན།།
    རྣམ་དཔྱོད་སྤོབས་པ་མཐོ་བ་རི་བོ་བཞིན།།
    ད་དུང་བརྩོན་པའི་རྒྱུན་བཟང་ཆུ་བོ་བཞིན།།
    ངག་རྡོར་ཁྱེད་ལ་བཅོས་མིན་ཡི་རང་ཡོད།།

    བྱ་སྒྲོ་དཀར་པོའི་ཚེ་ཕྱེད་གཞན་ངོར་གཏད།།
    གཞུང་ཞེན་ཆེན་པོས་ཅི་འཇོན་གང་འཇོན་ཞུས།།
    འདོད་ལྷའི་པིར་གྱི་པིར་མཇུག་རང་གིས་འཛིན།།
    རང་ངོ་སྲུང་བའི་རི་མོ་འབྲི་འདུན་ཡོད།།

    ReplyDelete