2012-04-28

ལོ་མ།

༅༅།། སྙན་འཇེབས་རོལ་དབྱངས་ཀྱིས་བསླངས་པའི་གོམ་ཁ་འདི། འཆར་སྣང་གི་ལག་པས་དྲུད་པའི་སེམས་པ་འདི། དལ་ཅག་གེར། གཅིག་པུར་མཚོ་འགྲམ་ནས་འགྲོ་དུས། ཁྱེད་ཀྱི་སེམས་པ་དེ། ཤིང་ལོ་བཞིན་འཕུར་བྱུང་། ཁྱེད་ཀྱི་སྐྲ་ལོ་དེ། ལོ་འདབ་བཞིན་དཔྱང་བྱུང་། ངས་ཐ་ན་ཁྱེད་ཀྱི་བཞིན་རས་ཀྱི་ལོ་དབྱིབས་ལའང་བལྟ་ཐུབ་པའི་ཚོད་དུ་སྣང་།

ཉི་མ་དམར་ལམ་ལམ་དང་། སྤྲིན་པ་དཀར་ལོང་ལོང་དེ་ཚོར་བལྟ་བཞིན། རླུང་བུ་གྲང་བསིལ་བསིལ་ནང་འགྲོ་སྐབས། སེམས་ཀྱི་མེ་ལོང་དུ། ལྗང་མདོག་གི་ལོ་མ་ཁྱེད་ཤར་བྱུང་། བལྟ་གིན་བལྟ་གིན་དུ། ཁྱེད་ཀྱི་སྐད་སྒྲའང་ཐོས་ཐུབ་པའི་ཚོད་དུ་སྣང་།

བརྩེ་བ་ནི་གང་སར་ཁྱབ་འདུག །དུང་སེམས་ནི་ཀུན་ན་འཁྱིལ་འདུག །དེ་རླུང་གི་ནང་དུ་བྲིས་འདུག །དེ་རོལ་མོའི་དབྱངས་ལ་ཐིམ་འདུག །ད་དུང་། ལོ་མའི་རི་མོ་ན་གསལ་འདུག
                                                                  -ཧ་ཅང་གསལ་པོར།

མཚོ་ཁའི་རྐུབ་སྟེགས་འདིར་བལྟས་ན། སྡོད་མཁན་ང་གཅིག་པུ་ཡིན་པར་མངོན་ཡང་ངའི་སེམས་ན་སྡོད་རོགས་ཤིང་ལོ་ཁྱེད་ཡོད། རྒུན་ཆང་དམར་པོ་འདིས་བཟི་བ་ང་གཅིག་པུ་མིན་པར་བཟི་ཁ་ཁྱེད་ཀྱིས་ཀྱང་མྱངས་ཡོད།

ཡུན་རིང་ཡུན་རིང་ཞིག་ལ། འབུར་འཇོམས་དང་བཙན་གནོན་ཕོག་པའི་བྱ་སྒྲོ་དཀར་དཀར་གྱི་སྨྱུ་གུ་འདིར། ཁྲག་ལྟར་དམར་བའི་མཚམས་སྤྲིན་གྱི་སྐྱུར་ཁ་དང་། མར་གད་བཞིན་ལྗང་བའི་འགུལ་ཤུགས་ཀྱི་མངར་ཁ་སྦྱིན་མཁན་ཁྱེད་ཡིན་པས། སྙན་ངག་འདིའི་ནང་བཤད་པའི་སྐད་ཆ་ཡོངས་རྫོགས་ཁྱེད་ཁོ་ནའི་ཡིན་ལ། ཁྱེད་ཁོ་ནས་མ་གཏོགས་རྟོགས་མི་སྲིད།

ངས་ཚོར་བྱུང་། རུས་རྐང་གི་གཏིང་རིམ་ནས་ཚོར་བྱུང་། དེ་རླུང་གི་ནང་དུ་བྲིས་འདུག དེ་སྤྲིན་གྱི་བང་རིམ་ན་གསལ་འདུག ད་དུང་། ལོ་མའི་ཟུར་ངོས་དེར་འཁོད་འདུག
                                  -ཧ་ཅང་མི་མངོན་ཡང་ཧ་ཅང་གསལ་བའི་ཚུལ་དུ།


9 comments:

  1. ལན་ཆགས་ཞིག་གིས་ང་ཚོ་རྒྱུད་མེད་ཀྱི་འཇིག་རྟེན་འདིར་བཏང་སོང་། ཞི་འཇམ་ཞིང་ཡ་ང་བའི་ལག་ངར་གཉིས་པོས་སྲ་ཞིང་རྩུབ་པའི་ས་གཞི་འདིར་སྦར་འཛུམ་ཞིག་བྱས་པ་ནས་བཟུང་། ང་ཚོ་འཇིག་རྟེན་འདིར་བྱ་སྒྲོ་དཀར་འདི་ལྟར་ལྷབ་ལྷུབ་དུ་གང་སར་འཁྱེར། གྲང་རླུང་བསིལ་བུ་འདི་ང་ཚོའི་མེ་ཚེའི་ནང་ལན་ཇི་ཙམ་གདངས་པ་ང་ཚོས་མ་ཤེས་ཀྱང་། ང་ཚོས་ད་དུང་དྲོ་སྐྱིད་དང་སྣང་བ་སྐྱིད་པའི་གླུ་དབྱངས་ཞིག་ལེན་ནས་འཚོ་བ་གསར་པ་ཞིག་ལ་རེ་འགུགས་བྱེད་བཞིན་མཆིས། དེ་བས་ན་སྨྱུག་ཁ་འཛིན་པའི་སྐྱེ་བའི་ཞིག་ལ་མི་དགའ་བའི་བཙན་གནོན་ཇི་ཙམ་འཕོགས་ཀྱང་། དེ་རིང་གི་གདངས་མཁན་སང་ཉིན་གནས་མི་སྲིད་ལ། དེ་རིང་ཁྱེད་ཀྱིས་བྱ་སྒྲོ་དཀར་པའི་སྨྱུག་ཁ་འདྲེས་པའི་གཟི་བརྗིད་འདི་སང་ཉིན་དང་གནངས་ཉིན་གྱི་དུས་སུ་འོད་སྟོང་འཕྲོ་བཞིན་སྤྱི་ཚོགས་ཀྱི་སྣང་གསལ་གསར་པ་ཞིག་ཏུ་འགྱུར་སྲིད།

    ཕྲན་འཚོ་བྱེད་ཀུན་མཁྱེན་རྣམ་པའི་ཞབས་འདྲེན་པ་ཛམ་གཡུ་སྤེན་ཚེས་དྲང་སྲོང་ནགས་སུ་འབོད་པ་ནས་ཁྱེད་ལ་སྤྲིངས།

    ReplyDelete
  2. ཛམ་གཡུ་སྤེན་ཚེ་ལགས་ཀྱིས་“མི་དགའ་བའི་བཙན་གནོན་ཇི་ཙམ་འཕོགས་ཀྱང་། དེ་རིང་གི་གདངས་མཁན་སང་ཉིན་གནས་མི་སྲིད་ལ། དེ་རིང་ཁྱེད་ཀྱིས་བྱ་སྒྲོ་དཀར་པའི་སྨྱུག་ཁ་འདྲེས་པའི་གཟི་བརྗིད་འདི་སང་ཉིན་དང་གནངས་ཉིན་གྱི་དུས་སུ་འོད་སྟོང་འཕྲོ་བཞིན་སྤྱི་ཚོགས་ཀྱི་སྣང་གསལ་གསར་པ་ཞིག་ཏུ་འགྱུར་སྲིད།”ཞེས་སེམས་གསོ་མཛད་དེ་བློ་སྟོབས་སྤེལ་བར་ཐུགས་རྗེ་ཆེ།

    སེམས་ཀྱི་ཁྱིའུ་ལ་བྱ་ཡི་སྒྲོ་གཤོག་བཏགས།། ལག་པའི་སྨྱུ་གུར་འཆར་སྣང་ཚོན་གྱིས་བྱུག །བྱ་སྒྲོ་དཀར་པོའི་སེམས་ཁ་རང་གིས་གསོས།། ས་གཞི་ཆེན་པོར་སྙན་ངག་མཆོད་པ་བཤམས།།

    རང་ཚུགས་རི་བོར་བརྩོན་པའི་གོམ་ཁ་སྤོས།། མགོ་བོ་དགྱེ་ནས་ཐག་རིང་ལྗོངས་ལ་བལྟས།། ཕ་ཡུལ་མ་མཐོང་སེམས་པ་སྐྱོ་ནའང་།། འམ་གཙིགས་བསྡམས་ཏེ་སྨྱུ་གུ་ལག་ཏུ་བླངས།།

    ཐོལ་བྱུང་དུ་བྲིས་སོ།།

    ReplyDelete
  3. ཆུང་ཚེ་རིང་ལགས། ལོ་བཅུ་ལྷག་གི་གོང་དུ་ཁྱེད་ཀྱིས་བྲིས་པའི་སྙན་དངགས་ཁ་ཤས་ཀློག་མྱོང་། དེ་ནས་རྒྱུན་རིང་ཞིག་ལ་ཁྱེད་ཀྱིས་སྙན་ངག་མ་བྲིས་པ་འདྲ། དེ་རིང་ཁྱེད་ཀྱི་སྙན་ངག་གསར་པ་དེ་ཚོ་ཀློག་དུས། མིག་ལ་ཤར་རྒྱུ་ཡོད་པའི་མཛེས་སྡུག་དང་ཡིད་ལ་ཚོར་རྒྱུ་ཡོད་པའི་སྐྱོ་ཤས། ད་དུང་སྒྲོམ་གཞི་དང་གོ་རིམ་སྒྲིག་སྟངས་དེ་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདུག ཁྱེད་ཀྱིས་རང་མོས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་ག་རེ་བྲིས་ནའང་། ཧ་ཅང་གི་སྙན་པོ་དང་གསལ་པོ། མཛེས་པོ་འདུག མུ་མཐུད་དེ་སྙན་ངག་བྲིས་གནང་རོགས། སློབ་གྲོགས་རྙིང་པ་ལྷ་འབུམ་གྱིས་ཕུལ།། །།

    ReplyDelete
  4. ང་ལ་སློབ་གྲོགས་ལྷ་འབུམ་ཟེར་བ་གཉིས་གསུམ་ཞིག་ཡོད། ཁྱེད་དེའི་ནང་ནས་གང་ཡིན་པ་མ་ཤེས། གདེང་འཇོག་དང་བསྐུལ་མ་གནང་བར་ཐུགས་རྗེ་ཆེ། རེད། ལོ་བཅུ་གྲངས་ནང་། ང་རང་སྙན་ངག་དང་ཁ་གྱེས་པ་འདྲ་བོ་རེད། སྙན་ངག་བྲིས་པ་ཉུང་ཞིང་ཀློག་པའང་ཉུང་། ད་ལྟ་ངའི་སྒྱུ་རྩལ་གྱི་རྣམ་ཤེས་དེས་རོ་ལངས་བརྒྱབ་ཡོད། ཡིན་ནའང་འདིས་དཀའ་ངལ་གསར་པའང་འཁྲིད་ཡོང་གི་འདུག ཐུགས་རྗེ་ཆེ།

    ReplyDelete
  5. རྩོམ་ཡིག་འདི་ཐེངས་གཉིས་ལ་ཞིབ་ཏུ་བཀླགས་པ་ཡིན། ཚོར་བ་དམིགས་བསལ་ཞིག་སྤྲད་སོང་། ༼བརྩེ་བ་ནི་གང་སར་ཁྱབ་འདུག །དུང་སེམས་ནི་ཀུན་ན་འཁྱིལ་འདུག །དེ་རླུང་གི་ནང་དུ་བྲིས་འདུག །དེ་རོལ་མོའི་དབྱངས་ལ་ཐིམ་འདུག །ད་དུང་། ལོ་མའི་རི་མོ་ན་གསལ་འདུག༽
    འདི་ལྟ་བུའི་ཚོིག་གིས་རང་གི་སེམས་དོན་རྒྱུ་མར་ངས་ཀྱང་འབྲི་འདོད། ངོ་མ་ཡག་བྱུང་།

    གཅན་བཟོད་རྒྱམ་པས།

    ReplyDelete
  6. གཅན་བཟོད་རྒྱམ་ལགས་ཀྱིས་སྙན་ངག་འདིར་མཉེས་པོ་གནང་སྟེ། ཐེངས་གཉིས་ཞིབ་གཟིགས་གནང་བ་དང་། སྙན་ངག་གཞན་དེར་བཀའ་བསྐྱོན་ཅུང་ཟད་ཕེབས་པར་ཐུགས་རྗེ་ཆེ། ད་དུང་ཁ་རི་ཁ་ཐུག་ཏུ་ཕེབས་ནས་དགོངས་འཆར་གནང་རོགས།།

    ReplyDelete
  7. ང་སྙན་ངག་འདིའི་གྲས་ལ་ཧ་ཅང་དགའ། རྒྱུ་མཚན་ནི་སྙན་ངག་འདིའི་གྲས་ཀྱིས་མི་ལ་ཚོར་རླབས་དྲག་པོ་ཞིག་གམ་མཐོན་པོ་ཞིག་སྦྱིན་སྐབས་ད་དུང་མཐོ་ནས་མཐོ་རུ་འདེགས་པའི་རམ་འདེགས་སམ་སྤོབས་པ་ཞིག་སྩོལ་བར་བྱེད། དཔེར་གོང་དུ་དྲངས་པ་དེ་རེད། བོད་ནང་གི་གཞས་ཚིག་ཅིག་ལ། སའི་གོ་ལའི་ཕྱེད་ཀ་འཁྱགས་སོང་།། ཆུ་རྨ་ཆུའི་ཁ་ར་འཁྱགས་སོང་། ངའི་སེམས་ཀྱི་སྙིང་གི་ཕྱེད་ཀ་འཁྱགས་སོང་།། ཟེར་བ་ལྟ་བུ་བྲིས་འདུག་པ་ཡང་འདི་དང་ཚོར་བའི་མཐོ་རླབས་སྙེགས་སྟངས་གཅིག་མཚུངས་ལ། སྙན་ངག་ཞིག་གིས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ཅི་ཞིག་སྟེར་སྐབས་འདི་ལྟར་གོང་ནས་གོང་དུ་དང་། མཐོ་ནས་མཐོ་རུ་འདེགས་ཐུབ་པའི་ནུས་པ་ལྡན་ཚེ་ད་གཟོད་ཀློག་མཁན་གྱི་ཡིད་ལ་སྨྲ་མི་ནུས་པའི་ཚོར་བ་སྦྱིན་ནུས་པ་མ་ཟད། འབྲི་མཁན་རང་གི་སྙིང་དུ་གནག་པའི་འབྲི་འདོད་པ་དེ་ཡང་ལུད་པར་བྱེད་ནུས་སྙམ། སྙ་ངག་འདིའི་བཞུར་སྟངས་ལ་བསྐྱར་དུ་གདེང་འཇོག་དང་བསྟོད་པ་བྱེད་འདོད་དོ།།

    གཅན་བཟོད་པས།

    ReplyDelete
  8. གཅན་བཟོད་རྒྱམ་ལགས། ང་ལ་མཚོན་ན། སྙན་ངག་ནི་ལྷད་མེད་པའི་སྐད་ཅ་ཞིག་དང་། ཚོར་འདུས་ཕྱུག་པའི་རོལ་དབྱངས་ཤིག་ཡིན། རྩྭ་ལོ་ཟང་ཟིང་དེ་ཚོ་རླུང་གིས་གཡོ་བ་ནི་རླབས་རིས་དང་། རླབས་རིས་དེ་ཚོ་ནི་རོལ་དབྱངས། དེ་ཡང་སེམས་པ། སེམས་པ་དེ་ཚོ་རླུང་སྟེ། འདི་འདྲའི་འཁོར་རྒྱུག་ཅིག་གི་ནང་ནས། ངས་སྙན་ངག་གི་མཆོད་པ་བཤམས།

    མཐོ་རླབས་ཟེར་བ་དང་། དམའ་རླབས་ཟེར་བ། རྒྱབ་ལྗོངས་དང་གཞུང་ལུགས་ཟེར་བ་དག་མི་ཤེས་ལ་དོ་སྣང་ཡང་བྱེད་ཀྱི་མེད། ངས་རླུང་བུ་བཞིན་ལྡང་ནས། རྩྭ་ཡན་བཞིན་རྦ་རླབས་སྐྱོམ་ནས། རོལ་དབྱངས་བཞིན་ཆར་ཐིགས་དབབ་སྟེ་འབྲི་གི་ཡོད།

    ཆར་པ་འཁྱིལ་ཆུའི་ནང་དུ་བབས་ཚེ། ཆུ་ངོས་སུ་སྒོར་རིས་ཤིག་ཆགས་ཙམ་དང་ཡལ་ཙམ། སྒྲ་གདངས་ཤིག་མཐོ་ཙམ་དང་དམའ་ཙམ། ངས་འདི་ཚོ་ལ་བལྟ་གིན། ས་ལ་ལྷུང་པའི་ལོ་མ་ལྗང་ཁུ་དང་དམར་པོ་དག་བཏུས་ནས། སྙིང་ཁ་ན་ཉར་གྱི་ཡོད།

    དགོངས་དག ང་ལ་འགྲེལ་བཤད་འདི་འདྲ་ཞིག་ལས་ཞུ་རྒྱུ་མི་འདུག བདག་གི་བཟོད་མེད་ཀྱི་བཟོད་རྒྱམ་ལགས།

    ReplyDelete
  9. ཆུང་ཚེ་རིང་ལགས། ཚོར་བ་ལྡན་པའི་སྙན་ངག་ཞིག་བྲིས་གནང་འདུག ཐེངས་གཉིས་ཞིབ་བཀླགས་བྱས་ནས་བུད་པ་ཡིན། མུ་མཐུད་ཕེབས་ཤོག་སྒུག་ནས་ཡོད། རིག་འཛིན་གྱིས།

    ReplyDelete