2012-06-25

ཁེར་སྒྲོ

མགོ་བོ་ལག་ཏུ་བཞག་སྟེ།
རང་གིས་རང་ལ་བལྟས་ཚེ།
རང་ཉིད་མིག་ཆུའི་ནང་ལྷུང་པའི་བྱ་སྒྲོ་དཀར་པོ་ཞིག་ཡིན་པར་མཐོང་། 



རི་རྩེའི་སྤྲིན་དཀར་དང་། རི་གཤམ་གྱི་གྲོང་གསེབ། ད་དུང་རི་སྐེད་ཀྱི་བྱིའུ་ཚོས་ང་རྒྱུས་མི་ལོན་ཡང་ངས་དེ་དག་ཤེས་ཡོད། རང་ཉིད་རྒྱུས་ལོན་མཁན་ཉུང་བའི་ཁེར་གདུང་དེ་མྱངས་དྲགས་པས། ངས་ཐམས་ཅད་ལ་བསམ་ཤེས་དང་ཡོད་ཚད་རྒྱུས་ལོན་ཐུབ་ཐབས་བྱེད་ཀྱིན་ཡོད།

བྱ་སྒྲོ་དཀར་པོའི་ཁ་དོག་དེ་ཁྱེད་ཀྱིས་མཐོང་ཡོད་སྲིད་ལ། འཇམ་ཤ་ལའང་རེག་ཡོད་སྲིད། ཡིན་ནའང་། བྱ་སྒྲོ་དཀར་པོའི་སྙིང་ཁམས་ཚོར་ཐུབ་མཁན་ཇི་ཙམ་ཡོད་ཨང་། སུ་དག་ཡིན་ཨང་། སུ་དང་སུ་དག

སྨག་རུམ་གྱི་ནང་དུ།

ཆར་ཐིགས་ཀྱི་སྒྲ་ལ་ཉན་བཞིན།
སྙིང་གི་འཕར་ལྡིང་ལ་རེག་ཚེ།
རང་ཉིད་ལྐོག་གྱུར་གྱི་རོལ་མོ་ཞིག་ཡིན་པར་ཚོར།

གར་སྟེགས་དང་། གློག་སྒྲོན། ལྟད་མོ་བ་ཚང་མ་ངས་ཤེས་ཀྱང་། དེ་དག་ཚང་མས་ངའི་རོལ་མོའི་རྒྱབ་ཀྱི་རོལ་དབྱངས་དེ་གོ་ཡོད་དམ། གཞན་དང་མ་འདྲ་བ་ཡིན་པའི་དབང་གིས་མིག་མཐའ་ཇི་ཙམ་བརླན་དགོས་པ་ངས་ཤེས་པས། ད་ཆ་ངས་ཚང་མའི་མདུན་ན་ཚང་མ་དང་མཐུན་པའི་ཟློས་གར་འཁྲབ་བཞིན་ཡོད།


ངའི་རོལ་དབྱངས་ལ་ཁྱེད་ཀྱིས་ཉན་ཡོད་སྲིད་ལ། དེའི་སྒྲ་རླབས་ལའང་དོ་སྣང་བྱུང་ཡོད་སྲིད། ཡིན་ནའང་། ངའི་རོལ་དབྱངས་རྒྱབ་ཀྱི་སྙིང་སྒྲ་ཚོར་ཐུབ་མཁན་དང་ཤེས་ཐུབ་མཁན་ཇི་ཙམ་ཡོད་ཨང་། སུ་དག་ཡིན་ཨང་། སུ་དང་སུ་དག


ཐག་རིང་ཐག་རིང་དུ་བསྲིངས་པའི་ལམ་ཆུང་འདིའི་ཐོག །ངས་མུན་པ་དང་འགྲོགས་ཏེ། ཆར་ཐིགས་ལ་ཉན་བཞིན་ཁེར་རྐྱང་དུ་འགྲོ་བཞིན་ཡོད། གློག་གཞུ་དང་ཆར་གདུགས་གནང་མཁན་ཚོ་ངའི་གྲོགས་པོ་ཡིན་ཡང་། ངའི་ལམ་གྲོགས་མིན། ངའི་ལམ་གྲོགས་ནི་ངའི་སེམས་ཀྱི་གཏིང་རིམ་ལ་འཛུལ་ཏེ། ང་དང་མཉམ་དུ་མུན་པ་མྱོང་བཞིན་ཆར་ཐིགས་ཉན་ཐུབ་མཁན་དེ་ཡིན།

No comments:

Post a Comment