2012-07-04

རྨི་ལམ་ལྟ་བུའི་ཀློང་རོལ་ནས།


ཚ་དྲོད་ཀྱི་ནང་དུ།
ཆར་ཞོད་ཚུགས།
                   བདེ་ལྷོད་ཀྱི་གུང་གསེང་།
                          མེ་ལྕེས་བསྲེགས།

གླུ་དབྱངས་ཀྱི་མཆེ་སྡེར་དེའི་ཟུར་ནས། བུད་མེད་ཀྱི་འགྲམ་ཆང་དེའི་མིག་ནས། འཆར་སྣང་གི་མེ་ཏོག་འཐུ་སྐབས། ལག་མཛུབ་རྣམས་ཟྭ་ཚོད་ཀྱིས་གཙེས། སེམས་ཀྱི་ལུ་གུའི་རྐང་ལག་ཁུམ། 

ན་ཟུག་དེ། ཚད་བཀག་དེ། 
                   __ཚད་ཡོད་པ་ནས་ཚད་མེད་པར་གྱུར།

ཁུ་སིམ་སིམ་གྱི་མཚན་གུང་གི་རི་རྩེར། ཡུད་ཡུད་པོའི་བཅོ་ལྔའི་ཟླ་བ་དེར་བལྟ་བཞིན། ཁྱེད་རང་མེ་ལྕེར་གྱུར། ཁྱེད་རང་སྐར་མར་གྱུར། 

སྦར་ཚད་དེ། གྲངས་འབོར་དེ།       
                      __གྲངས་ཡོད་པ་ནས་གྲངས་མེད་པར་གྱུར།

བུ་ཕྲུག་གི་ཀ་ཁ་ཀློག་པའི་སྐད་སྒྲ་སྒེའུ་ཁུང་ནས་ཐོས། དམ་བཅའ་སྣག་ཚར་ཐིམ་པའི་འཕྲིན་ཡིག་ཅིག་འབྱོར། རེ་བ་དང་ཡིད་ཆེས་ཀྱི་རི་བོ་དེ་ཚོས།
ང་ལ་ཤོག་ཟེར། སྤུན་ཟླ་དང་མཉམ་དུ་ཤོག་ཟེར། 

 ལ་རྒྱ་དང་སྤོབས་པའི་ཁོག་རྒྱ་དེ།  ཆོད་སེམས་དང་མཛའ་སེམས་ཀྱི་ནམ་མཐའ་དེ། 
            __མཐའ་ཡོད་པ་ནས་མཐའ་མེད་པར་གྱུར།

ཚ་དྲོད་ཀྱི་ནང་དུ།

གྲང་འདར་ཅིག

བདེ་ལྷོད་ཀྱི་སྙིང་ལ།

མེ་གཙག་ཅིག 


            __རྨི་ལམ་ལྟ་བུའི་ཀློང་ཆེན་པོ་དེ་ནས།

12 comments:

  1. ཆུང་ཚེ་རིང་ལགས། སྙན་ངག་འདིའི་བསྟན་དོན་ག་རེ་ཡིན་ནམ་། གོ་རྒྱུ་མི་འདུག་ལགས། དེང་ཕྱིན་སྙན་ངག་འདི་འདྲ་མ་བྲི་རོགས། བསོད་ནམས་ཀྱིས།

    ReplyDelete
    Replies
    1. ནམ་མཁའ་དང་རྒྱ་མཚོའི་ཀློང་ལ་བཞུད་པ་བཞིན། མེ་ལྕེ་དང་རླུང་འཚུབ་ནས་ཝུ་ཆང་འཐུང་བ་བཞིན། འཆར་སྣང་དམིགས་བསལ་བྱུང་། ཐུགས་རྗེ་ཆེ།

      Delete
  2. གོང་དུ། བསོད་ནམས་ལགས་ཀྱིས་སྙན་ངག་འདིར་བསྟན་དོན་མི་འདུག་གསུངས། རྗེས་མ་དེས་འཆར་སྣང་ཁྱད་པར་བ་ཞིག་བྱུང་གསུངས། སྙན་ངག་ནི་སྐབས་རེ་ཆང་རག་དང་འདྲ་པོ་རེད། ཟས་རིགས་དང་འདྲ་པོ་རེད། ཁྱེད་རང་སྤྱིར་ཆང་རག་འཐུང་ཤེས་ཀྱང་། ཆང་རག་གི་རིགས་བྱེ་བྲག་པ་ཞིག་ཁྱེད་ལ་བྲོ་བ་ཞིམ་པོ་མེད་པའང་ཡོང་སྲིད་པ་རེད།

    ཡིན་ནའང་། ངས་སྙན་ངག་གི་བསྟན་དོན་འདི་ཡིན་ཞེས་གསལ་པོར་བརྗོད་རྒྱུ་ཡོད་པ་དང་། གསལ་པོར་བརྗོད་རྒྱུ་མེད་པའི་རིགས་གཉིས་ཀ་འབྲི་གི་ཡོད། ང་རང་ལ་མཚོན་ན། ཀློག་པ་པོའི་གནས་ཚད་དང་ཁོར་ཡུག ཉམས་མྱོང་གཞི་བཟུང་གོ་བ་རྒྱ་ཆེ་ས་ནས་ལེན་དུ་རུང་བའི་སྙན་ངག་དེ་ཚོ་ཀློག་པར་དགའ་མོས་ཆེ་བ་ཡོད།

    རྡོག་རྡོག་བཤད་ན། སྙན་ངག་འདི་ལ་གོ་དོན་རྡོག་རྡོག་བཤད་ཟེར་ན་བཤད་རྒྱུ་མེད་ལ། གལ་ཏེ་བཤད་རྒྱུ་ཡོད་ན། སྙན་ངག་འདི་སྙན་ངག་མ་རེད།

    ReplyDelete
  3. ངས་ལྟས་ན་སྙན་ངག་དེ་ནི་ རྒན་ཆུང་ཚི་རིང་ལགས་ཁ་སྔོན་འཛམ་གླིང་སྤྱི་བཟང་ཉིན་གི་འཚོར་སྣང་རེད། ཏ་ཏ་

    ReplyDelete
    Replies
    1. (རྡོག་རྡོག་བཤད་ན། སྙན་ངག་འདི་ལ་གོ་དོན་རྡོག་རྡོག་བཤད་ཟེར་ན་བཤད་རྒྱུ་མེད་ལ། གལ་ཏེ་བཤད་རྒྱུ་ཡོད་ན། སྙན་ངག་འདི་སྙན་ངག་མ་རེད།)
       
       This sentence made me understand what "NyenNgag" really is and taught me not to think writing Nyen Ngag is impossible for me .
      Thank you Cho chung la .

      Delete
  4. Hi, don't think in that way. I am saying that there was many different style in poem, some got definite meaning and some are not.(Like Thanka painting and modern art) So, if you like those direct, clear, definite poem, you can try write such poem.

    By the way, who are you? Do we know each other?

    ReplyDelete
    Replies
    1. Dear cho Chung Tsering la,

      Sorry i forgot the write the name before.

      Thanks again for making it clear for me.

      I hope you and your families are doing well there.

      Take care
      Tashi Delek

      Genyen Tenzin

      Delete
  5. ཀུན་དགའ་རྒྱལ་མཚན།July 7, 2012 at 4:21 PM

    ད་ལྟའི་བོད་དུ་འབྱུང་བཞིན་པའི་གནས་ཚུལ་དང་འབྲེལ་བའི་དུས་རབས་བརྒྱད་པ་དང་བཅུ་གཅིག་བཅས་སུ་བྱུང་བའི་མེར་སྲེག་ལོ་རྒྱུས་ཀློག་པ་པོའི་མདུན་དུ་བཤམས་པར་ཐུགས་རྗེ་ཆེ། གནས་ཚུལ་དང་འབྲེལ་བའི་རྩོམ་ཡིག་གི་སྡེབ་སྦྱོར་ཡང་བཟང་བས། དེ་ལྟ་བུའི་རྩོམ་སྤེལ་བར་མིག་ཟུང་འོག་ཏུ་དུས་ཁོམ་བྱུང་ཚད་ལ་འཇུག་ཐབས་བྱེད་ཀྱི་ཡིན། འོན་ཀྱང་“རྨི་ལམ་ལྟ་བུའི་ཀློང་རོལ་ནས་”ཞེས་པས་བྲོ་བ་གང་སྤྲོད་མིན་ངས་ཤེས་ཚད་ཀྱིས་ལྡང་མ་སོང་། ལར་ནས་འགྲེལ་བཤད་རྡོག་རྡོག་རྒྱག་རྒྱུ་ཡོད་ན་སྙན་ངག་འདི་སྙན་ངག་མིན་ཞེས་གསུངས་འདུག་ག འགྲེལ་བཤད་རྡོག་རྡོག་རྒྱག་རྒྱུ་ཡོད་པ་ཚང་མ་སྙན་ངག་མི་ཆགས་སམ། དོགས་འདྲི་ཞུ་ཡི་ཡོད།

    ReplyDelete
  6. ཀུན་དགའ་རྒྱལ་མཚན་ལགས། ངས་བྲིས་དང་འབྲི་བཞིན་པའི་སྙན་ངག་ལ་གོ་དོན་ངེས་པ་ཅན་དང་ངེས་པ་མེད་པ། དེ་གཉིས་ཀྱི་བར་མ་བཅས་ལུགས་གསུམ་ཡོད།
    ༡) གོ་དོན་ངེས་པ་ཅན་ནི་ཉེ་དུས་བྲིས་པའི་སྙན་ངག་བྲལ་འཛོམས་ཟེར་བ་དེ་ལྟ་བུ་ཡིན་ལ། འབྲི་སྟངས་དེ་རིགས་བོད་མིར་རྒྱུས་ཆེ་བས་གསལ་བཤད་མི་དགོས།
    ༢) གོ་དོན་ངེས་པ་མེད་པ་ནི། གཙོ་བོ་ཀློག་པ་པོའི་ཉམས་མྱོང་དང་དགའ་སྐྱོའི་སེམས་ཁམས་ཀྱི་གནས་སྟངས་སོགས་གཞི་བཟུང་། གོ་དོན་སྣ་ཚོགས་སུ་བླངས་ཆོག་པ། གསུང་གཅིག་ཉིད་དུ་གསུངས་གྱུར་ཀྱང་།། དུ་མ་ཉིད་དུ་སོ་སོར་གོ། ཞེས་པ་ལྟར་དུ་གྱུར་པ་ཞིག་ལ་བརྩོན་པ་ཡིན་ཞིང་། ཚིག་སྦྱོར་སྤེལ་ཚུལ་གྱི་ཐད་ནས་བཤད་ན། གོ་དོན་ངེས་པ་ཅན་གྱི་སྐབས་སུ། སྨུག་སྤྲིན་གྱི་རྒྱ་མཚོ་རབ་ཏུ་མཛེས།། ལྟ་བུའི་ཚིག་གི་སྦྱོར་བ་བཟང་བར་བརྩི་ཡང་། ངེས་པ་མེད་པའི་སྐབས་སུ། སྨུག་སྤྲིན་གྱི་རྒྱ་མཚོ་རབ་ཏུ་མཛེས་ཞེས་པ་ཚིག་སྦྱོར་ཐ་ཆད་དུ་བརྩི་བ་ཡིན། གང་ཡིན་ཟེར་ན། མཛེས་པའི་ཚད་གཞི་དང་མཛེས་ལུགས་མཛེས་སྟངས་རྣམས་རྩོམ་པ་པོས་ཐག་བཅད་ཟིན་པས། ཀློག་པ་པོར་དེ་ལས་ལྷག་པ་གོ་རྒྱུ་མེད། བུ་རམ་ལྟ་བུར་མཚོན་ནའང་། བུ་རམ་གྱི་རོ་འདི་ཤིན་ཏུ་ཞིམ། བུ་རམ་གྱི་རོ་འདི་ཞིམ། བུ་རམ་ཞིམ་རྣམས་ལས། སྔ་མ་སྔ་མར་གོ་རྒྱུ་ཉུང་ཞིང་། ཕྱི་མ་ཕྱི་མའི་གོ་དོན་ཁྱབ་ཁོངས་ཇེ་ཆེར་འགྲོ་བར་འདོད་ཅིང་། སྙན་ངག་མཁན་གྱིས་ནི། འདི་ལས་ཀྱང་རྒྱ་ཆེ་ཞིང་གཏིང་ཟབ་པ། ཚིག་གིས་མཚོན་པར་བྱེད་མི་ཐུབ་པའི་ཚོར་སྣང་མང་པོ་ཞིག་མཚོན་པར་འབད་པ་ཡིན། འདི་ནི་རགས་པའི་ཁྱད་པར་ཞིག་ཞུས་ཁུལ་ལགས་ཤིང་། དེ་ནི་རང་རེའི་རྒྱུན་སྲོལ་ཐང་གའི་རི་མོ་དང་། དེང་རབས་ཀྱི་རི་མོ་འགའ་ཞིག་གིས་དོན་མཚོན་སྟངས་ལ་གཞིགས་ནའང་གོ་རྒྱུ་ཆེན་པོ་ཡོད།
    ༣༽ དེ་གཉིས་ཀྱི་བར་མ་ནི། ངས་ཉེ་དུས་བྲིས་པའི་སྙན་ངག་མུན་དབྱངས་ལོ་མ་ལྗང་ཁུ་ལྟ་བུ་ལགས་ཤིང་། ལུགས་དེ་གཉིས་ཀྱི་བར་མ་ཡིན་སྟབས་འགྲེལ་བཤད་དམིགས་བསལ་མི་དགོས་པར་སེམས།

    ད་ངས་གོང་དུ། སྙན་ངག་འདི་ལ་གོ་དོན་རྡོག་རྡོག་བཤད་ཟེར་ན་བཤད་རྒྱུ་མེད་ལ། གལ་ཏེ་བཤད་རྒྱུ་ཡོད་ན། སྙན་ངག་འདི་སྙན་ངག་མ་རེད། ཅེས་པའི་གོ་དོན་གསལ་པོ་ཆགས་པའི་རེ་བ་ཡོད། ཐུགས་རྗེ་ཆེ། མུ་མཐུད་ཡང་ཡང་ཕེབས་རོགས།

    ReplyDelete
  7. ཀུན་དགའ་རྒྱལ་མཚན།July 13, 2012 at 9:35 AM

    གསལ་བཤད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།

    ReplyDelete
  8. སེམས་ཁམས་ཀྱི་བཞུན་ཐིགས།
    འབར་ཟིན་པའི་རུས་སྒྲོམ་འདིས།
    ལྷོད་ལ་བབ་པའི་ལྷིང་འཇགས་ཀྱི་འཇིག་རྟེན་འདི།
    ལྷིང་འཇགས་མིན་པའི་འཚོར་བ་སྦྱིན།
    ------འདི་ནས་བཟུང་ལོ་རྒྱུས་ལ་ཕྱི་བལྟས་བྱས།
    ལམ་ཁ་འདོགས་པའི་ཁར་གྲོང་དང་།
    ཟང་ཟིང་ཆེ་བའི་སྤྱི་ཚོགས་འདི།
    ཁ་སང་དལ་ལྷོད་དུ་མཐོང་ཡང་།
    དེ་རིང་ལྷེམ་ལྷེམ་དུ་འབར་བའི་མེ་རོ་ལགས།
    སླར་ཡང་ཕྱི་བལྟས་ཅིག་བྱས།
    ------སྒྱུ་མ་མ་ཡིན་པའི་བདེན་པ་བཟད་པའི་སྤྱི་ཚོགས་སུ་མཐོང་།
    ཞི་འཇམ་པའི་རྩ་ཐང་དང་འབྲོག་ས་འདི།
    དལ་ལྷོད་ཀྱི་སྒོ་ཕྱུགས་ཀྱི་ཕ་སར་མཐོང་།
    ཡ་མཚན་པའི་མེ་ལྕེའི་དུ་བ་དང་ཟེར་འདིས།
    ས་གཞི་འདིར་ལྐོག་བལྟ་ཞིག་བྱེད་དུས།
    ཡང་འཇིག་རྟེན་འདིར་ཞི་ལྷོད་པའི་གནས་ཤིག་མེད་པ་མཐོང་།
    -------ཡོད་ཚད་བཙན་གནོན་དང་རྫུན་གྱིས་བཅིངས་པས་སོ།།

    ReplyDelete