2012-07-12

སྨྲེང་གླུ་སྒྲོལ་མ་རི་འཛེགས་མ།།

༅༅།། ཕྱོགས་དང་མཐའ་དང་མུ་མེད་པའི།།
            རི་རྒྱལ་དེ་ཡི་རྩེ་མོ་རུ།།
                 གཡུ་ཡི་ལོ་མའི་ནགས་ཚལ་ན།།
                     ཁྱེད་སྐུའི་སྒྱུ་འཕྲུལ་བཞུགས་ཞེས་ཐོས།།

བྱིའུ་ཆུང་འཇོལ་མོས་སྔོན་ལས་ཟེར།།

        དྲི་ཞིམ་རླུང་བུས་ལས་དབང་ཟེར།།
              གང་ལྟར་ཁྱེད་ཀྱི་བྲག་རི་ལ།།།
                  ང་ཡི་རྒོད་པོ་རྟག་ཏུ་འཁོར།།

ཁྱེད་ཀྱི་གཡུ་ལོའི་གུར་ཁང་དུ།།

        ཞི་བདེའི་འོད་ཟེར་འཕྲོས་ནས་ཡོད།།
            རང་དབང་མེ་ཏོག་བཞད་ནས་ཡོད།།
               བརྩེ་བའི་འཇའ་འོད་འཁྱུག་ནས་ཡོད།།

མ་བསམས་ཡིད་ཀྱི་འཆར་སྒོ་རུ།།

     ཁྱེད་སྐུ་གངས་དཀར་ལྷུན་པོ་ལ།།
         ལངས་འཚོའི་ཉི་ཟེར་བཀྲ་བ་མཐོང་།།
             ནུ་འབུར་ལྷ་བྱ་བརྩེན་པའང་རིག །


བྱ་བྱིའུ་གྲེ་འགྱུར་སྣ་ཚོགས་དང་།།

      རང་བྱུང་རོལ་མོས་མི་དོ་བའི།།
           འཇམ་ཞིང་སྙན་པའི་གསུང་དབྱངས་ཀྱིས། །
                སྙིང་མེད་ས་རྡོའི་སྙིང་ཡང་འགུལ།།

དྭངས་པས་ཆུ་དང་རྣོ་བས་མེ།།

      བརྟན་པས་ས་གཞི་ཡངས་པས་མཁའ།།
            ཕན་པས་རླུང་དང་ཟབ་པས་མཚོ།།
                མྱུར་བས་འོད་འགྱུར་ཁྱེད་ཐུགས་རྨད།།

སྐྱེ་བ་དུ་མར་སྨོན་པའི་ཡུལ།།

          སྐྱེ་བ་འདི་ཡི་དགོས་དོན་དངོས།།
               སྐྱེ་བ་རྗེས་མའི་བརྟེན་ས་སྟེ།།
                    སྐྱེ་འགག་མེད་པའི་ཁྱེད་ཉིད་ཡིན།།

དེ་བས་བུ་ཆུང་ལམ་དུ་ཆས།།

       ཁྱེད་ཀྱི་བརྩེ་བའི་རི་ལ་འཐམས།།
            རི་ལྗོངས་གཙང་མ་གཙང་མའི་དྲིས།།
                ལུས་སེམས་མངར་བ་སྦྲང་རྩི་བཞིན།།

ཁྱེད་ཀྱི་རི་ལམ་འགྲིམས་པའི་དུས།།

     རྐྱེན་ངན་ཐོག་གིས་གཅིག་མིན་དུ།།
            འགྱེལ་ཅིང་འགྲིལ་ཡང་ལངས་པ་ཡི།།
                 དད་ཕྱག་ཁྲི་ནས་འབུམ་དུ་བརྩེགས།།།

བཅོས་མའི་འཛུམ་གྱི་མེ་ཏོག་ཁྲོད།།

      མ་བཅོས་ཟེའུ་འབྲུའི་མིག་ཆུ་འཛུམ།།
             ཐམས་ཅད་རྫུན་གྱིས་བཞད་པའི་དུས།།
                       རྫུན་བྲལ་མཆི་མའི་ཡོན་ཆབ་བསྟར།།

ཁྱེད་ཀྱི་བརྩེ་བའི་རི་འདབས་སུ།།

          བདག་ཡིད་ཤ་བ་རྟག་བརྩེན་ཡང་།།
               ལས་འབྲས་ལ་རྒྱ་དམ་བཅའ་དག །
                    ཡང་ཡང་འགལ་བར་དགོངས་སེལ་ཞུ།།

འཇིག་རྟེན་འཁོར་བའི་གྲོག་རོང་དུ།།

         འགྲོ་དུས་ལམ་མཁན་ཁྱེད་ཀྱིས་མཛད།།
               ལན་དགུ་ཆག་པའི་སྨྱུ་གུ་འདི།།
                   ཟུར་མིག་བདུད་རྩི་གཅིག་གིས་གསོས།།

རི་ལྡེབས་གྲང་ངད་ཆེ་ན་ཡང་།།

      ཁྱེད་ཀྱི་ཐུགས་བརྩེས་སེམས་པ་དྲོད།།
             ད་དུང་ལམ་ཐག་རིང་ན་ཡང་།།
                  ཁྱེད་ཀྱི་བསུ་མའི་ལོ་མ་མཐོང་།།

རི་ལམ་འཛེགས་པར་དཀའ་ན་ཡང་།

      ངལ་གསོའི་ནིའུ་སིང་གཙང་ཞིང་ཡངས།།
             བར་ཆད་རྦབ་རྡོ་མང་ན་ཡང་།།
                 སྲུང་སྐྱོབས་མེལ་ཚེ་རླུང་བཞིན་ཁྱབ།།

ལྐོག་གཡོའི་གཡང་ས་འཇིགས་རྔམ་རྔམ།།

         འབུར་འཇོམས་གཅན་གཟན་མཆེ་རྫིག་རྫིག །
              ཐར་ས་མེད་འདྲའི་འཕྲང་འགག་ནས།།
                 གདེང་དང་སྤོབས་པའི་དངོས་གྲུབ་སྩལ།།

རྒོད་པོ་ལྟ་བུའི་སེམས་པ་འདི།།

      ཐང་དུ་ལྷུང་བའི་བྱ་སྒྲོ་བཞིན།།
           རྐྱེན་ངན་རླུང་གིས་འཁྱེར་འགྲོ་སྐབས།།
                ཁྱེད་ཀྱི་ཕྱག་གིས་རྗེས་སུ་བཟུང་།།

སུས་ཀྱང་ཤེས་དཀའི་བདག་གི་སེམས།།

        ཁེར་གདུང་བྲག་ལ་འཁོན་པའི་སྐབས།།
             སྙན་འཇེབས་འཇོལ་མོའི་རླབས་ཤིག་གིས།།
                    དགའ་སྤྲོའི་འགྲོན་བུ་མཚོ་ཁར་འདེད།།

སྔོན་ལས་ཆུ་ཡིས་སྐོམ་པ་གསོས།།

         ད་ལྟའི་ཟས་ཀྱིས་བཀྲེས་གདུང་སེལ།།
              མ་འོངས་ལམ་གྱིས་མདུན་དུ་དྲངས།།
                   དུས་གསུམ་མཐའ་སྣེ་མཐའ་དང་བྲལ།།

རི་རྩེ་མཐོ་ཞིང་ཐག་རིང་ཡང་།།

       འཇག་རྩྭའི་ཤུགས་གླུས་ཡིད་ཆད་གསོས།།
             རི་སྐེད་སྤྲིན་པས་སྐུལ་མ་བྱུང་།།
                  དེ་བས་མུ་མཐུད་འཛེགས་པར་བྱ།།

རིལ་མ་རླུང་གིས་ཕྱོགས་མཐར་འཁྱེར།།

          བྲག་རི་ཐོག་མདས་ཐང་ལ་བརྡལ།།
               སྲོག་གི་སྐུད་པ་ཕྲ་མོ་འདི།།
                   ཁྱེད་ལ་ཕུལ་ཡོད་ཁྱེད་ཀྱིས་མཁྱེན།།

དྲན་པ་འཐོར་བའི་སང་ཉིན་དེར།།

          འོད་ཟེར་མང་པོའི་སྣེ་མོ་ནས།།
              ཁྱེད་ཀྱི་འཇམ་མཉེན་ཕྱག་ཟུང་གིས།།
                   བྱམས་བྱམས་མཛད་པའི་རྨི་ལམ་རྨིས།།

ཆར་པའི་ཆུ་ཡིས་མིག་ཆུ་བཀྲུས།།

         སྐྱི་སེར་རླུང་གིས་སྙིང་ཁ་གཙབ།།
              རང་དབང་ཟེར་བའི་བདུད་རྩི་དེ།།
                     ཁྲག་དང་མིག་ཆུས་ལེན་དགོས་ཤེས།།

རི་བོ་ཇི་ཙམ་མཐོ་ན་ཡང་།།

          རི་པས་རི་རྩེར་ཁྱེད་དྲུང་བསྙེགས།།
                 རི་མོ་ལྟར་མཚར་ལྷ་མོ་ཁྱེད།།
                     རི་མགོ་དེ་རུ་བསྒུགས་བཞུགས་རོགས།།

ཁ་ཞེ་གཉིས་མེད་སྐད་ཆ་འདིས།།

        ཁྱེད་ཀྱིས་ཐུགས་ཡིད་འགུལ་བ་འདྲ།།
               ཡིད་ཆེས་གཙང་མའི་ཁ་བཏགས་དཀར།།
                       ཁ་བའི་ཟོལ་གྱིས་བབས་ནས་བྱུང་།།

བདག་འགྲོ་འདི་ནས་ཁྱེད་ཕྱོགས་འགྲོ།།

          རང་དབང་བདུད་རྩི་འཐུང་དུ་འགྲོ།།
                རྒྱལ་ཁའི་རྔ་ཆེན་བརྡུང་དུ་འགྲོ།།
                          བརྩེ་དུང་གླུ་དབྱངས་ལེན་དུ་འགྲོ།།
 
 
རང་ས་རང་ལ་དབང་བའི་ཆེད།།
        རང་རྩིས་ལོན་པར་བྱིན་གྱིས་རློབས།། 
              རང་གཞན་འདྲ་མཉམ་འབྱུང་བའི་ཆེད།།
                    རང་ཚུགས་བརྟན་པར་བྱིན་གྱིས་རློབས།།

ཤར་ནུབ་རིག་གཞུང་ལྷུན་པོ་ནས།། 

         འཛད་མེད་ནོར་གྱི་གཏེར་ལོན་ཤོག།།
                 བྱ་སྒྲོ་དཀར་པོའི་སྨྱུག་ཁ་རུ།།
                        འཇའ་ཚོན་སྣ་ལྔའི་ཁ་དོག་སྩོལ།།

དེ་སྐད་གང་གི་གསང་གསུམ་ལ།།

         བསྟོད་མཆོད་སྨྲེང་ཞིང་གསོལ་བ་འདི།།
                 ཀློག་གམ་ཐོས་བསམ་དྲན་པ་དག །
                      རང་དབང་རི་རྩེར་དབང་འབྱོར་ཤོག ། །



15 comments:

  1. སྙན་རྩོམ་འཕྲུལ་གྱི་བུ་མོ་ཡིས། །དབང་པོའི་ཚོགས་དག་མྱོས་པར་བྱས།། རྨད་བྱུང་སྒྱུ་རྩལ་སྨྱུ་གུ་ཡིས།། འཆར་སྣང་རི་མོའི་ཟློས་གར་བསྒྱུར།། ཉན་ན་སྙན་པ་ཚིག་གི་ཆང་། མྱངས་ན་མངར་བ་དོན་གྱི་བཅུད། །བསམ་ན་ཆོས་སྲིད་འཇིག་རྟེན་གཏམ།། ཨེ་མའོ་ལེགས་སོ་སྙན་ངག་མཁན།།

    ReplyDelete
  2. སྙན་ངག་འདི་ཀློག་པ་ཡིན། བཤད་མི་ཤེས་པའི་ཚོར་བ་ཞིག་བྱུང་། སེམས་ནང་ལ་འཆར་སྣང་སྣ་ཚོགས་ཡོང་གི་འདུག ཡིན་ནའང་འདི་རེད་ཅེས་བཤད་མི་ཤེས་པ་འདྲ་བོ་རེད། འགྲེལ་བཤད་ཅིག་བྱུང་ན་ཡག་པོ་འདུག

    ReplyDelete
  3. རྗེ་བཙུན་སྒྲོལ་མ་དེ་དེང་རབས་ཀྱི་འབྲི་སྟངས་ཐོག་ནས་བསྟོད་པ་བྱས་ཤིང་། སེམས་ཐག་ཉེ་པོས་སྐད་ཆ་བཤད་པ་འདི་སྙན་པོ་བྱུང་།

    ReplyDelete
  4. ཞིབ་མོར་ཐེངས་གཉིས་བཀླགས་པ་ཡིན། ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་བསྒྱུར་རྩོམ་ཞིག་བཀླག་པའི་ཚོར་སྣང་བྱིན་སོང་། མུ་མཐུད་ཅིག། ཁྱེད་ཀྱི་བརྩམ་ཆོས་ཀློག་པར་སྤྲོ་བའི་རྨ་དུག་ལྕེས།

    ReplyDelete
  5. ངས་བལྟས་ན། སྙན་ངག་འདི་ལ་སྲོལ་རྒྱུན་གྱི་བསམ་བློ་དང་འབྲི་སྟངས་ཀྱང་ཤུགས་ཆེན་པོ་མཆིས། དཔེར་ན། སྒྲོལ་མའི་སྐུ་དང་གསུང་། ཐུགས་ལ་བསྟོད་པ་བྱས་པར་མ་ཟད། ད་དུང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ། བཤགས་པ་སོགས་ཡན་ལག་བདུན་གྱི་སྒོ་ནས་བཤགས་སྦྱང་བྱེད་སྟངས་དེ་ཚོ་ཡང་དངོས་ཤུགས་སུ་གསལ་འདུག ཡིན་ནའང་དེ་ཚོ་མཚོན་སྟངས་ནི་ཧ་ཅང་ཁྱད་དུ་འཕགས་པ་སྟེ། དཔེར་ན། རིའི་སྒང་ལ་འཛེགས་དུས་ཡང་ཡང་རིལ་བ་དེ་གུས་ཕྱག་ཡིན་པར་བཤད་པ་ལྟ་བུ་རེད། རྒྱུན་རིང་སྙན་ངག་འདི་འདྲ་ཀློག་རྒྱུ་མ་བྱུང་། དེ་རིང་བློ་ཁ་ཚིམ་སོང་།

    ReplyDelete
  6. དངོས་ནས་སྙན་པོ་བྲིས་གནང་འདུག་ བོད་མིའི་སྙིང་གི་ནོར་བུ་འདི་བཞིན་སྨྲེང་གླུ་སྒྲོལ་མའི་གཟུགས་སུ་བཀོད་ནས། རང་དབང་བདེན་ཐོབ་ནུས་པའི་གསོལ་འདེབས་ཞུས་པ་ཞིག་ལ་བསམ་ན་ཆོག་གམ།

    ReplyDelete
  7. སྙན་འཇེབས་སྒྲོལ་མའི་བསྟོད་པ་འདི། །
    ཐེངས་ཤིག་ཀློག་ཀྱང་བློ་མི་ཁེངས། །
    ཡང་ཡང་ཀློག་པའི་བར་གསེང་ནས། །
    སྒྱུ་རྩལ་ཉམས་ཤིག་གསལ་ཞིང་ཐོན། །

    ReplyDelete
  8. ཀོ་པན་བློ་བསྟན་ལགས་དང་། རྨ་དུག་ལྕེས་མཚོན་པའི་མཚན་དངོས་གསལ་བ་དང་མི་གསལ་བ་རྣམ་པ་འདིར་ཕེབས་ཏེ། ངའི་སྙན་ངག་འདི་ལ་དོ་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། སྙན་ངག་འདི་ལ་དམིགས་བསལ་འགྲེལ་བཤད་ཞུ་ཤེས་ཀྱི་མི་འདུག རྨ་དུག་ལྕེས་འདི་ལ་སྒྱུར་རྩོམ་གྱི་དྲི་ཞིག་འདུག་གསུངས་པ་དེའི་རྒྱུ་མཚན་ཤེས་འདོད་ཡོད།

    ReplyDelete
  9. སྙན་ངག་འདི་སྙན་པོ་བྱུང་། ཆོས་ཕྱོགས་ཀྱི་དད་པ་ཡང་འདུག འཇིག་རྟེན་གྱི་བརྩེ་དུང་ཡང་འདུག ད་དུང་རང་དབང་ལྷ་མོའི་ཆེད་དུ། རི་བོར་འཛེགས་པའི་སྙིང་སྟོབས་ཀྱང་འདུག འདི་ལ་འགྲེལ་བཤད་ལྟ་བུ་ཞིག་ཡོད་ན་ཡག་པོ་འདུག དཔེར་ན། ཆོས་ཕྱོགས་ནས་བཤད་པ་དང་། སྲིད་ཕྱོགས་ནས་བཤད་པ། འཇིག་རྟེན་བརྩེ་དུང་གི་ཕྱོགས་ནས་བཤད་པ་ལྟ་བུ། དེ་མིན་མ་འོངས་པར་སྙན་ངག་འདི་ལྟ་བུར། ཚངས་དབྱངས་རྒྱ་མཚོའི་མགུར་ལྟར་འགྲེལ་བཤད་འདྲ་མིན་ཡོང་སྲིད། རྩོམ་པ་པོ་རང་གིས་གཅིག་བྲིས་ན་གསལ་པོ་ཆགས་ངེས་རེད། སྦེལ་ཇམ་ནས་ཕྲན་ལྷག་ཚེས་ཕུལ།

    ReplyDelete
  10. དོན་གླིང་བུ་སོགས་ཕེབས་ཏེ་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། སྙན་ངག་འདི་ལ་འགྲེལ་པ་དགོས་པ་དང་། དེ་ཡང་ཆོས་དང་འཇིག་རྟེན། ཆབ་སྲིད་གསུམ་ཀ་ནས་འགྲེལ་བཤད་དགོས་ཞེས་གསུངས་འདུག་ཀྱང་། སྙན་ངག་འདི་ལ་རང་འགྲེལ་འདྲ་པོ་ཞིག་འབྲི་ཁུལ་བྱས་ན། དཀོན་གཉེར་ཕྱིད་བརྡར་མཁས་དྲགས་ན། གསེར་སྐུ་རགས་ལ་གཏང་ཡོང་ངོ།། ཞེས་པ་ལྟར་ངའི་སྙན་ངག་འདི་གསེར་ཡིན་ཟེར་གྱི་མེད་ཀྱང་། ད་ལྟ་གྲ་འགྲིག་འགྲིག་གོ་རྒྱུ་ཚོར་རྒྱུ་ཡོད་པ་འདི། གོ་མེད་ཚོར་མེད་ཅིག་ཏུ་འགྱུར་ཉེན་འདུག་པས་བཞག

    སྤྱིར་བཏང་ནས། རྩོམ་རབ་ལན་གཅིག་གིས་གོ་ཐུབ་དགོས་པ་དེ་གནད་ཅིག་རེད། དེ་མ་ཡིན་པར་དེ་ལ་རང་འགྲེལ་དང་བསྐྱར་འགྲེལ་དགོས་ན། རྩོམ་དེ་ཞེ་དྲག་ཡག་པོ་མ་བྱུང་བའི་རྟགས་མིན་ནམ། ཐུགས་རྗེ་ཆེ།

    ReplyDelete
  11. རྒན་ལགས།
    སྙན་འཇེབས་ངག་གི་བདུད་རྩི་འདིས།།
    སྙན་དབང་ངག་གི་བདག་པོ་འཕྲོག།
    སྙན་པའི་ངག་ལ་རོལ་བ་ཡིས།།
    སྙན་ངག་ཟབ་མོའི་ཚུལ་འདི་ངོམས།།

    ReplyDelete
  12. ཐུགས་རྗེའི་སྐྱན་གྱིས་སྐྱོང་བའི་ཡུམ་ཆེན་མ།།
    ཉེ་རྒྱང་མེད་པར་འཕྱུན་ལས་གློག་གི་རྡུལ།།
    སྐད་ཅིག་ཕྱོགས་ཀུན་རྒྱུ་བར་ཚེགས་མེད་པའི།།
    ཏཱ་རེའི་ཡུམ་ཆེན་ཁྱེད་ལ་གུས་པས་འདུད།།

    ReplyDelete
  13. ཛམ་གཡུ་སྤེན་ཚེ་སོགས་མཚན་དངོས་གསལ་བ་དང་མི་གསལ་བ་མང་པོས་སྙན་ངག་འདི་ལ་ཐུགས་སྣང་མཛད་པར་ཐུགས་རྗེ་ཆེ།

    འཇིགས་པ་ཀུན་ལས་ཀུན་སྒྲོལ་ཞིང་།།
    འགྲོ་བ་ཡོངས་ལ་ཡོངས་བྱམས་མ།།
    འཕྲིན་ལས་མྱུར་བའི་གློག་གི་འཕྲིན།།
    རབ་མྱུར་རབ་མཛེས་ཡུམ་འདི་རབ།།

    ReplyDelete
  14. དངོས་གནས་ང་ཚོའི་སྒྲོལ་མ་འདི་དང་ཧིན་དྷུའི་ཚོགས་བདག་འདི་དམིགས་གསལ་ཅན་འདུག

    ReplyDelete