2012-07-20

གྲང་འདར།

ཁྱེད་ཀྱི་དབུ་སྐྲ་ལྟ་བུའི་སྤྲིན་པ་དེ་མེད་ན།
གྲང་བསིལ་བསིལ་གྱི་ཆར་པ་འདི་ཡང་བབས་མི་སྲིད།

ཁྱེད་ཀྱི་སེམས་པ་ལྟ་བུའི་ནམ་མཁའ་དེ་མེད་ན།
སྙིང་འདར་འདར་གྱི་ཁ་བ་འདི་ཡང་ཅི་ལ་ཡོང་།


ཡུན་རིང་ཡུན་རིང་ཞིག་ལ། ཐག་རིང་ཐག་རིང་ཞིག་ནས།
ཁྱེད་ཀྱིས་ང་ལ་སྩལ་བ་དེ།
དབྱར་ཁའི་ཚ་བ་རེད་དམ། ཡང་ན་དགུན་གྱི་གྲང་ངད་རེད།

ཁྱེད་ཀྱི་འཇམ་ཤ་ལ་རེག་པར། 

ངས་རྩུབ་རེག་བརྒྱུད་དགོས་ཤིང་།

ཁྱེད་ཀྱི་ཐང་གཤོངས་ཀྱི་མེ་ཏོག་དེ་འཐུ་བར། 

ངས་རི་བོར་འཛེགས་དགོས།

ཨཱ། ཆར་སིམ་སིམ་ཞིག་རི་གཤོངས་སུ་བབས་དུས། ངས་རང་ཉིད་དྲེག་པ་དང་རྔུལ་ནག་གིས་ཚོས་པ་གཞི་ནས་ཚོར་ལ། རང་ཉིད་འཆར་ཡན་གྱི་བྲག་སྐམ་སྒང་ནས། བྱ་རྒོད་བཞིན་ལྡིང་ཆེ་བའང་ཤེས།


སྒང་ནས་བལྟ་དུས། 

མིག་ཆུས་འཚོས་པའི་ངའི་སྙན་ངག་དག 
གཤོངས་ས་མ་གིའི་ཁྱེད་ལ། ཉན་འདོད་པའི་སྒྲུང་མིན་ལ། འདོགས་འདོད་པའི་མེ་ཏོག་གི་ཕྲེང་བ་ཡང་མིན་པ་རྟོགས།

རི་བོ་འདིའི་རྩེ་ན།

ཤིང་སྐམ་འདིའི་འོག་ན།
     སེམས་པ་འདི།   སྙིང་ཁ་འདི།
        མེ་ལྕེ་བརྒྱ་ཕྲག་གིས་བསྲེགས་པ་བཞིན་འཁྱག་བྱུང་།
         འཁྱག་རོམ་དགུ་བརྩེགས་འོག་ལ་ལྷུང་བ་བཞིན་འཚིག་བྱུང།


གཅིག་གི་ཆེད་དུ།

གཉིས་བློས་གཏོང་དགོས་པའི་ཆོས་ཉིད་ཀྱི་གཡུལ་སར།
ང་རང་མགོ་བོ་བསྒུར་རྩིས་མེད།


འོན་ཀྱང་།
ཁྱེད་ཀྱི་དངོས་ཡོད་ཀྱི་འཚོ་གནས་དེའི་ཆེད་དུ།
              ངའི་འཁྲུལ་སྣང་གི་ཚེ་སྲོག་འདི་གཏོང་འདོད་ཡོད།
                 ངའི་སྙན་ངག་གི་གཤོག་པ་འདི་གཅོད་འདོད་ཡོད།

                                    ___གྲང་འདར་རྒྱག་བཞིན་དུ།

15 comments:

  1. ཁྱེད་ཀྱི་
    སྙན་ལྷང་ལྷང་གི་སྙན་ངག་གི་རྦབ་ཆུ་འདི་
    མཐོ་བའི་གངས་རི་ནས་
    དམའ་བའི་རྒྱ་མཚོའི་ནང་དུ་ལྷུང་ཐེངས་རེར་
    ངའི་སེམས་ལ་
    ཤོད་མི་ཐུབ་པའི་ཚོར་བ་ཞིག་དང་
    བརྗོད་པར་དཀའ་བའི་བདེ་བ་ཞིག་སྟེར་ནས་
    དབང་མེད་དུ་ཁྱེད་ཀྱི་སྙན་ངག་ལ་ཡང་ཡང་རོལ་བར་འདོད།

    ReplyDelete
  2. གྲོགས་པོ་དོན་གླིང་བུ་ལགས།

    ཆུང་དུས་ངས་ཀྱང་གཞན་གྱི་སྙན་ངག་ཀློག་བཞིན། སྙན་ངག་པ་ཞིག་བྱེད་འདོད་བཅངས།
    ནར་སོན་རྗེས། སྨྱུ་གུའི་སྐྱ་བ་བཀོལ་བཞིན། སྙན་ངག་གི་མཚོ་གླིང་ན་ཉུལ།

    ཡིན་ནའང་། སྙན་ངག་གི་སྙན་ཆ་ནི་ན་ཟུག་ཡིན་ཞིང་།
    སྙན་ངག་གི་ཉམས་འགྱུར་ནི། མིག་ཆུ་ཡིན་པ་ད་གཟོད་ཤེས།

    ད་ལྟ། འཇིག་རྟེན་གྱི་ཕྱེད་མྱངས་པའི་ངས།
    ངུ་སྒྲས་དགོད་སྒྲ་བསྐྲུན་ཞིང་། སྡུག་བསྔལ་གྱིས་བདེ་སྐྱིད་སྟོན་པའི་རི་ཚོགས་ཀྱི་རྩེ་ནས།
    ང་རང་སྙན་ངག་གི་རི་ལམ་འདི་ན་གོལ་འདུག་སྙམ།

    སྟངས་སྙོམ་དང་དྲང་བདེན། གཞུང་དྲང་དང་བློ་དཀར། ད་དུང་ལྷད་མེད་དང་དྭངས་གཙང་ཟེར་བ་དེ་ཚོ།
    བྱིས་སྒྲུང་ནང་གི་སྐད་ཆ་མ་གཏོགས། དངོས་ཡོད་འཇིག་རྟེན་ན་གོ་ལྡོག་རྐྱང་དུ་སྣང་བས།

    མིག་ཆུའི་རོལ་མོ་འདི་ལ་མ་ཉན།
    སྐྱོ་གདུང་གི་ལམ་ཁ་འདི་ལ་མ་ཡོང་།

    ReplyDelete
  3. ཆུང་ཚེ་རིང་ལགས།

    སྙན་ངག་འདི་ཀློག་པ་ཡིན།
    སེམས་ལ་གྲང་ཟུག་བསླངས་བྱུང་།

    ཁྱེད་ཀྱི་སེམས་ཁམས་ཀྱི་རྩྭ་ཐང་དེ།
    ལུག་ཁྱུ་དང་ལུག་རྫི་མེད་པའི་གྲོགས་མེད་ཁེར་རྐྱང་ཞིག་ཏུ་མ་བསམས།

    ཁྱེད་ཀྱི་མ་མཐོང་བ་མ་གཏོགས། ད་ལྟ་དང་མ་འོངས་པའི་ཀློག་པ་པོ་ཁྲི་མ་འབུམ་གྱིས།
    ཁྱེད་ཀྱི་རྩྭ་ཐང་དེ་ལ་རོལ་བཞིན་པའང་རོལ་ངེས་རེད།
    ཁྱེད་ཀྱི་དཔོག་དཀའ་བའི་སེམས་པ་དེ་ཤེས་ཀྱི་རེད།
    ཁྱེད་ཀྱི་རྨ་ཁ་ཚང་མར་བདུད་རྩིས་བྱུག་གི་རེད། ཁྱེད་རང་ཁེར་རྐྱང་མ་རེད།

    གང་གི་ཆེད་དུའང་། སྙན་ངག་གི་གཤོག་པ་གཅོད་མི་ཉན།
    སུ་ཡི་ཆེད་དུའང་། རྩོམ་རིག་གི་མཚོ་ཁ་སྐམ་མི་ཉན།
    གང་ཡིན་ཟེར་ན། འདི་ནི་མི་རིགས་ཤིག་གི་མདུན་སྐྱོད་དང་འབྲེལ་ཡོད།

    ReplyDelete
  4. བློ་བསྟན་ལགས། ཁྱེད་ཀྱི་དགོངས་འཆར་དང་རྒྱབ་སྐྱོར། སེམས་གསོ་བཅས་ལ་ཐུགས་རྗེ་ཆེ་ཞུ། དེ་མིན་གྱི་གསལ་བཤད་གང་ཡང་མེད། ཐུགས་བློ་མ་ཁེངས་པ་ཡོང་སྲིད་པས། སྔོན་ཚུད་ནས་དགོངས་སེལ་ཞུ།

    ReplyDelete
  5. མཁྱེན་ཡངས་ཆུང་ཚེ་རིང་ལགས། གོ་བདེ་ལ་དོན་གྱིས་ཕྱུགས་ཅིང་དགའ་སྐྱོའི་ཚོར་བ་སྣོ་བའི་ཁྱེད་ཀྱི་སྙན་ངག་དེ་དག་གིས་བདག་གི་སེམས་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་སྦྱིན་གྱི་འདུག་ལ་ཚོར་སྣང་དེ་དག་གི་ཁྲོད་ནས་ངས་སེམས་ཀྱི་བདེ་སྐྱིད་མྱོང་ཐུབ། ངོ་མ། ཁྱེད་ཀྱི་སྙན་ངག་ནི་བྷི་རག་རང་རེད་ཤག དེའི་བྲོ་བ་དང་རོ་མཆོག་བརྙེད་ཚེ་དེ་ཇི་ཙམ་བཏུངས་ཀྱང་ད་དུང་འཐུང་འདོད་པའི་ཚོར་སྣང་ཞིག་ཡོང་གི་འདུག་ལ་འཐུང་བཞིན་འཐུང་བཞིན་རང་ཉིད་དེས་བཟི་བའང་མི་ཚོར། དེ་སྔོན་གུས་པས་དགུ་བཅུ་གསུམ་གྱི་དྲུང་ཟུར་དང་ཆབ་སྲིད་བཙོན་ཟུར་གྲུབ་ཐོབ་སམ་བྱ་དོར་ཕུན་དབང་ལགས་ཀྱི་སྙན་ངག་དེབ་རེ་གཉིས་བཀླགས་མྱོང་། དམིགས་བསལ་གྱི་ཚོར་སྣང་ཞིག་སྦྱིན་བྱུང་། ཁོང་ལའང་སྙན་ངག་འབྲི་བའི་སྨྱུག་རྩལ་མི་འདྲ་བ་ཞིག་ཡོད་པ་འདྲ། ཐུགས་རྗེ་ཆེ། མུ་མཐུད་ནས་རྩོམ་གསར་སྤེལ་རོགས་གནང་། ཁྱེད་ཀྱི་རྩོམ་གསར་སྒུག་ནས་ཡོད།

    བཀྲིས་བདེ་ལེགས།
    ཕྲན་ཡོན་ཏན་རྒྱ་མཚོས།

    ReplyDelete
  6. ངོ་མ་སྙན་པའི་ངག་རང་རེད་འདུག་ འདི་་གཞས་ཚིག་སྙན་པོ་ཞིག་ཆག་ས་རེད། ཧཧ

    ReplyDelete
  7. ཡོན་ཏན་རྒྱ་མཚོ་ལགས་དང་མཚན་མི་གསལ་བའི་ཀློག་པ་པོ་རྣམ་གཉིས་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། བྱ་དོར་ཕུན་ཚོགས་དབང་ཕྱུག་གི་སྙན་ངག་ཁ་ཤས་ཀློག་མྱོང་། ངས་ཀྱང་རྩོམ་རྩལ་ཡག་པོར་མཐོང་གི་ཡོད། ཁོང་གིས་ཀྱང་རྩོམ་རིག་གི་རྒྱུན་མུ་མཐུད་སྐྱོང་བའི་རེ་བ་ཡོད།

    ReplyDelete
  8. དཀོན་མཆོག་མཁྱེན༏དེ་འདྲའི་སྙན་པོ་ཞིག་བྲིས་གནང་འདུག
    ཉིད་ཀྱི་སྙན་ངག་གང་མང་ཀློག་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ༏

    ReplyDelete
  9. དྲྭ་གྲོགས་ལགས། ངས་ཀྱང་ཐེངས་གཅིག་ཀློག ངས་སྙན་ངག་མ་ཤེས་བོད་ཡིག་ཤེས་ཙམ་དབང་གིས་གོ་བ་ཕྱེད་ཙམ་ལོན་པའི་དབང་དུ་བཏང་ན། འཇིག་རྟན་འདི་ན་བློ་ཁ་མ་ཚིམ་པ་ང་གཅིག་བུ་མིན་པ་ཁྱེད་ཀྱང་ཡིན་ལེ་ཆེ། །

    ReplyDelete
  10. དཔེར་ན། ད་ལྟ། འཇིག་རྟེན་གྱི་ཕྱེད་མྱངས་པའི་ངས།
    ངུ་སྒྲས་དགོད་སྒྲ་བསྐྲུན་ཞིང་། སྡུག་བསྔལ་གྱིས་བདེ་སྐྱིད་སྟོན་པའི་རི་ཚོགས་ཀྱི་རྩེ་ནས།
    ང་རང་སྙན་ངག་གི་རི་ལམ་འདི་ན་གོལ་འདུག་སྙམ།

    སྟངས་སྙོམ་དང་དྲང་བདེན། གཞུང་དྲང་དང་བློ་དཀར། ད་དུང་ལྷད་མེད་དང་དྭངས་གཙང་ཟེར་བ་དེ་ཚོ།
    བྱིས་སྒྲུང་ནང་གི་སྐད་ཆ་མ་གཏོགས། དངོས་ཡོད་འཇིག་རྟེན་ན་གོ་ལྡོག་རྐྱང་དུ་སྣང་བས།

    མིག་ཆུའི་རོལ་མོ་འདི་ལ་མ་ཉན།
    སྐྱོ་གདུང་གི་ལམ་ཁ་འདི་ལ་མ་ཡོང་།

    Rep

    ReplyDelete
  11. ཨ་ཤུལ་ཚེ་རིང་སྐྱིད་ལགས་འདིར་ཕེབས་ཏེ་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། འབྱུང་འགྱུར་སྙན་ངག་མུ་མཐུད་འབྲི་འདོད་ཡོད། སྙན་ངག་དང་སྒྲུང་། སྒྱུར་རྩོམ་གྱི་ཆེད་དུ་ངས་བློས་གཏོང་ཆེན་པོ་བྱས་ཡོད།

    ReplyDelete
  12. རྒན་བློ་གྲོས་ལགས། འདིར་ཡང་བསྐྱར་ཕེབས་པར་ཐུགས་རྗེ་ཆེ། ཞིབ་ཏུ་བསམས་ན། འཇིག་རྟེན་འདིར་བློ་ཁ་ཡོངས་སུ་ཁེངས་པའི་མི་གཅིག་ཀྱང་ཡོད་དཀའ་བ་རེད། ཡིན་ནའང་ལྟོས་ས་ལྟོས་ཕྱོགས་ནས་བཤད་ན། ང་རང་ཚོར་རྐྱེན་ངན་ཧ་ཅང་མང་པོ་འཕྲད་ཀྱང་བློ་ཁ་མ་ཁེངས་པའི་གནས་ཚུལ་འབྱུང་ཚད་ཅུང་ཉུང་ཉུང་རེད།

    ReplyDelete
  13. སྙན་ངག་ནི་ངག་གི་སྒྱུ་རྩལ་ཙམ་ཡིན་པས་སྙན་ངག་ལ་རོལ་མྱོང་བྱེད་ན་ངེས་པར་དུ་ཚང་དགོས་པ་ནི་འཚོ་བའི་ཉམས་མྱོང་ཡིན། ཁྱེད་ཀྱི་སྙན་ངག་འདི་བཀླགས་དུས་ཁ་བའི་ཁྲོད་དུ་ཆུ་ཁོལ་བླུགས་པ་འམ་ཡང་ན་ནགས་ཚལ་ཁྲོད་དུ་མེ་ལྕེ་མཆེད་པ་ལྟ་བུའི་ཚོར་བ་ཞིག་གིས་གཙེས་བྱུང་། "སྒང་ནས་བལྟ་དུས།
    མིག་ཆུས་འཚོས་པའི་ངའི་སྙན་ངག་དག
    གཤོངས་ས་མ་གིའི་ཁྱེད་ལ། ཉན་འདོད་པའི་སྒྲུང་མིན་ལ། འདོགས་འདོད་པའི་མེ་ཏོག་གི་ཕྲེང་བ་ཡང་མིན་པ་རྟོགས།" ཚིག་འདི་ནི་ཆེས་གདུག་རྩུབ་ཆེ་ལ་ནུས་པ་ཆེ་བ་ཞིག་སྟེ། ཚིག་འདིའི་ངའི་ཡ་ཆུང་ནང་དུ་འབར་རྫས་ཤིག་གས་གཏོར་བྱས་སོང་། མུ་མཐུད་ནས་སྙན་ངག་རྗེས་མ་དེར་སྒུག་བསྡད་ཡོད། རྨ་དུག་ལྕེས།

    ReplyDelete
  14. རྨ་དུག་ལྕེ་ལགས།

    ངས་ནམ་རྒྱུན་ཚོར་བ་དྲག་པོའི་འོག་ཏུ་རྩོམ་ཡིག་མི་འབྲི་བ་གཙོ་འདོན་བྱེད་བཞིན་ཡོད་ལ། ང་རང་གི་རྩོམ་རིག་ནང་གི་མི་སྣ་ལྟ་ཅི། ཟིལ་པ་གཅིག་ཡིན་ནའང་གཅེས་སྤྲས་བྱེད་ཀྱིན་ཡོད། སྙན་ངག་པ་ལ་ཚིག་གིས་ཕྱུག་ཅེས་མི་ཚོས་ཟེར་ཡང་། ང་ལ་ནི་དེ་ལས་ལྡོག་པ་སྟེ། རང་གིས་བརྗོད་འདོད་པའི་དོན་མང་པོ་ཞིག་ཚིག་གིས་མཚོན་མི་ཐུབ་ཅིང་། ཅུང་ཟད་ཐུབ་པ་དག་ལའང་གཅེས་སྤྲས་བྱེད་དགོས་པས་སོ།།

    དེ་བས་ངའི་རྩོམ་རིག་ནང་གི་མི་སྣ་འཆི་ལམ་དུ་བསྐྱལ་བ་དང་། མིག་མཐའ་བརླན་དུ་འཇུག་པ་ལྟ་བུ་ནི་བདག་གི་འདོད་པ་མིན་མོད། སྐབས་རེ། འདོད་པ་མེད་པའི་ལམ་ལ་འགྲོ་དགོས་པ་འདི་འཇིག་རྟེན་གྱི་གཤིས་སུ་སྣང་།

    ལུང་པ་ཤོར། ཕ་མ་སྤུན་མཆེད་མཇལ་སྐལ་མེད། ད་དུང་བཙོན་འཇུག་དང་ཕྱིར་འབུད། མནར་གཅོད། འབུར་འཇོམས་ཕོག་པའི་སྨྱུག་ཁ་འདི་ནས་འདི་འདྲ་ཞིག་ཐོན་པ་ནི། གནས་སྟངས་ལ་ལྟོས་ན་ཅི་ཡང་མིན།

    ང་རང་སྙན་ངག་གི་ལམ་དུ་ཆས་ཟིན། ཡིན་ནའང་། སུ་ཞིག་གི་ཆེད་དུ་འགྲོ་བཞིན་ཡོད་དམ། ནང་གི་ཚོར་འདུ་སྟོན་ཆེད་ཙམ་མམ། ཡང་ན། དེ་ལས་རྒྱ་ཆེ་བ་དང་ཟབ་པར་སྒྲོག་པ་ཞིག་གི་ཆེད་དུ། དྲི་བ་མང་། ལན་ཉུང་།

    ReplyDelete