ལུས་ལ་ངུར་སྨྲིག་གསོལ་བའི་གྲྭ་བཙུན་ཁྲི་སྟོང་མང་པོས་ཁྲོམ་སྲང་ཁེངས་ནས་ཞལ་འདོན་གྱི་སྒྲ་ལས། བོད་དམག་གི་གཟི་བརྗིད་ཆེ་བའི་དམག་སྦྱོང་གི་སྐད་སྒྲ་དེ་དག་ཐོས་འཛིན་གྱི་ཡུལ་དང་བྲལ་ཞིང༌། བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལྷ་ཁང་དང་དགོན་པས་ལྷ་ས་དང་ལྷ་སའི་ཉེ་འཁོར་ཡོངས་སུ་ཁེངས་ཡོད་པ་ལས་མཁར་རྫོང་དང་འཛིང་རྭ་དེ་དག་འབྱུང་བཞིའི་ཁམས་སུ་བློ་ཕམ་དང་བཅས་ཐིམ་ཟིན་པའམ་ཐིམ་བཞིན་མཆིས། དགོན་པ་དེ་དག་ལ་མཆོད་མཇལ་དུ་འགྲོ་མཁན་བོད་མི་རྣམས་ཀྱིས་ལག་ཏུ་མ་ཎི་འཁོར་ལོ་རེ་དང་ཕྲེང་བ་རེ་བཟུང་ནས་དད་པའི་མིག་ཟུང་ཟུམ་ཟུམ་བྱེད་ཞོར་ཁ་ནས་ཆོས་འདོན་པ་ལས་གང་དུའང་དཔའ་བའི་རྩལ་དང༌། ལ་རྒྱའི་གཏམ་སྨྲ་མཁན་ཤིན་ཏུ་དཀོན། ཁོང་གི་ཐུགས་ལ་འཚབ་ཤ་ཞིག་ཤར་བ་དང་མཉམ་དུ་མྱུར་བར་ཕོ་བྲང་པོ་ཏ་ལའི་ཐེམ་སྐས་འཛེགས།
ཡུན་རིང་གི་ལོ་རྒྱུས་ལྡན་པའི་པོ་ཏཱ་ལའི་ཐེམ་སྐས་ཀྱི་སྟེང་ནས་གངས་ལྗོངས་ཀྱི་སྐྱབས་གནས་བླ་མ་ཞིག་ཞལ་ནས་མ་ཎི་འདོན་ཞོར་ལྷ་ལྡན་དུ་ཕེབས། འོན་ཀྱང་ཁོང་ལྷ་གྲོང་ལ་སླེབས་པ་དང་ཧང་སངས་ཤིང་ཧ་ལས་དགོས་པ་ཞིག་བྱུང་བ་ནི། ལྷ་ཁང་དང་དགོན་སྡེ་ཐ་དག་ཐལ་རྡུལ་དུ་བཏང་ཞིང༌། གྲྭ་བཙུན་ཐམས་ཅད་མཐོང་སར་མེད། ཁོང་གི་སྤྱན་ལམ་དུ་མངའ་བ་ནི། ལུས་ཀྱི་སྤྱོད་ལམ་དང༌། ངག་གི་སྐད་ཆ་ཐམས་ཅད་བོད་དང་མི་མཐུན་པའི་རྒྱ་དམག་ཁྱུ་གཅིག་གོ །དམག་མི་དེ་ཚོས་ཁོང་དང་ཁོང་གི་སྐུ་འཁོར་ཚོ་མཐོང་བ་དང༌། མངའ་བདག། མ་རྩ་རིང་ལུགས་པ། བཀས་བཀོད་རྒྱུད་འཛིན་པ། ཞེས་བསྡིགས་བཞིན་བསམ་ལོང་བྱ་ལོང་མེད་པར་བཙོན་དུ་བརྫངས།
མི་ལོ་བཅུ་ཕྲག་ཁ་ཤས་རིང་བཙོན་ཁང་དུ་གྱུར་པའི་གངས་ལྗོངས་ནས། བོད་ཕྲུག་གཅིག་ཏེ། སྨྱུག་ཐོགས་པ་ཞིག་རང་དབང་གི་འགྱུར་ཁུག་ལ་རེ་ནས་སྐྱབས་བཅོལ་ལ་སོང་། ཁོའི་སེམས་ནང་ལོ་རྒྱུས་ཀྱི་རི་མོ་ཅི་ཡང་གསལ་ཞིང་འབྱུང་འགྱུར་ལ་རེ་བ་ཧ་ཅང་ཆེ། ཁོས་རང་གི་ལས་རོགས་ཚོ་དང་མཉམ་དུ་ཁྲག་གིས་སྣག་ཚ་དང་། རུས་པས་སྨྱུ་གུ་བྱས་ནས་གངས་ལྗོངས་ཀྱི་ལོ་རྒྱུས་ཐོག་ཟིན་ཐོ་གསར་པ་ཞིག་བཏོད། ཁོ་ཚོའི་ཁྲག་དམར་གྱི་རི་མོ་དེ་དག་རིམ་

གོང་གི་རི་མོ་གཉིས་བོད་ཀྱི་ཇ་མངར་མོའི་དྲ་བ་ལས་བླངས། http://www.sweetteahouse.co.uk
ཧཧཧཧ། སྒྲུང་སྣང་པ་དོད་པོ་གཅིག་དང་སེམས་འགྲུལ་ཐེབས་པོ་གཅིག་འདུག
ReplyDeleteདོ་སྣང་གནང་བར་ཐུགས་རྗེ་ཆེ། རྗེས་སུ་སྐུ་ངལ་མེད་ཚེ། རང་མིང་མཉམ་དུ་བཀོད་ན་ཡག་པོ་འདུག
ReplyDeleteཕྲུ་གུར་བསམ་ནས་བྲིས་པ་ལ་ཐུགས་རྗེ་ཆེ།
Deleteཧ་ཧ། གོང་གི་མཆན་འབྲི་མཁན་དེ་དྲན་འཕྲུལ་ཅན་ཞིག་རེད།
ReplyDeleteརྒན་ལགས།
ReplyDeleteརྨི་ལམ་བརྩེགས་མ་འདིའི་བསྟན་བྱ་དངོས་འདི་གང་ཡིན་ནམ། ངས་རྩོམ་ཐུང་འདི་ལན་འགའ་བཀླགས་ཀྱང་རྒན་ལགས་ཀྱི་དགོངས་པ་གང་ཡིན་རྟོགས་མ་སོང་། སྲོང་བཙན་གྱི་རྨི་ལམ་འདིའི་ནང་བཙན་དམག་དེ་དག་ཉམས་དམས་སུ་སོང་བ་རྨིས་སོང་ལ། ནང་ཆོས་བོད་ཀྱི་སྣོད་བཅུད་གཉིས་ཀར་འཐིམས་ཟིན་པའང་རྨིས་སོང་། རྒྱ་དམག་གིས་བོད་ཀྱི་སྣོད་བཅུད་གཉིས་ཀའི་བླང་འཚར་སོང་ལ་བཙན་པོའང་བཙོན་དུ་གཟིམས་སོང་། བོད་ཕྲུག་སྨྱུག་ཐོགས་པ་གཅིག་གིས་འདས་པའི་བྱུང་བའི་ཆེད་དུ་ཁྲག་རྣག་གིས་སྨྱུ་གུའི་ཁ་ལོ་བསྐོར་ནས་གོ་ལ་འདི་ནས་ཞི་བའི་འཐབ་རྩོད་བྱས་སོང་ལ་བོད་སའང་བླང་སོང་། སྲོང་བཙན་གྱིས་མནལ་ལམ་ལས་གངས་ཅན་པའི་གཞོན་ནུར་བསྔགས་བརྗོད་མཛད་སོང་ལ། བལ་བཟར་སྨྱུ་གུའི་ནུས་པ་ནི་གོ་ལག་གི་ནུས་པ་ལས་ཆེས་ཆེ་བ་ཡོད་པའང་ར་སྤྲོད་གནང་སོང་། རྒྱ་བཟའ་ཤར་ཕྱོགས་ཀྱི་ཉི་གཞོན་ལ་བལྟས་ནས་མནོ་བསམ་ཅི་ཞིག་བཏང་ཡོད་དམ། མོ་རང་གི་ཕ་སའི་བདག་དབང་པ་ཚོར་དྲན་བརྡ་ཞིག་བཏང་མེད་དམ། ཡང་ན་སྨོན་ལམ་ཞིག་འདེབས་མེད་དམ། བོད་ལ་སྨན་པའི་མནོ་བསམ་ཞིག་བཏང་ཡོད་དམ། གང་ལྟར་རྩོམ་ཐུང་འདིའི་ནང་དུས་རབས་བདུན་པ་ནས་མ་འོངས་པའི་བོད་གངས་ཅན་གྱི་ལས་དབང་ཆ་ཚང་བཀོད་གནང་འདུག ཨཱོ་་་་་། གཅིག་བྱས་ནས་རྒྱ་བཟས་བོད་གངས་ཅན་པས་རང་ས་བླང་ཚར་བའི་རྗེས་ཀྱི་གནས་ཚུལ་མནོ་བསམ་བཏང་བཞིན་མེད་དམ།
རྩོམ་ཐུང་འདིས་ང་ནི་རྟོགས་འཆར་གྱི་ཞིང་དུ་ལན་ཅིག་སྐྱེ་བ་ལེན་དུ་བཅུག་སོང་།
ཐུགས་རྗེ་ཆེ།
རྩོམ་པ་པོའི་ཀུན་རྟོགས་སྒྱུ་མའི་ཆུ་འཕྲུལ་གྱིས། ཀློག་པ་པོའང་ཆུ་འཕྲུལ་འདིས་བསྐྲུན་པའི་ཞིང་ཁམས་ནང་རྟོགས་འཆར་གྱི་ནང་སྐྱེས་བ་ཞིག་མ་ལེན་ཀ་མེད་བཟོས་སོང་།
ཧ་་་། ཧ་་་་་། ཧ་་་་་་་་་་་་་།
ཛམ་གཡུ་སྤེན་ཚེ་ལགས། རྩོམ་ཡིག་འདི་ལོ་མང་སྔོན་བྲིས་ཏེ། ནོར་འོད་དུས་དེབ་ཐོག་བཀོད་ཡོད། རྩོམ་ཡིག་འདི་འབྲི་སྟངས་མ་འགྲིག་པ་ཡིན་ནམ། ཀློག་མཁན་གྱི་ཀློག་སྟངས་མ་འགྲིག་པ་ཡིན་ངས་གསལ་པོ་ཤེས་མ་སོང་། བོད་པའི་ནང་ནས་འདིའི་སྐོར་ལ་བསམ་ཚུལ་བཤད་མཁན་དེ་སྔོན་གཅིག་ཀྱང་མ་བྱུང་། ཡིན་ནའང་། ཕྱི་རྒྱལ་བ་བོད་ཀྱི་རྩོམ་རིག་ལ་ཉམས་ཞིབ་བྱེད་མཁན་ཞིག་གིས། རྩོམ་ཡིག་འདི་མཐོང་སྟེ་ང་ལ་སྐད་ཆ་འདྲི་བར་སླེབས་བྱུང་།
ReplyDeleteསྒྲུང་གི་རྣམ་པར་བྲིས་པའི་རྩོམ་ཐུང་འདིར་འགྲེལ་བཤད་ཅི་ཡང་མེད།
རྒན་ལགས།
Deleteངས་དེ་རིང་ཡང་བསྐྱར་ཐེངས་གཅིག་བཀླགས་ཡིན། སྒྲུང་འདིའི་སྟེང་དུ་བཤད་མ་ཤེས་པའི་སྣང་ཚུལ་ཞིག་འདུག ངས་ཀྱང་སྣང་ཚུལ་འདི་ཡི་གེར་བཀོད་ཤེས་མ་སོང་། གང་ལྟར་ངོ་མ་ཡ་མཚན་ཆེན་པོ་འདུག ཁྱེད་ཀྱིས་སྒྲུང་ཐུང་འདིའི་རྟོགས་འཆར་གྱི་གཞི་འཛིན་སའམ་ཀུན་རྟོགས་གང་ལ་བལྟས་ནས་སྦྱར་བ་ཡིན་མིན་རགས་བཤད་ཅིག་གནང་ན་འགྲིགས་སམ། སྤྱིར་ང་གཞི་རིམ་སློབ་མ་ཞིག་གི་དུས་སྐབས་ནང་བོད་ཡིག་ནང་ཡོད་པའི་སྐབས་དེའི་སློབ་གྲྭའི་དཔེ་མཛོད་ནང་གི་སྒྲུང་རྩོམ་དང་། སྙན་ངག་སོགས་ཕལ་ཆེར་ཆ་ཚང་བཀླགས་ཉུང་ཡང་། ང་ལ་དེ་ལྟ་བུའི་ཡ་མཚན་ཅན་གྱི་སྣང་བ་ཞིག་སྟེར་མ་མྱོང་། སྨན་གཞུང་སློབ་སྦྱོང་འགོ་བཙུགས་པ་ནས་ང་བརྩམ་སྒྲུང་དང་སྙན་ངག་གཉིས་ཀྱི་ཞིང་ཁམས་ནས་བར་ཐག་རིང་དུ་སོང་བས་མང་པོ་ཞིག་ཀློག་ཁོམས་མ་བྱུང་སྟབས་དེ་ལྟ་བུའི་སྒྲུང་ཞིག་ཡོད་མེད་མ་ཤེས། འོན་ཀྱང་ངས་བཀླགས་མྱོང་བའི་བརྩམ་སྒྲུང་རིང་ཐུང་ཅི་ཡིན་ཡང་དེ་དག་ནང་དེ་ལྟ་བུའི་ཡ་མཚན་ཅན་གྱི་སྣང་ཚུལ་སྤྲད་ཐུབ་པའི་སྒྲུང་ཞིག་ངའི་དྲན་ཐོའི་ནང་མི་འདུག དེ་ཕལ་ཆེར་ཁྱེད་ཀྱི་སྨྱུ་གུའི་མཐུ་རྩལ་དབང་གིས་ཡིན་ཡང་ན་ཁྱེད་ཀྱིས་གསུངས་པ་བཞིན་ཀློག་པ་པོའི་ཀློག་སྟངས་དང་གོ་བ་མཐུ་སྟངས་མ་འགྲིགས་པ་ཡིན་གང་ལྟར་དེ་རིང་ཡང་སྐྱར་རྟོགས་འཆར་གྱི་ཞིང་ཁམས་ནང་དུ་འཚུད་སོང་།
ཧ་་་་ཧ་་་་་ཧ་་་་་ཧ་་་་་་།
ཨཱོ་་་་་་། སྐུ་ཉིད་ནས་ཕྱི་རྒྱལ་བ་དེར་ལན་ཇི་ལྟར་བསྐྱོན་པ་ཡིན་ན།
གསུངས་ན་འགྲིགས་སམ།
གང་ལྟར་སྙན་པོ་དང་ཡ་མཚན་ཅན་གྱི་སྣང་ཚུལ་འདི་ད་དུང་ང་ལ་མཆིས།
ཐུགས་རྗེ་ཆེ།
This comment has been removed by the author.
Deleteསྒྲུང་འདི་འབྲི་དུས། བཙན་བྱོལ་ནང་སྔོན་ཡོད་དུས་དེབ་ཁག་གི་ཐོག་ཏུ། ནོར་གླིང་ནས་ནོར་འོད་སོགས་བཏོན་པས། བཙན་བྱོལ་གྱི་རྩོམ་རིག་ལ་འཕེལ་ཕྱོགས་གསར་པ་ཞིག་འབྱུང་བའི་རེ་བ་ཡོད། དེ་འདྲའི་འཆར་སྣང་ཞིག་གི་འོག་ནས་བྲིས་པ་རེད། འདིའི་སྒྲོམ་གཞིའི་ནང་རྨི་ལམ་གྱི་ནང་དུ་རྨི་ལམ་བརྩེགས་ཏེ། བོད་ཀྱི་འདས་པ་དང་ད་ལྟ། མ་འོངས་པ་བཅས་ཀྱི་རྨི་ལམ་དང་རྨི་ལམ་ལྟ་བུའི་འགྱུར་བ་དེ་ཚོ་མཚོན་ཐབས་བྱས་ཁུལ་ཡིན།
ReplyDelete