2012-11-16

སྐར་མ་རབ་རིབ།


མིག་གི་ཟུར་དེ་གསལ་ཡང་རྒྱང་ཐག་རིང་།།
ལུས་ཀྱི་དྲི་དེ་འཐུལ་ཡང་རེག་ཐབས་བྲལ།།
འཛུམ་གྱི་ཁ་ནས་ཁོག་གི་གཏིང་མ་མཐོང་།།
ང་ཡི་ཤེས་རབ་མིག་ཟུང་ལོང་བར་གྱུར།།

སྐར་མདའ་འཁྱུག་པའི་འཛུམ་མདངས་ཡུད་ཙམ་དེས།
སྤྲིན་ནག་འཁྲིག་པའི་མཐའ་ཞིག་ཡོང་བ་མཚོན།།
སྐྲ་ལོའི་འདབ་མས་མིག་ཟུང་སྒྲིབ་བཞིན་དུ།།
ཁྱེད་ལ་ཅེར་ཚེ་ཁྱེད་རང་རབ་རིབ་རེད།།

སྙིང་གི་བརྩེ་བ་རླུང་ཁྲོད་མར་མེ་སྟེ།།
ཇི་ཙམ་བསྲུངས་ཀྱང་ཉེན་ཁའི་གྲི་དངོར་མཆིས།།
ཆང་ཞིག་འཐུང་བཞིན་གློག་བརྙན་བལྟས་ན་ཡང་།།
མཐོང་ཞིང་ཐོས་པ་ཕྱི་ཡི་རླུང་འཚུབ་ཙམ།།

མེ་ཏོག་མེ་མདའ་མེ་ལྕེ་མེ་ལོང་རྣམས།།
གཅིག་གི་རྗེས་སུ་གཅིག་ཡོང་སྙིང་ལ་གཙེ།།
སྐོམ་པས་མནར་བའི་ཤ་བས་ཆུ་བཏུང་རྗེས།།
ཕྱི་མིག་མི་བལྟ་འགྱིངས་སྟབས་ལ་མོ་བརྒལ།།

སྙིང་མེད་སྙིང་བྲལ་ཟློས་གར་ལ་བལྟ་བཞིན།།
སེམས་ཀྱི་གཏིང་ནས་དགོད་རྒྱུའི་གཏམ་ཞིག་བརྙེས།།
ལག་ཟུང་མུན་པའི་ནང་དུ་བསྲིངས་པ་ན།།
སྒྱུ་མའི་འཁྱག་གོང་དག་ལས་གཞན་མ་ཐོབ།།

ཁ་སང་བཞད་པའི་མེ་ཏོག་དེ་རིང་རྙིད།།
དེ་རིང་བཏབ་པའི་མྱུ་གུ་སང་ཉིན་འཚར།།
སྙིང་གི་མལ་སར་ཉལ་བའི་ཁྱེད་ཀྱི་གདོང་།།
ནམ་ཡང་འཇིག་པ་མེད་འདི་གཤིས་དང་འགལ།།

སེར་གའི་འཛུམ་མིག་གཡོ་བའི་རྐང་པ་ཟུང་།།
མིག་ཆུའི་ཟིལ་པ་ཅན་གྱི་རྩྭ་སྟེང་སྤོས།།
མེ་ལྟར་ཚ་བའི་གྲང་བའི་རེག་བྱ་དེས།།
ཡུན་རིང་འཁྱགས་པའི་སྙིང་ལ་མེ་ཞིག་སྤར།།

ཡར་འགྲོ་མར་འགྲོའི་མེ་འཁོར་བབས་ཚུགས་ནས།།
རྫོགས་མཐའ་མེད་པའི་ཆུ་ཡི་ཝུ་བ་མཐོང་།།
རང་གི་སེམས་པས་རང་ལ་བལྟས་པ་ན།།
གསེར་ཡང་མིང་ལས་དོན་དུ་རྡོ་རུ་སྣང་།།

སྦྲང་རྩི་ལྟ་བུའི་དུག་ལ་རོལ་བའི་རྗེས།།
རང་གི་སྲོག་འདི་སྲ་ཚད་མཐོ་བར་ཤེས།།
ཁྱེད་རང་སྐྱོ་བའི་སྐྱོ་གཏམ་ཐོས་ཙམ་ནས།།
རང་གི་སྙིང་འདི་ཧ་ཅང་སྙི་བར་རྟོགས།།

ཆུ་མོའི་གཞུང་ལ་འགྲོ་བའི་གྲུ་གཟིངས་འདི།།
མི་ཚེའི་འགྲུལ་བཞུད་མཚོན་པའི་རྨི་ལམ་རེད།།
སྐྱིད་སྡུག་འདྲེས་མའི་མཚོ་འདི་བརྒལ་བ་ན།།
ད་དུང་བརྒལ་རྒྱུའི་རྒྱ་མཚོ་གཞན་ཞིག་ཡོད།།

ཁ་སང་དམ་བཅའི་རི་མོ་བྲིས་པ་དེ།།
དེ་རིང་དགོད་ཁ་སློང་བའི་གཏམ་དུ་སྣང་།།
སྣང་བ་སྒྱུ་མ་སྒྱུ་མ་རྨི་ལམ་ངང་།།
ངང་ཕྲུག་མཚོ་ནང་རྨས་འདི་སྙིང་ལ་གཟན།།

ཡ་གིའི་སྤྲིན་པ་དཀར་པོ་ནག་པོར་གྱུར།།
མ་གིའི་ནིའུ་སིང་ལྗང་ཁུ་བྱེ་མའི་ཐང་།།
ད་དུང་བློ་ཐག་མ་ཆོད་ཤ་བ་ང་།།
ཕ་གིའི་གངས་ཁྲོད་དེ་ལ་འཆི་དགོས་སམ།། །།



4 comments:

  1. བྲག་གཞིས་བུ།November 17, 2012 at 10:33 AM

    ཉི་མ་ལྷ་སའི་སྐྱིད་ཆུ་སྔོན་མོ་དེ།།
    ཕུགས་བསམ་རླབས་ཕྲེང་མཁའ་རུ་འཕྱོ་བཞུད།།
    བྱ་སྒྲོ་དཀར་པོའི་སྐྱལ་བའི་ཀོ་གྲུ་དེ།།
    རྒྱ་མཚོའི་མཐའ་ནས་སྐྱིད་ཆུའི་ཕྱོགས་སུ་ཕེབས།།

    ReplyDelete
  2. སྐྱིད་ཆུའི་གཞུང་ལ་ལུས་པའི་ཞེན་པ་དེ།།
    པོ་ཏ་ལ་ཡི་རྒྱ་ཕིབས་སེར་པོ་ཡིན།།
    ཉི་འོད་གངས་ཆར་རླུང་གིས་རྒོལ་ན་ཡང་།།
    སྙིང་གའི་གསེར་འོད་འགྱུར་བ་སྲིད་མ་ཡིན།།

    བྱ་སྒྲོ་དཀར་པོ་རླུང་གིས་འཁྱེར་བཞིན་འཁྱམས།།
    བྱ་རྒན་རྒོད་པོ་རྒས་བཞིན་ཚང་ཁྱིམ་དྲན།།
    བྱ་གཞག་ཐམས་ཅད་སྒྲུབ་སྙམ་མེད་ན་ཡང་།།
    བྱ་བ་ཁ་ཤས་ཕ་ཡུལ་ཆེད་དུ་བསྒྲུབསས།།

    ཡ་གིའི་གནམ་ལ་བལྟས་ན་མཐའ་མི་འདུག །
    མ་གིའི་ས་ལ་བལྟས་ན་བཀག་རྒྱ་མང་།།
    བྱ་སྒྲོ་དཀར་པོར་ཡི་ཆད་མང་ན་ཡང་།།
    ངག་གི་བདུད་རྩི་ཇེ་མངར་ཇེ་མངར་རེད།།

    ReplyDelete
  3. བཀའ་དྲིན་ཆེ། སྙན་པོ་བྱུང་།

    ReplyDelete
  4. སྙན་དངགས་དེ་སྙན་ཅིང་དོན་ཟབ་ལ། །
    རྩོམ་རྩལ་དེ་བཟང་ཞིང་ཡིད་ལ་འཐད། །

    ReplyDelete