2013-06-20

བརྟན་སྐྱོད།



རྩོམ་ཡིག་འདི་ཕྲུ་གུ་ཚོའི་ཆེད་དུ་ལོ་བཅུ་གྲངས་གོང་བྲིས་པ་ཞིག་ཡིན་ཞིང་། དེ་རིང་བཟོ་བཅོས་ཕྲན་བུ་བྱས་ཡོད།

༄༅།། ལོ་ངོ་བརྒྱ་ཙམ་གྱི་སྔོན་དུ་མི་རྣམས་སྣུམ་འཁོར་ནང་སྐྱོད་སྐབས་ཀྱི་གནས་སྟངས་གང་འདྲ་ཞིག་ཡོད་མེད་སྐོར་ལ་ཁྱེད་ཀྱིས་བསམ་གཞིགས་གནང་མྱོང་ངམ། དེ་དུས་སྣུམ་འཁོར་ནང་འཛུལ་དེ་སྐྱོད་སྐབས་མི་ཚོར་སྤྲོ་སྣང་གསར་པ་ཞིག་འབྱུང་གི་ཡོད་ལ། དེ་དང་མཉམ་དུ་ཞེད་སྣང་ཡང་ཆེན་པོ་ཡོང་གི་ཡོད། དེ་དུས་ལམ་ཁ་མང་ཆེ་བ་ཁོད་མི་སྙོམ་ཞིང་གུ་དོག་པོ་ཡིན་ལ་སྟེགས་ཆིངས་(Seat belt)མེད་སྟབས། ལམ་ངན་རེ་ཐུག་པ་དང་སྣུམ་འཁོར་གྱི་འཁྲུག་ཧ་ཅང་ཆེ་བས་རྐུབ་སྟེགས་ཐོག་སྡོད་རྒྱུའང་ལས་སླ་པོ་ཞིག་མིན།
           དེ་དུས་སྣུམ་འཁོར་གྱི་ཁ་འགོག་བྱེད་(Brake)ཀྱང་དེང་དུས་ནང་བཞིན་ཡག་པོ་མེད་ལ། རླུང་འགོག་ཤེལ་སྒོར་(Windshields)འཕྱིས་བྱེད་(Wiper)མེད་སྟབས་གངས་དང་ཆར་པ་བབས་སྐབས་ཁ་ལོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེ་དུས་བརྟན་ཆ་ཅན་གྱི་ཤེལ་སྒོ་(Safety glass)དང༌། རླུང་ཕད་(Airbag)མེད་སྟབས་འགྲིམ་འགྲུལ་ལས་འཛོལ་ཆུང་ངུ་ཞིག་གིས་ཀྱང་ཁ་ལོ་བ་དང༌། འགྲུལ་མི་ཚོར་གནོད་སྐྱོན་ཚབས་ཆེན་བཟོ་ཡི་ཡོད།

སྟབས་ལེགས་པ་ཞིག་ལ་སྣུམ་འཁོར་ནང་འགྲུལ་སྐྱོད་བྱེད་མཁན་ཇེ་མང་དུ་སོང་བ་དང་སྟབས་བསྟུན། འགྲུལ་སྐྱོད་བརྟན་པོར་བྱེད་ཐུབ་པའི་ཆེད་དུ་ལེགས་བཅོས་བྱེད་དགོས་པ་མང་པོ་མཐོང་སྟེ་ད་ཆ་འགྱུར་བ་ཆེན་པོ་ཕྱིན་ཡོད།

སྣུམ་འཁོར་མྱུར་པོར་བསྐྱོད་པའི་སྐབས་སུ་མི་ཚོས་ཐལ་བ་དང༌། རླུང༌། འབུ་ཕྲ་སོགས་འགོག་ཐུབ་པའི་ཤེལ་སྒོ་དགོས་གལ་མཐོང་བ་ལྟར་སྣུམ་འཁོར་ལ་རླུང་འགོག་ཤེལ་སྒོ་བསྒར། རླུང་འགོག་ཤེལ་སྒོས་རླུང་དང་ཐལ་རྡུལ་སོགས་འགོག་ཐུབ་པའི་ཕན་འབྲས་ཆེན་པོ་བྱུང་ཡང༌། སྣུམ་འཁོར་གདོང་ཐུག་གི་རྐྱེན་ངན་འཕྲད་སྐབས། ཆག་ཧྲུག་སོང་བའི་ཤེལ་སྒོས་མི་ཚོར་རྨས་སྐྱོན་ཆེན་པོ་བཟོ་བའི་ཚབས་ཆེའི་དཀའ་ངལ་གྱི་སྣ་འདྲེན་ཡང་དེས་བྱེད་ཀྱི་ཡོད། དེར་བརྟེན་བརྟན་ཆ་ཅན་གྱི་ཤེལ་སྒོའི་དགོས་མཁོ་བྱུང་བ་རེད། བརྟན་ཆ་ཅན་གྱི་ཤེལ་སྒོར་བང་རིམ་མམ་བརྩེགས་རིམ་གསུམ་ཡོད་པས། ཤེལ་སྒོར་ཆག་སྐྱོན་འབྱུང་སྐབས་ཆག་ཧྲུག་རྣམས་བང་རིམ་བར་པ་དེར་ཐུག་སྟེ་འཐོར་གྱི་མེད།

སྣུམ་འཁོར་ལ་བརྟན་ཆ་ཅན་གྱི་རླུང་འགོག་ཤེལ་སྒོ་བྱུང་ཡང༌། ཆར་པ་དང་གངས་བབས་སྐབས་ཁ་ལོ་པས་མདུན་ཕྱོགས་རྣམས་ཡག་པོ་མཐོང་ཐུབ་ཀྱི་མེད་སྟབས་དཀའ་ངལ་འཕྲད་ཀྱི་ཡོད་པས། ཤེལ་སྒོ་ཕྱིས་བྱེད་ཀྱི་དགོས་མཁོ་བྱུང་བ་རེད། ཨ་ལ་བྷ་
མ་(Alabama)ནས་ཡིན་པའི་མའི་རའི་ ཨན་དྷར་སོན་ (Mary Anderson)ཞེས་པས་ནིའུ་ཡོག་གྲོང་ཁྱེར་གྱི་སྲང་ལམ་ནང་གི་སྣུམ་འཁོར་ཁ་ལོ་བས་སྣུམ་འཁོར་ཡང་ཡང་བཀག་སྟེ་མདུན་ངོས་ཀྱི་ཤེལ་སྒོའི་སྟེང་བབས་པའི་གངས་ཡང་ཡང་འཕྱིད་པ་མཐོང་བས་རྐྱེན་བྱས་ཏེ། ཤེལ་སྒོ་འཕྱིད་བྱེད་ཅིག་གསར་བཟོ་བྱ་རྒྱུའི་ཁྲིམས་ལུགས་ཀྱི་དབང་ཆ་ཞུས་ཏེ། འཆར་འགོད་བྱས་པ་རེད། ཁོང་གི་གསར་གཏོད་བྱས་པའི་ཤེལ་སྒོ་ཕྱིས་བྱེད་དེ་ནི་སྣུམ་འཁོར་ནང་ངོས་ཀྱི་འདེགས་འཇའ་(Lever)ཞིག་ལ་བརྟེན་ནས་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་པ་རེད།

ཨི་ཝར་ཌི་ ཇེ་ ཁེ་ལག་ཧོ་རོན་(Edward J. Claghorn)གྱིས་ཕྱི་ལོ་ ༡༨༨༥ ལོར་འགྲུལ་མི་རྣམས་སྣུམ་འཁོར་ལ་འཁྲུག་རྐྱེན་བྱུང་སྐབས་བརྡབ་སྐྱོན་མི་འབྱུང་བའི་ཆེད་དུ་བརྟན་ཆ་ཅན
་གྱི་སྐེ་རགས་ཤིག་གསར་གཏོད་བྱ་རྒྱུར་ཁྲིམས་ཐོག་ནས་ཁེ་དབང་ཞུས་ཤིང༌། ཁོང་གིས་བཟོས་པའི་སྐེ་རགས་དེ་ཉིད་ཕྱི་ལོ་ ༡༩༥༨ ལོར་སུད་ཌན་གྱི་ནིལ་ བྷོ་ལིན་ཞེས་པས་པུང་པར་གོན་བྱེད་ཀྱི་འཆིངས་ཐག་ཏུ་ཡར་རྒྱས་བཏང་བ་རེད།

དེང་སྐབས་སྣུམ་འཁོར་ཆུང་གྲས་ཕལ་མོ་ཆེའི་ནང་བེད་སྤྱོད་བྱེད་པའི་རླུང་ཕད་ནི་ཕྱི་ལོ་ ༡༩༦༠ པའི་ནང་གསར་གཏོད་བྱས་ཤིང༌། སྣུམ་འཁོར་བརྡབ་སྐྱོན་བྱུང་སྐབས་རླུང་ཕད་དེ་ཉིད་རང་བཞིན་གྱིས་རླུང་གིས་ཁེངས་ཏེ་ཚུར་དོན་ཡོང་ནས་ཁ་ལོ་བའི་མགོ་བོ་མདུན་ཕྱོགས་དང་ཤེལ་སྒོར་བརྡུང་ཁ་ཐེབས་པ་ལས་འགོག་སྲུང་བྱེད་ཐུབ་ཀྱི་ཡོད་པ་རེད།

ལམ་ཁ་ལ་ཆུ་དང་འདམ་བག་ཡོད་སྐབས་སྣུམ་འཁོར་སྐྱོད་མཚམས་འཇོག་པ་དང༌། ཁ་ལོ་བསྒྱུར་རྒྱུ་གང་ལའང་དཀའ་ངལ་ཆེ་སྟབས། ད་ཆ་བརྟན་ཆ་ཅན་གྱི་འགྱིག་འཁོར་ཡང་གསར་གཏོད་བྱས་ཡོད། འགྱིག་གི་འཁོར་ལོ་འདི་ཉིད་ཞེང་ཁ་ཆེ་ལ་དཀྱིལ་ངོས་སུ་གཏིང་ཟབ་པའི་ཤུར་ཁ་ཡོད་སྟབས། སྣུམ་འཁོར་སྐྱོད་སྐབས་འཁོར་ལོའི་མདུན་ངོས་ཀྱི་ཆུ་རྣམས་ཤུར་ཁའི་ནང་བཙན་བཅུར་བྱེད་པ་དང་འབྲེལ་གཞོགས་གཡས་གཡོན་ལ་གཏོར་གྱི་ཡོད་སྟབས། དེ་ལ་བརྟེན་ནས་འཁོར་ལོ་སྐྱོད་སར་འཕྲལ་སེལ་རིང་ཆུ་དང་འདམ་བག་མེད་པ་ཆགས་ཀྱི་ཡོད་པ་རེད།

ཉེ་བའི་ཆར། ཁ་ལོ་པས་སྣུམ་འཁོར་གྱི་མདུན་ངོས་གསལ་པོར་མཐོང་ཐུབ་པའི་ཆེད་དུ། མདུན་ལྗོངས་སྟོན་ཆས་ཤིག་མདུན་ངོས་ཀྱི་ཤེལ་སྒོའི་གཤམ་དུ་སྒྲིག་སྦྱོར་བྱེད་ཐུབ་ཡོད་ལ། གང་ཞིག་དང་སྣུམ་འཁོར་གདོང་ཐུག་བྱེད་ལ་ཉེ་སྐབས། རང་འགུལ་ངང་ཁ་ལོ་པར་ཉེན་བརྡ་གཏོང་ཐུབ་པའི་ཡོ་ཆས་ཀྱང་བཟོས་ཡོད། དེ་མིན་འཁོར་སྐར་བརྒྱུད་དེ་རང་ཉིད་ད་ལྟ་གང་དུ་ཡོད་པ་དང༌། རང་ཉིད་ཀྱི་སྐྱོད་ཡུལ་ས་གནས་སུ་ལམ་གང་ཞིག་བརྒྱུད་ན་འགོག་རྐྱེན་མེད་པར་དུས་ཚོད་ཐུང་ཤོས་ནང་སླེབས་ཐུབ་པའི་བརྡ་སྟོན་དང༌། ལམ་ཁ། ས་བཀྲ་བཅས་སྟོན་ཆས་སྒྲིག་སྦྱོར་བྱེད་ཐུབ་ཡོད་དོ།། །།

1 comment:

  1. རྩོམ་འདི་ཕྲུ་གུ་ཙམ་མ་ཡིན་པར་ང་ཚོས་ཀྱང་ཤེས་ཐུབ་རྒྱུ་མང་པོ་ཞིག་འདུག་པས་བཀའ་དྲིན་ཆེ།
    Airbag ལ་“རླུང་ཕད་”གསུངས་པར་སྣང་བ་འགྲོ་བོ་བྱུང་།

    Customer ལ་བོད་སྐད་མིང་སྤྱི་ལ་ཁྱབ་པ་ཞིག་བསྒྱུར་རྒྱུ་ཡོད་རེད་དམ། དཔེར་ན། ཟ་ཁང་། ཚོང་ཁང་། ཞབས་བྲོ་ཁང་། མགྲོན་ཁང་། ཨར་ཁང་སོགས་ཡོངས་ལ་ཁྱབ་པའི་མིང་ཚིག་ཅིག
    ཐུགས་རྗེ་ཆེ།

    ReplyDelete