2013-06-30

ཞོ་འཚོང་མཁན།།

The Curd Seller

མ་སེ་ཐི་ ཝན་ཀ་ཐེ་ས་ ཨི་ཡན་གྷར་(Maasthi Venkatesa Iyengar)གྱིས་བརྩམས། ཆུང་ཚེ་རིང་གིས་བསྒྱུར།

༈ མན་གྷམ་མ་ཡིས་ང་ཚོའི་ཁྱིམ་ལ་འཆར་ཅན་དུ་ཞོ་མཁོ་སྤྲོད་བྱས་ཏེ་ལོ་ཤས་འགྲོ་ཡི་ཡོད། ང་ཚོའི་བར་གྱི་ཚོང་འབྲེལ་དེ་ནི་བྷེང་ལོང་གྲོང་ཁྱེར་གྱི་དམིགས་བསལ་ཁྱད་ཆོས་ཤིག་རེད། ས་གནས་
གཞན་དུ་ཞོ་འཚོང་མཁན་གྱིས་ཁྱེད་ཀྱི་དགོས་མཁོའི་ཞོ་རྣམས་ཉིན་ནས་ཉིན་བསྟུད་དེ་མཁོ་སྤྲོད་བྱེད་པ་དང༌། དེའི་རིན་འབབ་རྣམས་ཟླ་མཇུག་ལ་ལེན་པ་རེད། འདིར་མཁོ་སྤྲོད་དང་རིན་འབབ་རྩིས་རྒྱག་གཉིས་ཉིན་གཅིག་ལ་བྱེད་པའི་ཐོག ཁྱེད་རང་གིས་ཉིན་ལྟར་ངེས་པར་དུ་ཞོ་ངེས་ཅན་ཞིག་ཉོ་དགོས་པའི་འཆིང་རྒྱ་དེ་མེད། མན་གྷམ་མ་ང་ཚོའི་སྡོད་ཁུལ་ནས་ག་དུས་སོང་ནའང་། ང་ཚོར་མོ་རང་གི་ཞོ་རྩེ་གྲ་དེ་དགོས་མིན་འདྲི་ཡི་རེད། ང་ཚོར་དགོས་མཁོ་ཡོད་ན་ཉོས་ཏེ་སྐབས་དེའི་ཡུལ་ཐང་ངམ། ཡང་ན་གོང་ཚད་འཕར་ཆག་མཐའ་མ་དེ་གཞི་བཟུང་རིན་པ་ཉིན་དེ་རང་ངམ་དེའི་ཕྱི་ཉིན་སྤྲོད་ཀྱི་ཡོད།

མོའི་གྲོང་གསེབ་ནི་ཡུལ་ཨ་ཝ་ལུར་དང་ཐག་ཉེ་པོ་ཡིན་ཞིང༌། གྲོང་གསེབ་དེའི་མིང་ལ་ཡང་སྙིང་ག་རེ་ཟེར་མིན་ངས་བརྗེད་འདུག །ཕལ་ཆེར་ཝན་ཀ་པཱུར་རམ་དེ་དང་འདྲ་བ་ཞིག་ཡིན་ས་ཡོད། མན་གྷམ་མ་གྲོང་བརྡལ་ལ་འགྲོ་སྐབས་ང་ཚོའི་སྡོད་ཁུལ་བརྒྱུད་དགོས་ཤིང་། ནམ་རྒྱུན་ངས་སྐད་ཆ་ཡག་པོ་བཤད་པའི་དབང་གིས་ཡིན་པ་འདྲ། མོ་གྲོང་བརྡལ་དུ་འགྲོ་སྐབས་སམ་ནང་ལ་ལོག་པའི་ལམ་བར་དུ་ང་སྡོད་ཁང་དུ་འགྲོ་མཚམས་བཞག་གི་རེད། དེ་འདྲའི་སྐབས་སུ་མོ་རང་ངའི་སྒོ་རྭའི་ནང་དུ་བསྡད་དེ། མོ་རང་ལ་པན་སུ་པ་རི་(ཤིང་ལོ་ཁྱད་པར་བ་ཞིག་དང་མཉམ་དུ་ཁ་ནང་དུ་ལྡད་བྱའི་རྡོ་ཐའི་རིགས་ཤིག །འདི་རྒྱ་གར་ནང་དར་ཆེ།  སྒྱུར་མཆན།)ཡོད་ན་དེ་ལྡད་པའམ་མེད་ན་ང་ཚོར་སློང་སྟེ་ལྡད་ཞོར་ང་ཚོ་དང་གླེང་མོལ་བྱེད་ཀྱི་རེད། དེ་ལྟར་ངལ་གསོས་ནས་ཅུང་བསྡད་རྗེས་མོ་རང་གི་གྲོང་གསེབ་ཏུ་བསྐྱོད་ཀྱི་རེད། ང་ལ་དུས་ཚོད་ཡོད་སྐབས་མོས་ང་ལ་མོ་རང་གི་ཁྱིམ་ཚང་གི་སྐྱིད་སྡུག་རྣམས་བརྗོད་ངེས་པའི་ཐོག །ང་ལའང་ངའི་དཀའ་ངལ་བརྗོད་དང་ཟེར། ངས་དཀའ་ངལ་ག་རེ་མོ་ལ་བརྗོད་དགོས་སམ། དཀོན་མཆོག་གི་ཐུགས་རྗེས་ང་ལ་མ་འགྲིག་པ་གང་ཡང་མི་འདུག །དེར་བརྟེན་ངས་བརྗོད་འོས་པའི་གནས་ཚུལ་སྡུག་ཤོས་ནི། ཞི་མི་འོངས་ནས་འོ་མ་བཏུངས་པའམ། ཙི་ཙིས་མཚན་མོ་ག་གོན་བཟས་པ་ཙམ་རེད། ངས་མོ་ལ་གནས་ཚུལ་དེའི་རིགས་བརྗོད་སྐབས། མན་གྷམ་མ་ཡིས། ཀྱེ་མ། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད་ཅེས་བརྗོད་ངེས་ཐོག །མོ་རང་གི་ཉམས་མྱོང་དང་འབྲེལ་ནས་སློབ་སྟོན་བྱེད་ངེས་རེད། དེ་འདྲ་བྱས་ཏེ་ང་དང་མན་གྷམ་མ་གཉིས་ཧ་ཅང་འདྲིས་གཤིབས་ཟབ་པའི་ངོ་ཤེས་སུ་གྱུར།
ཟླ་བ་གཅིག་ཙམ་སོང་བའི་ཉིན་གཅིག་མན་གྷམ་མ་ཡོང་ནས་ནམ་རྒྱུན་བཞིན་ང་ཚོར་ཞོ་དགོས་མིན་སྐད་འབོད་བྱས་ཏེ་འདྲི་ཡི་འདུག །དེ་དུས་ང་ཁྱིམ་གྱི་སྦུག་ཏུ་ཡོད། ངའི་བུ་ཆུང་ཆུང་གིས། ལགས་འོང༌། ང་ཚོར་ཞོ་དགོས་ཞེས་ཟེར་ཞོར་ལག་པ་བརྐྱངས་ཏེ། ཞོ་སྟེར་དང་ཟེར་བས། མན་གྷམ་མ་མར་བསྡད་དེ་ཞོ་གར་མ་སྤུས་ལེགས་ཤིག་བཏོན་ནས་བུ་ཆུང་གི་ལག་པའི་ནང་ལ་བླུགས་ཏེ། ཨ་མ་ལགས་ལ་མགྱོགས་པོར་ཕེབས་ཞུས་དང༌། ང་འགྲོ་དགོས་ཡོད༌ཅེས་ཟེར། སྐབས་དེར་ང་ཕྱི་ལ་ཐོན་པས། མན་གྷམ་མས། ཨམ་མའི་ཡ། ཁྱེད་ལ་ཕྲུ་གུ་གསེར་འདྲ་བ་ཞིག་འདུག །ཁྱེད་རང་ཡག་པའི་ཐོག་ལ་ཁྱེད་རང་གི་ཕྲུ་གུ་འདི་ཡག་ཐོག་ཡག་བརྩེགས་རེད། ཡིན་ནའང༌། ཨམ་མའི་ཡ། འདི་དག་ལ་བེད་སྤྱོད་ག་རེ་ཡོད་རེད། མཐའ་མ་ཁོ་འཚར་ལོངས་བྱུང་དུས། བུད་མེད་ཅིག་ཁེར་བུར་ཡོང་ནས་ཁོའི་བདག་པོ་བྱེད་ཀྱི་རེད། ཨ་མ། ཨ་མ་ཞེས་སྙན་ཞིང་འཇེབས་པར་བརྗོད་མུས་ཀྱི་བུ་འདིས། དུས་དེར་ཨ་མ་འཆི་གསོན་གང་བྱུང་ལའང་བལྟ་ཡི་མ་རེད་ཅེས་ཟེར།
དེ་ལ་ངས་མན་གྷམ་མ། ཁྱེད་ལ་གནས་ཚུལ་ཞིག་བྱུང་བ་འདྲ་པོ་འདུག །ཁྱེད་ཀྱི་ཕྲུ་གུས་ཁྱེད་ལ་དངོས་ནས་གུས་བརྩིའི་ངང་ནས་ཞབས་ཕྱི་ཞུ་ཡི་འདུག་གམ་ཞེས་དྲིས་པ་ཡིན།
ཁོང་གིས། ཨོ། ངས་རེ་བ་བཅངས་པ་ཚང་མ་སོ་སོ་གླེན་པ་ཡིན་ཙང་རེད་བསམ་གྱི་འདུག །ངའི་ཁྱོ་གས་ང་དོར་བྱུང༌། ངའི་ཕྲུ་གུར་ཡང་དེ་ལས་ལྷག་པའི་རེ་བ་བྱེད་ས་མི་འདུག །ཅེས་ཟེར།
ངས། གང་ཡིན་ནམ། མན་གྷམ་མ། ངའི་བསམ་པར་ཁྱེད་རང་སོ་སོའི་ཁྱོ་ག་དང་མཉམ་དུ་སྐྱིད་པོ་ཡོད་ཤག་རེད་བསམ་བྱུང༌། ཞེས་སྨྲས།
ཁོང་གིས། ཁྱེད་རང་གཟིགས་དང༌། ཨམ་མའི་ཡ། ངས་སཱ་རི་(རྒྱ་གར་གྱི་བུད་མེད་ཚོས་སྟོད་དུ་དཀྲི་བྱེད་ཅིག་སྟེ། ཚོས་གཞི་མ་གཏོགས་སྤྱོད་སྟངས་ནི་བོད་ཀྱི་གྲྭ་བཙུན་ཚོའི་གཟན་དང་འདྲ། སྒྱུར་མཁན་གྱི་མཆན་)ལེགས་པོ་གྱོན་རྒྱུ་དང༌། མཛེས་ཉམས་འདོན་རྒྱུར་དང་འདོད་རྩ་བ་ནས་བྱེད་མ་མྱོང༌། བུད་མེད་གཞན་པ་ཞིག་གིས་དེ་ལྟར་བྱས་ཏེ་ངའི་ཁྱོ་ག་ངའི་འགྲམ་ནས་འཕྲོགས་སོང༌། ངས་དམོད་བཤུང་ཙམ་ཡང་མེད་པར་བཟོད་སྒོམ་བྱ་རྒྱུ་དེ་ལེགས་ཤོས་རེད་སྙམ་བྱུང༌། ངས་ཁོ་ལ་ཁོ་རང་ལ་ག་དུས་ལོག་འདོད་བྱུང་ནའང་ལོག་ཆོག་པའི་ཁྱིམ་ཚང་ཞིག་དང་བཟའ་ཟླ་ཞིག་ཡོད་པའི་ཚོར་སྣང་སྐྱེ་རུ་བཅུག་པ་ཡིན། ཨམ་མའི་ཡ། ངས་འཁང་ར་ག་ལ་བྱེད་འོས། མི་ཚོས་ང་ཚོས་ཞོ་དང་འོ་མ་འཚོང་མི་འོས། དེ་ཚོ་བདུད་རྩི་རེད་ཟེར། ངས་བདུད་རྩི་བཙོང་སྟེ་ལས་ངན་བསགས་པས་ངན་འབྲས་སྨིན་པ་རེད། །ངའི་ཁྱོ་ག་ཤོར་སོང༌། དེ་ནི་ངའི་ལས་རེད། ཡིན་ནའང་གཟིགས་དང༌། ཨམ་མའི་ཡ། ཁྱེད་རང་ངེས་པར་དུ་གཟབ་གཟབ་གནང་དགོས། ཁྱེད་རང་གི་སྐུ་ཟླ་ཁྱིམ་ལ་ལོག་ཕེབས་དུས་སཱ་རི་སྙིང་རྗེ་མོ་དེ་འདྲ་གྱོན་དགོས། སྐྱེས་པ་ཚོ་ནི་བརྟན་པོ་མེད་པ་ཞིག་ཡིན་པས། ཁྱེད་རང་གིས་སཱ་རིའམ་འོག་འཇུག་མཛེས་པོས་ཁོང་ཚོའི་བློ་འབྲིད་དགོས། མེ་ཏོག་དང་ཆུ་དྲི་ཞིམ་གྱིས་ཁྱེད་རང་ཡིད་དབང་འཕྲོག་པ་ཞིག་བཟོ་དགོས་ཞེས་བརྗོད་དེ་ངས་གྱོན་པའི་སཱ་རི་ལ་བལྟ་བཞིན་མགོ་བོ་གཡུག་གིན་དུ། འདི་ཁྱེད་རང་གཅིག་པུར་ནང་ལས་གནང་དུས་གྱོན་ན་འགྲིག་རུང༌། དགོང་དྲོ་ཁྱེད་རང་གིས་འདི་ངེས་པར་དུ་བརྗེས་ནས་སྙིང་རྗེ་མོ་ཞིག་གྱོན་དགོས་ཟེར།
ང་གད་མོ་ཤོར་བྱུང༌། བཤད་སྟངས་འདི་ནི་འགྲིག་པ་ཞིག་ལོས་ཡིན་ཡང༌། མོས་ལོ་ངོ་མང་པོ་ཞིག་སྡུག་བསྔལ་གྱི་ནང་དུ་བསྐྱལ་ཏེ་ཤེས་བྱ་འདི་འདྲ་ཞིག་ཤེས་པར་སྙིང་རྗེ་ཡང་སྐྱེས། ངས། མན་གྷམ་མ། ཁྱེད་རང་གིས་བཤད་པ་ལྟར་རེད་ཅེས་བརྗོད་པ་ཡིན།
དེ་ནས་ཁོང་གིས་གཟིགས་དང༌། ཨམ་མའི་ཡ། སྐྱེས་པ་རྣམས་རང་རེར་དངོས་གནས་དབང་བ་ལ་ཐབས་ལམ་བཞི་ཡོད་རེད། མི་ཁག་ཅིག་གིས་ཁྱེད་རང་ལ་རྩ་བའམ་ཡལ་གའི་འདིའམ་དེ་ལ་དོ་དམ་བྱེད་དགོས་བརྗོད་སྲིད། ཁྱེད་ཀྱིས་དེ་དག་ཞུགས་འབུལ་བྱེད་སར་འཁྱེར་ནས་ཐད་ཀར་དོར་ཅིག །བསླབ་བྱ་དེའི་རིགས་ལ་གསན་མི་འོས། ཟས་གང་ཞིམ་བཟོས་ཏེ་ཁོང་གི་ཞལ་ལ་ཕུལ། ཁྱིམ་ཚང་ནང་རང་ལ་དཀའ་ལས་བྱུང་མིན་ལ་མ་ལྟོས་པར་གོས་ལེགས་པར་གྱོན་ལ་བཞིན་འཛུམ་དང་བཅས་ཁོང་གི་སྤྱན་ལ་འགྲོ་པོ་ཞིག་བཟོས། རང་ལ་དགོས་མཁོའི་མཁོ་ཆས་རྣམས་ལྡང་ངེས་ཉོས་ཏེ་ཁོང་ལ་ཡང་ཡང་སུན་པོ་བཟོ་མ་དགོས་པ་གནང་། དངུལ་པད་ཤག་ཏོག་ཙམ་ཟུར་དུ་བསགས་ཏེ་ཁོང་གིས་དགོས་གསུང་སྐབས་རུ་པཱི་(ཧིན་སྒོར་)གཅིག་གཉིས་རེ་སྤྲོད། འདི་དག་ནི་དགོས་གལ་ཡོད་པའི་རྩ་བ་དང་ཡན་ལག་རྣམས་རེད། བུད་མེད་ཅིག་གིས་འདི་དག་ལག་ལེན་དུ་བསྟར་ན། བུད་མེད་དེའི་ཁྱོ་གས་ཁོང་གི་རྗེས་སུ་ཁྱི་བཞིན་དུ་འབྲངས་ངེས་རེད། འདི་དག་བརྗེད་ན། ཁོའི་བསམ་བློ་གཞན་གྱི་ཐོག་ཏུ་གཡེང་བའི་འགོ་ཚུགས་ཀྱི་རེད་ཅེས་ཟེར།
ངས་ཁོང་ལ་ག་ལེར་ཕེབས་ཞེས་ལག་གཡུག་བྱེད་ཞོར་སེམས་ནང་འདི་ནི་བུད་མེད་ཅི་འདྲའི་བློ་གྲོས་དང་ལྡན་པ་ཞིག་རེད་ཨང་དྲན།
གཟའ་འཁོར་གཉིས་ཙམ་སོང་རྗེས་ཀྱི་ཞོགས་པ་ཞིག་ལ་ཁོང་གདོང་ལ་སྐྱོ་སྣང་དང་བཅས་ཏེ་སླེབས་བྱུང༌། ངས། མན་གྷམ་མ། གནས་ཚུལ་ག་རེ་བྱུང་སོང་ངམ་ཞེས་དྲིས།
ཁོང་གིས། དེ་བཤད་ནས་ག་རེ་བྱེད། སྐྱིད་རྒྱུ་གང་ཡང་མི་འདུག །ཨམ་མའི་ཡ། ང་མི་སུ་གཅིག་ལའང་དགོས་ཀྱི་མེད་པ་འདྲ་ཞེས་མོ་རང་གི་སཱ་རི་ཡི་སྣེས་མིག་ཕྱིད་བཞིན་དེ་ལྟར་ཟེར།
ག་རེ་བྱུང་སོང༌། ཁྱེད་རང་གི་བུ་དང་ཁ་རྩོད་ཤོར་བྱུང་ངམ།
ཁ་རྩོད་ཀྱིས་རྒྱག་སོང༌། ཨམ་མའི་ཡ། ངས་ཁྱེད་ལ་བཤད་པའི་ངའི་ཚ་བོ་ཆུང་ཆུང་དེས་གཅིག་བྱས་སྟབས། ཁོའི་ཨ་མས་ཉེས་བརྡུང་བཏང་སོང༌། ངས་མ་བཟོད་པར། བྱོལ་སོང་ཁྱོད། བདུད་མོ་ནང་བཞིན་ཕྲུ་གུ་བརྡུང་ནས་ཞེས་བཤད་པ་ཡིན། མོས་ང་ལ་གདོང་པགས་མཐུག་པོས་བལྟ་བཞིན། ཤུགས་དྲག་ཆེན་པོས་ཚིག་ངན་བརྗོད་བྱུང༌། དེར་བརྟེན་ངས་སྐད་ཆ་འདི་འདྲ་ཁྱེད་རང་གི་ཁྱོ་ག་བཙའ་མཁན་ང་ལ་བེད་སྤྱོད་གཏོང་འོས་པ་རེད་དམ། ཁྱོད་ཀྱི་ཁྱོ་ག་ཁོ་ཁྱིམ་དུ་ཡོང་དུ་ཆུགས་དང༌། ཁོས་འདིའི་སྐོར་ལ་གཅིག་བརྗོད་ངེས་རེད་ཅེས་བརྗོད་པ་ཡིན། ཁོ་ཁྱིམ་ལ་བསླེབས་པ་དང་ངས་གནས་ཚུལ་ག་རེ་བྱུང་མིན་བཤད་པ་ཡིན། དེ་ཡང་ངས། མོས་བུ་གཅེས་པོ་སྟོབས་མེད་འདིར་སྙིང་བརྗེ་བྲལ་བའི་ངང་རྡུང་གི་འདུག །ངས་དེ་བཀག་འགོག་བྱེད་སྐབས། མོས་ང་ལ་རྩུབ་སྤྱོད་ཀྱིས་ཚིག་ངན་བརྗོད་བྱུང༌། ཁྱེད་རང་གིས་མོ་ལ་བསླབ་བྱ་ཞིག་བྱ་ཐུབ་པ་མི་འདུག་གམ་ཞེས་བརྗོད་སྐབས་མོས་བར་མཚམས་བཅད་དེ། ང་ལ་བསླབ་བྱ་བརྒྱག་རྒྱུ་ཨེ། ང་ལ་རང་གི་ཕྲུ་གུར་བཀོད་པ་ཤོད་རྒྱུའི་དབང་ཆ་ཙམ་ཡང་མེད་དམ། ཁྱེད་ཀྱིས་རང་གི་ཕྲུ་གུ་སྐྱེས་པ་ཇི་བཞིན་དུ་ངས་ཀྱང་ཕྲུ་གུ་འདི་སྐྱེས་པ་མ་རེད་དམ་ཞེས་ཟེར།
རེད། མོ་ནི་ཁོའི་བཟའ་ཟླ་རེད། ང་ནི་ཁོའི་ཨ་མ་ཙམ་རེད། མོས་ཁོ་ངའི་ཕྱོགས་ལ་ཁ་ལོ་ཇི་ལྟར་བསྒྱུར་བསྒྱུར་ཡིན་རུང་ངས་ནི་གང་ཡང་བྱེད་མི་ཐུབ། ཁོས་ཨ་མ་ལགས། ག་རེ་བྱས་ནའང་མོ་རང་གི་ཕྲུ་གུ་རེད། ཁྱེད་རང་གིས་ཐེ་གཏོགས་གནང་ནས་ཅི་བྱེད། གལ་ཏེ་ཁྱེད་རང་ལ་ངེས་པར་བཀོད་པ་ཤོད་ཡུལ་ཞིག་འབོད་དགོས་བྱུང་ན། ང་འདིར་ཡོད་ཅེས་ཟེར།
ད་འོ་ན། ཁྱེད་རང་གིས་བྱས་ན་ངས་ནོར་བ་རེད་དམ།
ངས་ནོར་བ་དང་འགྲིགས་པ་གང་ཡིན་ཤེས་ཀྱི་མེད། ཡིན་ནའང༌། ཁྱེད་རང་གིས་མོ་ལ་རང་གི་ཕྲུ་གུར་ཉེས་པ་གཏོང་རྒྱུའི་དབང་ཆ་ཡོད་པ་ངོས་ལེན་མི་བྱེད་པ་གནང་་མི་རུང༌།
ངས་མཐོང་སོང༌། ཁྱེད་རང་རྦད་དེ་མོའི་མཐེ་བོང་གི་བཀོད་བྱུས་འོག་ལ་འདུག །མོས་མོ་རང་གི་ཕྲུ་གུ་བརྡུང་ངེས་པ་དང༌། ངའི་ཐོག་ལ་ཚིག་ངན་གྱི་ཕུང་པོ་སྤུངས་སྲིད། འོན་ཀྱང་འདི་དག་ཐམས་ཅད་ཁྱོད་ལ་མཚོན་ན་འགྲིགས་པ་རེད། སང་ཉིན་མོས་ཁྱེད་རང་ལ་ང་ཕྱི་ལ་དབྱུང་ཞེས་བརྗོད་སྲིད་ཅིང༌། ཁྱོད་ཀྱིས་དེ་བཞིན་དུ་བྱས་ནའང་ང་ཡ་མཚན་ས་མ་རེད།
རེད། ཨ་མ་ལགས། ཁྱེད་རང་གིས་ང་ལ་ག་རེ་བྱེད་འཇུག་རྩིས་ཡོད་དམ། གཅིག་བྱས་ན་ཁྱེད་རང་གིས་ངའི་བཟའ་ཟླ་འདིར་བསྡད་ན་ཁྱེད་རང་འདིར་སྡོད་རྒྱུ་མིན་པ་དང༌། ཁྱེད་རང་འདིར་བསྡད་ན་མོ་འདིར་འཇོག་གི་མིན་ཞེས་བརྗོད་མདོག་ཁ་པོ་རེད། གལ་ཏེ་ངས་གདམ་ག་བྱེད་དགོས་ཀྱི་ཡོད་ན། ་་་རེད། མོ་ནི་རོགས་མེད་མགོན་མེད་ཅིག་རེད།་་་
འོ་ན་ང་རོགས་མེད་མགོན་མེད་ཅིག་མ་རེད་དམ། ང་ལ་སུས་བལྟ་སྐྱོང་བྱེད་ཀྱི་རེད་དམ།
ཁྱེད་ལ་ཐམས་ཅད་ཡོད་རེད། ཁྱེད་ལ་རང་གིས་བསགས་པའི་དངུལ་ཡོད་རེད། ཁྱེད་རང་ལ་སྒོ་ཟོག་སེམས་ཅན་ཡོད་རེད། དེར་བརྟེན་ཁྱེད་རང་ང་ལ་བརྟེན་དགོས་ཀྱི་མེད།
དེས་ན། ཁྱེད་རང་གིས་ང་ཁྱིམ་ཚང་ལོགས་སུ་ཟིན་ཟེར་གྱི་ཡོད་དམ།
དེ་ནི་ཁྱེད་ཀྱི་འདོད་པ་རེད། གལ་ཏེ་ཁྱེད་རང་གིས་ལོགས་སུ་སྡོད་ཀྱི་ཡིན་ཞེས་ཨུ་ཚུགས་བྱས་ན། ངས་མ་སྡོད་ཅེས་བརྗོད་ཀྱི་མིན། ང་འཐབ་རྩོད་འདིས་རྦད་དེ་བརྒྱགས་སོང༌།
དེ་གས་རྦད་དེ་ཆོག་སོང༌། དེ་རིང་ཕྱི་དྲོ་ནས་ང་ཁྱེད་དང་ལོགས་སུ་སྡོད་ཀྱི་ཡིན། ཁྱེད་དང་ཁྱེད་ཀྱི་བཟའ་ཟླ་སྐྱིད་པོ་ཡོང་བར་ཤོག ། ངས་སྐད་ཆ་དེ་བཤད་དེ་ཞོ་འཁྱེར་ནས་ཡོང་བ་ཡིན།
མན་གྷམ་མས་རང་གི་སྒྲུང་དེ་བཤད་ཚར་རྗེས་དབང་མེད་དུ་ངུ་ཤོར་སོང༌། ངས་ཁོང་ལ་སེམས་གསོ་གང་ཐུབ་པ་དེ་བྱས་པ་ཡིན། དེ་ཡང་ངས། མན་གྷམ་མ། དེ་ཚོ་གཏིང་བརྗེད་དུ་ཐོངས། ངས་ཁྱེད་རང་ཁྱིམ་དུ་ལོག་ནས་ཁོང་ཚོ་དང་མཉམ་དུ་སྔོན་མ་བཞིན་སྡོད་ངེས་ཡིན་པ་ཤེས་ཀྱི་འདུག །དེ་ལྟར་བྱས་ན་ཁོང་ཚོས་ཀྱང་གུ་བཤང་ཡོང་གི་རེད།
ཕྱི་ཉིན་མོ་རང་སྔོན་མ་ཇི་བཞིན་དགའ་ཉམས་མེད་ནའང་ཅུང་དྲག་ཏུ་སོང་བའི་རྣམ་པ་མངོན་གྱི་འདུག །ངས་མོ་ལ་རང་གི་བུ་དང་ཞི་མཐུན་བྱུང་ཡོད་མེད་དྲིས་པས། མོས། ཞི་མཐུན་ཟེར་རམ ཁྱེད་ཀྱིས་ངའི་མནའ་མ་དེས་མ་བུ་གཉིས་འབྲེལ་བ་ཡག་པོ་ཞིག་གི་ཐོག་འཇོག་གི་རེད་དགོངས་ཀྱི་འདུག་གམ། ང་ཁ་ས་ཁྱིམ་ལ་ལོག་སྐབས། མོས་ངའི་ཁོག་མ་དང་སླ་ང་རྣམས་ཟུར་དུ་བཞག་འདུག་པར་མ་ཟད། ར་ཇི་(སྲན་རིགས་ཤིག སྒྱུར་མཆན་)ས་རྫའི་སྣོད་གང་དང༌། དེ་མིན་འབྲས་གང༌། ཚྭ་ཕྲན་བུ་སོགས་ཟུར་བཅད་བྱས་ནས་བཞག་འདུག །མོ་དང་མོ་རང་གི་ཁྱོ་ག་གཉིས་ཟས་ཟོས་ཟིན་ནས་མོས་གང་ལའང་སྣང་མེད་ངང་གདན་གྱི་ཐོག་རྐང་བརྐྱངས་ལག་བརྐྱངས་ཀྱིས་འཕྲེད་བསྙེ་བྱས་ཏེ་བསྡད་འདུག །ཁོང་གཉིས་ནི་ཆེད་མངགས་ང་ལ་ཕྱི་ལ་སྐྲོད་ཆེད་སྙད་འདོགས་ས་ཞིག་འཚོལ་བའི་ཆེད་དུ་བསྒུགས་པ་མངོན་གསལ་དོད་པོ་རེད་འདུག་པས། ངས་ཀྱང་ཁོང་ཚོར་དགོས་པ་དེ་མཁོ་སྤྲོད་བྱས་པ་ཡིན། ངས་ཁོང་ཚོར་རྡུང་ཁ་རྒྱག་དགོས་དོན་མི་འདུག །ད་ཆ་ང་རང་རང་འཚོ་བྱས་ཏེ་བསྡད་ཡོད། ཁྱེད་ཀྱིས་གཟིགས་དང༌། ཨམ་མའི་ཡ། ཁོང་གཉིས་ང་དང་ཅི་འདྲའི་ཐག་རིང་པོ་ཆགས་མི་འདུག་གམ། ནམ་རྒྱུན་ང་ཕྱི་ལ་མ་ཐོན་གོང་ཉིན་ལྟར་ཕྲུ་གུ་དེར་ཞོ་ཕྲན་བུ་རེ་སྟེར་གྱི་ཡོད། འོན་ཀྱང་དེ་རིང་དུས་ཚོད་དེ་ཏག་ཏག་ལ་མོས་ཕྲུ་གུ་དེ་འཁྲིད་ཕྱིན་འདུག །དེ་ནི་མོས་ང་མོ་རང་གི་ཕྲུ་གུར་སྐད་ཆ་ཤོད་འཇུག་འདོད་མེད་པ་གསལ་པོ་རེད། ཅེས་ཟེར།
ང་ནི་རྒྱུ་ཆུང་ཆུང་ཞིག་གིས་མཐའ་མ་རྐྱེན་ཆེན་པོ་འདི་འདྲ་ཞིག་བཟོས་པར་ཡ་མཚན་སྐྱེས་བྱུང༌། འོན་ཀྱང་དེའི་ཐོག་ངས་བྱེད་ཐུབ་པ་གང་ཡང་མེད་པ་ནི་ཨ་ཅང་ཅང༌། ངས་འཆར་ཅན་གྱི་སེམས་གསོ་ཁ་ཤས་བྱས་རྗེས་མོ་ཕར་བཏང་བ་ཡིན།
དེའི་རྗེས་ཀྱི་ཉིན་གཉིས་གསུམ་རིང་མན་གྷམ་མས་གནས་ཚུལ་འདི་ཡར་བསྐྱར་གླེང་མ་བྱུང༌། ངས་མོ་རང་ལོགས་སུ་སྡོད་ཀྱི་ཡོད་ཤག་བྱས་པ་ཡིན། དེ་ནས་ཉིན་གཅིག་མོས་ངས་གྱོན་པའི་སྤུ་མའི་སྟོད་གོས་ལ་རིན་གོང་ག་ཚོད་ཡིན་མིན་དྲིས་བྱུང་བས་ངས་
མན་གྷམ་མ། འདི་ལ་དགའ་ཞེན་སྐྱེ་དོན་ག་རེ་ཡིན་ནམ། ཞེས་དྲིས་པ་ཡིན།
ཁོང་གིས་ད་ལྟ་བར་དུ་ངས་ངའི་བུ་དང་ཚ་བོའི་ཆེད་དུ་དངུལ་བསགས་པ་ཡིན། ད་ཆ་ངས་དེ་ལྟར་མུ་མཐུད་བྱེད་པར་སྙིང་པོ་གང་ཡང་མཐོང་མ་སོང༌། དེར་བརྟེན་ངའི་བསམ་པར་ང་རང་ལ་སྤུ་མའི་སྟོད་གོས་ཤིག་ཉོ་དགོས་བསམ་གྱི་འདུག་ཅེས་ཟེར།
མོ་ཕྱིན་སོང༌། ཕར་ཁྱིམ་དུ་ལོག་ཞོར་སྟོད་གོས་དེ་ཉོས་པ་འདྲ། ཕྱི་ཉིན་མོ་ཡོང་སྐབས་སྟོད་གོས་དེ་གྱོན་འདུག ། ཁོང་གིས་ཨམ་མའི་ཡ། ཁྱེད་ཀྱིས་གཟིགས་དང༌། གོས་འདི་མཆོར་དྲགས་པར་མངོན་གྱི་འདུག་གམ། ང་ལ་ཁྱོ་ག་ཡོད་དུས་ངས་སཱ་རི་ལེགས་པ་ཞིག་ཀྱང་རྩ་བ་ནས་ཉོས་མེད། ཁོང་བུད་མེད་གཞན་པ་ཞིག་གི་རྗེས་ལ་ཕྱིན་སོང༌། ངས་དངུལ་རྣམས་རང་གི་བུའི་ཆེད་དུ་བསགས་པ་ཡིན། ཡིན་ནའང་ཁོས་ང་ལ་ལན་ག་རེ་འཇལ་ཡོད་མེད་ཁྱེད་ཀྱིས་མཁྱེན་མཁྱེན་པ་རེད། ད་ཆ་ངས་སྤུ་མའི་སྟོད་གོས་ཤིག་འཕྱར་ངོམ་བྱེད་ཀྱི་ཡོད་པ་རེད་ཅེས་ཟེར།
ངའི་བསམ་པར་སོ་སོའི་བུའི་བྱེད་སྟངས་ཀྱིས་ཧོན་འཐོར་བའི་མོའི་སེམས་པ་ད་དུང་ལྷིང་འཇགས་མི་འདུག །ཞེན་ཆགས་ཆེན་པོ་ཡོད་ས་ཞིག་གིས་དེ་འདྲ་བྱས་ན་སྐབས་རེ་དེ་འདྲའི་ཤུགས་རྐྱེན་ཡོང་གི་རེད་སྙམ། འོན་ཀྱང་ངས་གང་ཡང་མ་བཤད།
སྤུ་མའི་སྟོད་གོས་ཀྱི་སྒྲུང་དེ་དེ་ཙམ་ལ་མཇུག་བསྒྲིལ་མ་སོང༌། དེས་གྲོང་གསེབ་ནང་གི་མི་ཁ་ཤས་ཁ་རྩོད་བསླངས་སོང༌། གྲོང་གསེབ་དེའི་ནང་གི་བུ་ཞིག་གྲོང་ཁྱེར་བྷེང་ལོར་ལ་སློབ་སྦྱོང་བྱ་ཡི་ཡོད་ཅིང༌། ཁོ་ནི་སྐེ་འཆིང་དང༌། ཟུར་གསུམ་ཅན་གྱི་གོང་བ་སོགས་གྱོན་གོས་ཆ་ཚང་ནུབ་ཕྱོགས་པའི་ཤུགས་རྐྱེན་ཅན་ཞིག་ཡིན་ཞིང༌། ཁོས་མན་གྷམ་མ་མཐོང་སྐབས། རྩེད་མཚར་ངང་ནས། མན་གྷམ་མ། ད་དུས་ཆེན་དམིགས་བསལ་ག་རེ་རེད། ངས་ཟེར་ན་སྤུ་མའི་སྟོད་གོས་་་་ཞེས་སྨྲས།
མན་གྷམ་མ་ཤིན་ཏུ་ཁྲོས་ཏེ། ཐོ་ཅོ་ཅན་གྱི་ན་གཞོན་ཁྱོད། །དམར་དམར་ལྕེ་ལ་བདག་པོ་རྒྱག་གི་མིན་ནམ། ཁྱོད་རང་གིས་སྐེ་ལ་གྱོན་པ་དེས་རང་སྐེ་རང་གིས་བསྡམས་ཀྱི་ཡོད་ན། ངའི་སྤུ་མའི་སྟོད་གོས་ལ་ཅིའི་ཕྱིར་ངན་སེམས་ཀྱིས་འཕྱ་དམོད་བྱེད། ཅེས་ཚིག་ངན་སྨྲས་པས། མི་མང་པོ་འདུས་ཤིང་མོས་རྩོད་གཞི་རྒྱ་སྐྱེད་ཚུལ་ལ་གད་མོ་ཆེན་པོ་ཤོར།
གནས་ཚུལ་འདི་ང་ལ་སྐབས་འཕྲལ་ཕྱི་ཉིན་བརྗོད་བྱུང་ཞིང༌། མནའ་མས་མན་གྷམ་མ་ཡིས་ཐོས་སར་གནས་ཚུལ་དེར་རང་བཟོའི་འགྲེལ་བརྗོད་བྱས་ཏེ། མོས་རང་གི་ཁྱིམ་མཚེས་ལ། ངའི་ཟླ་བོའི་ཨ་མས་ང་ལ་འོག་འཇུག་གཅིག་ཀྱང་ཉོ་མ་མྱོང་རུང༌། ད་ཆ་མོ་རང་གི་བྱེད་སྟངས་ཁྱེད་ཀྱིས་གཟིགས་བྱུང་ངམ། ཞེས་བརྗོད། རང་གི་བུ་གཉེན་སྒྲིག་བྱེད་སྐབས། མན་གྷམ་མས་མནའ་མར་སྐེ་རྒྱན་དང༌། རྣ་རྒྱན། གདུ་བུ། འཕྱང་འཕྲུལ་སོགས་སྤྲོད་མྱོང་ཡོད་པར་མ་ཟད། ལོ་ལྟར་ཁོང་གིས་མོ་ལ་རྒྱན་ཆ་ཁ་ཤས་སམ་དངོས་པོ་གཞན་ཉོ་ཡི་ཡོད་མོད། ད་ཆ་མནའ་མས་དེ་དག་ཡོངས་རྫོགས་བརྗེད་ཟིན་པ་རེད།
མན་གྷམ་མས་ཐེངས་དང་པོ་དང་གཉིས་པར་མོའི་རྒྱབ་བཤད་ལ་དོ་སྣང་མ་བྱས་རུང༌། དེ་ནས་མ་བཟོད་པར་རང་གི་བུའི་སར་སོང་སྟེ། ཁྱེད་རང་གི་སྐྱེ་སྨན་གྱིས་ངའི་སྤུ་མའི་སྟོད་གོས་ལ་ངན་བཤད་བྱས་པར་མ་ཟད། ངས་མོ་ལ་ལག་རྟགས་ཅི་ཡང་སྤྲོད་མ་མྱོང་བའི་སྐོར་བརྗོད་འདུག །ངས་མོ་ལ་ལག་གདུབ་དང༌། སྐེ་རྒྱན། རྣ་རྒྱན་བཅས་སྟེར་མྱོང་མེད་དམ། ཞེས་བཤད་པར། བུས་གང་ཡང་མ་བཤད་གོང་ནས་ཁོའི་སྐྱེ་སྨན་གྱིས་ཧབ་བཤད་བྱས་པར། ངས་བལྟས་ན། ཡུག་བཟའ་རྒན་མོ་འདི་རྣ་རྒྱན་དང༌། གདུ་བུ་གོན་འདོད་པ་འདྲ། མོ་རང་གིས་དེ་དག་འཁྱེར་ཏེ་འཕྱར་ངོམ་བྱས་ན་འགྲིག་ཅེས་བཤད།
དེ་ལ་ཁྱོ་གས་བུད་མེད་སྐད་ཆ་མ་མང་ཞེས་ཁ་རྡུང་སྟངས་སྙོམ་དུ་གཏོང་བའི་རྣམ་པས་བཤད་ཅིང༌། དེ་ནས་རང་གི་ཨ་མར་ཁ་ཕྱོགས་ཏེ། ཨ་མ། ང་ཁ་རྩོད་འདི་ཚོས་རྦད་དེ་རྒྱགས་སོང༌། གལ་ཏེ་ཁྱེད་ཀྱིས་ངའི་བཟའ་ཟླར་བྱིན་པའི་རྒྱན་ཆ་དེ་དག་ཁྱེད་ལ་དགོས་ཚེ། ཁྱེད་ཀྱིས་དེ་དག་ཕར་བླངས་ན་འགྲིག་གི་རེད། ཅེས་བཤད་འདུག །
མན་གྷམ་མས་ང་ཐུག་སྐབས། ཁྱེད་རང་གིས་གཟིགས་ཀྱི་འདུག་གམ་ཨམ་མའི་ཡ། ཁོས་རང་གི་བཟའ་ཟླར། ཁྱིམ་མཚེས་ཚོར་ངའི་སྐོར་ལ་ངན་ལབ་བྱ་རྒྱུ་མཚམས་འཇོག་དགོས་པའི་སྐོར་གང་ཡང་མ་བཤད་པར། ང་ནོར་བར་བརྩིས་ཏེ་རྒྱན་ཆ་སྤྲད་བྱུང༌། ང་མི་ཚེ་འདིར་ཡིད་ཐང་ཆད་སོང༌། ཞེས་འགྲེལ་བཤད་བྱས།
ང་ནི་མོ་ལ་གདུང་སེམས་ཆེན་པོ་སྐྱེས་བྱུང༌། མོ་རྒད་མོ་ཞིག་ཡིན་ཁར་བུ་དེ་ནི་མོ་རང་གི་ཕྲུ་གུ་གཅིག་པུ་དེ་རེད། དངོས་གནས་བྱས་ན་ཁོའི་སྐྱེ་སྨན་གྱིས་རྒྱུག་མོ་ལ་བསམ་ཤེས་དེ་ལས་མང་ཙམ་ལོས་བྱེད་ཐུབ། འདི་ཚོ་ཚང་མའི་རྒྱུ་རྐྱེན་ནི་རྒད་མོས་མོ་ལ་ཕྲུ་གུ་མ་རྡུངས་ཞེས་བཤད་པ་དེར་ཐུག་ཡོད། མི་ཚོས་བསམ་ཤེས་མང་ཙམ་བྱེད་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། གལ་ཏེ་མི་གཉིས་ཕན་ཚུན་མི་དགའ་ཞེ་འཛིན་བྱུང་ཚེ། གནད་འགག་ཆུང་བའི་གནད་དོན་ཅི་འདྲ་ཞིག་ཡིན་རུང་རྩོད་གླེང་འབྱུང་བའི་རྐྱེན་རྩ་ཆགས་རྒྱུར་དཀའ་ངལ་མེད་ཅིང༌། དེ་ལ་བརྟེན་ནས་འབྲེལ་ཡོད་ཀུན་ལ་རྫོགས་མཐའ་མེད་པའི་སྡུག་བསྔལ་འབྱུང་བར་ངེས། དེ་བས་འདི་དག་ནི་རྩོད་གླེང་འཕེལ་ཚུལ་གྱི་སྤྱི་འགྲོས་ཤིག་རེད།
དེའི་རྗེས་ཉི་མ་ཁ་ཤས་སོང་རྗེས། མན་གྷམ་མ་ངའི་སར་ཡོང་ནས་རེ་སྐུལ་བྱས་པར། ཨམ་མའི་ཡ། ཁྱེད་རང་མི་ཡག་པོ་ཞིག་ཡིན་སྟབས་ངས་ཡིད་ཆེས་ཡོད། ང་ལ་ང་རང་གིས་བསགས་པའི་སྒོར་མོ་ཕྲན་བུ་ཡོད། ཁྱེད་ཀྱིས་དེ། མི་ཚོས་དངུལ་ཁང་ཞེས་འབོད་པའི་ཁང་པ་དེའི་ནང་འཇུག་ཐུབ་པ་འདུག་གམ། ངའི་སྒོར་མོས་མིའི་དོ་སྣང་འདྲེན་གྱི་འདུག་ཅེས་ཟེར།
གནས་ཚུལ་ག་རེ་བྱུང་སོང་ངམ།
ང་ཚོའི་གྲོང་གསེབ་ནང་མཆོར་འདོད་ཆེ་ལ་རྒྱན་རྩེད་ལ་དགའ་བའི་མི་རཱང་གྷ་པ་ཟེར་བ་ཞིག་ཡོད། ཁ་སང་ང་ཞོ་འཁྱེར་ནས་ཡོང་སྐབས་ཁོ་ཡང་མཉམ་དུ་ཡོང་ནས་ང་ལ། མན་གྷམ་མ། ངའི་རེ་བར་ཁྱེད་རང་དགའ་བདེར་བཞུགས་ཡོད་ཤག་རེད། ཅེས་ཟེར།
ངས། ཁྱེད་རང་གིས་ང་ལ་གནས་ཚུལ་ག་རེ་ལྷགས་མིན་ཤེས་གསལ་ལྟར་འགྲིག་ཙམ་འདུམས་ཙམ་རེད། ཅེས་བཤད་པ་ཡིན།
རེད། མན་གྷ་མ། ང་ཤེས་ཀྱི་ཡོད། ཁྱེད་རང་འགྲིག་པ་རེད། མི་དེ་ཚོའི་བྱེད་སྟངས་དང་མཉམ་དུ་སུ་ཞིག་སྐྱིད་པོ་ཡོང་གི་རེད་དམ། ལོ་ཆུང་དེ་ཚོས་རང་གི་ལྕེ་ལ་བདག་པོ་མ་ཐུབ་མ་རབས་ཀྱི་ལན་སློག་དུས། ང་ཚོ་དུས་ཚོད་རྙིང་པའི་མི་རྒན་ཚོ་ཧོན་འཐོར་ཡང་བཟོད་སྒོམ་མ་བྱས་རང་བྱས་རེད། ཡིན་ནའང་དེ་ནི་འཇིག་རྟེན་གྱི་འགྲོ་སྟངས་རེད། མན་གྷ་མ་ཟེར།
ངེད་གཉིས་མུ་མཐུད་དེ་བསྐྱོད། དེར་ལྕང་རྭའི་འགྲམ་དུ་གཏིང་ཟབ་པའི་ཁྲོན་པ་ཞིག་ཡོད་ལ་ངའི་དངུལ་ཁུག་ནང་དུའང་དངུལ་ཕྲན་བུ་ཡོད་པས། ངའི་སེམས་ནང་ཁོ་ངའི་རྗེས་སུ་ཡོང་དོན་ཅི་ཡིན་ནམ་སྙམ་ཏེ་བློ་བདེ་པོ་མ་བྱུང་། ཡིན་ནའང་གནས་ཚུལ་གང་ཡང་ལྷགས་མ་སོང༌། ཁོས་ང་ལ་སྐྱུར་འབྲས་ཁ་ཤས་སློང་རྗེས་དེ་འཁྱེར་ཏེ་རང་གི་ལམ་ལ་ཕྱིན་སོང༌། དེ་རིང་ཡང་བསྐྱར་ཁོ་དེར་བསྒུགས་འདུག ཁོས་འདི་དང་དེའི་སྐོར་སྣ་ཚོགས་ཤིག་བཤད་རྗེས་ང་ལ། མན་གྷ་མ། ང་ལ་དངུལ་གྱི་དགོས་མཁོ་ཤིན་ཏུ་ཆེན་པོ་འདུག་པས། ཁྱེད་ཀྱིས་ཏོག་ཙམ་གཡར་ཐུབ་པ་འདུག་གམ། སྟོན་བསྡུའི་དུས་ཚོད་ལ་སླེབས་སྐབས། ངས་རཱ་ཇི་བཙོང་སྟེ་སྐྱིན་ཚབ་འཇལ་ཆོག་ཟེར།
དེ་ལ་ངས། སྒོར་མོ། ང་ལ་སྒོར་མོ་གང་ནས་་་ཟེར་དུས།
ཁོས། ཨོ་ ང་ཚོ་ཚང་མས་མན་གྷ་མ་ཁྱེད་རང་དངུལ་གསོག་མཁས་པོ་ཞིག་ཡིན་པ་མ་ཤེས་པ་ཅི་ཡོད། དེ་གསང་དགོས་དོན་ཡོད་མ་རེད། ཁྱེད་ཀྱིས་བུ་ལོན་བཏང་ན། ང་ལ་རོགས་པ་བྱེད་ཐུབ་པར་མ་ཟད་དེའི་ཐོག་ནས་སྐྱེད་ཁ་ཡང་ཏོག་ཙམ་གསག་ཐུབ་ཀྱི་རེད། ཅེས་བཤད་རྗེས་ད་དུང༌། གལ་ཏེ་ཁྱེད་རང་ཁྱེད་ཀྱི་བུ་དང་མནའ་མའི་མཉམ་དུ་ཡོད་ཚེ། ཁོང་ཚོར་དུས་རྒྱུན་མནའ་མར་རྒྱན་ཆ་ཉོས་ཏེ་ལག་རྟགས་སྤྲོད་དགོས་པ་དེ་རང་བཞིན་ཞིག་ཡིན་པས་ངས་རེ་སྐུལ་འདི་བྱེད་པ་མི་འདུག འོན་ཀྱང་ད་ཆ་ཁྱེད་རང་ཁོང་ཚོ་དང་འཚོ་བ་ལོགས་སུ་སྐྱེལ་གྱི་ཡོད་པ་རེད། ཅེས་ཁ་སྣོན་བརྒྱབ་སྟེ་ཟེར་གྱི་འདུག
ཨམ་མའི་ཡ། ཁྱེད་རང་གཟིགས་དང༌། བུད་མེད་གཅིག་ཁེར་རྐྱང་དུ་སྡོད་དུས། མི་གཞན་གྱི་དོ་སྣང་འདྲེན་གྱི་འདུག ཅེས་ཟེར།
ངས་དེའི་སྐོར་རང་གི་ཁྱོ་གར་གྲོས་བསྡུར་བྱ་ངེས་ཡིན་ཞེས་བརྗོད་པ་ཡིན།
ཉིན་རྗེས་མར་ཞོ་ཚད་འཇལ་ཚར་རྗེས་མོས་ང་ལ། ཨམ་མའི་ཡ། ངེད་གཉིས་སྦུག་ལ་ཕྱིན་ན་འགྲིག་གམ། ཁྱེད་ཀྱིས་དངུལ་རྩིས་བསྐྱོན་ན་འགྲིགས། ཟེར།
དེ་ལ་ངས། མན་གྷ་མམ། ངས་ད་དུང་དོན་འདི་ངའི་ཁྱོ་གར་བརྗོད་རྒྱུ་མ་བྱུང་བས་དུས་ཚོད་གཞན་ཞིག་ལ་ཡིན་ཏ། ཞེས་བརྗོད་པ་ཡིན།
འོན་ཀྱང་ང་ལ་འཇིགས་སྣང་སྐྱེ་ཡི་འདུག ཨམ་མའི་ཡ། དེ་རིང་ཞོགས་པ་ཡང་རཱང་གྷ་པ་ཡིས་ལྕང་རྭའི་འགྲམ་དུ་ང་ལ་ལམ་སྒུག་བརྒྱབ་ནས་བསྡད་འདུག ཁོས་ང་ལ་མན་གྷ་མམ། སྡོད་དང༌། ཁྱེད་རང་ལ་བྲེལ་བ་ཡོད་ཀྱི་མ་རེད་ཟེར་གྱི་འདུག ང་ནི་ཁོས་དྲག་ཤུགས་སྤྱོད་པར་དོགས་ནས་མར་བསྡད་པ་ཡིན། ཁོས་འདྲ་མིན་སྣ་ཚོགས་མང་པོ་ཞིག་བཤད་རྗེས་ངའི་ལག་པ་ནས་འཇུས་ཏེ། མན་གྷ་མམ། ཁྱེད་རང་དེ་འདྲའི་མཛེས་པ་ལ་ཟེར།
ཨམ་མའི་ཡ། ཐ་ན་ང་རང་ལོ་ན་གཞོན་གཞོན་ཡིན་དུས་ངའི་ལག་པར་རེག་མཁན་གྱི་ཁྱོ་ག་དེས་ང་བསྐྱུར་ནས་སོང་བ་རེད། དེ་ནས་བཟུང་སུས་ཀྱང་ངའི་ལག་ནས་བཟུང་མྱོང་མེད། འོན་ཀྱང་ད་ཆ་གནས་ཚུལ་འདི་ལྷགས་པ་རེད། ངས་ལམ་སེང་ལག་པ་ཕྱིར་འཐེན་ཏེ་ཁ་རི་ཁ་ཐུག་ངང་། རཱང་གྷ་པ། ཁྱོད་ཀྱི་བག་མེད་ཀྱི་སྤྱོད་པ་འདི་ལ་ཚོད་གྱིས་ཤིག ཁྱོད་རང་ངའི་ཁྱོ་ག་མིན་སྟབས་ངའི་རྣམ་པ་ཅི་འདྲ་ཞིག་ཡོད་མེད་ཐད་ཁྱོད་ལ་ཐེ་གཏོགས་མེད་ཅེས་བཤད་པ་ཡིན། ཁ་སང་ཁོས་ངའི་དངུལ་འཕྲོག་པར་འདོད་ཅིང༌། དེ་རིང་ངའི་གཟི་བརྗིད་ཀྱི་རང་ཚུགས་འཕྲོག་འདོད་པ་རེད། ངའི་གཉེན་སྒྲིག་གི་དགའ་སྟོན་གྱི་སྐབས་སུ་བཀྲ་ཤིས་པའི་འབྲས་ཀྱི་ཆར་པས་ཤིས་པར་བྱས་ཤིང་ངའི་ཉེ་འགྲམ་དུ་བསྡད་དེ་ང་ལ་རང་གི་བཟའ་མོ་ཞེས་འབོད་མཁན་གྱི་མི་དེས། ང་རང་ན་སོ་གཞོན་དུས་བསྐྱུར་ནས་བཞག་ཅིང་གང་ཞིག་ནས་བུད་མེད་གཞན་ཞིག་གི་སེམས་གསོ་དོན་དུ་གཉེར་མོད། འོན་ཀྱང་ངས་རང་གི་རང་ཚུགས་ཀྱི་གཟི་བརྗིད་ཉམས་མེད་དུ་ཉར་བ་ཡིན། འོན་ཀྱང་དེ་རིང་མི་ངན་ཐ་ཤལ་འདིས་ངའི་ལག་ནས་བཟུང་བྱུང༌ཟེར།
མན་གྷ་མ་ཡི་གནད་དོན་དེ་ཚབས་ཆེའི་གནས་ཚུལ་ཞིག་ཏུ་འགྱུར་བཞིན་པར་སྣང་བས། ངས། ལྟོས་དང་མན་གྷ་མ། ཁྱེད་ཀྱིས་དཀའ་སྡུག་གི་སྣ་འདྲེན་བཞིན་འདུག་པས་རང་གི་བུ་ལ་དོན་འདིའི་སྐོར་ཤོད། ཁྱོད་ཀྱིས་འདས་པ་རྣམས་བརྗེད་དེ་ཁོའི་སར་ཅིའི་ཕྱིར་འགྲོ་ཡི་མེད་དམ། ཞེས་བཤད་པ་ཡིན།
ད་དུང་དེའི་ཐོག་ངའི་མནའ་མར་ངའི་སྐོར་ལ་གཏམ་འཆལ་མང་པོ་འགྲེམས་པའི་གོ་སྐབས་སྤྲད་དེ། ང་རང་ཆགས་རྟེན་མེད་པའི་འཁྱམ་ཉུལ་བ་ཞིག་ཏུ་བསྒྱུར་འཇུག་དགོས་རེད་དམ།་་་ ཨུམ། ཨམ་མའི་ཡ། ད་ཕྱི་པོ་ཆགས་འདུག ཁྱེད་ཀྱི་སྐུ་ཟླར་དོན་དེ་ཞུས་ཏེ་སང་ཉིན་ང་ལ་ལན་གནང་རོགས་གནང་ཟེར།
ཆུ་ཚོད་གཅིག་གི་ནང་མོ་ཡང་བསྐྱར་ཚུར་ཡོང་ནས། གནས་ཚུལ་ཁྱད་མཚར་ཞིག་བྱུང་ཟེར།
“ག་རེ།“
“ངས་ཕྲུ་གུ་དེར་མངར་ཆ་ཏོག་ཙམ་འཁྱེར་ཡོད་པ་དེ་་་་་”
མོས་ང་ལ་རང་གི་ཚ་བོ་དེ་མོ་རང་གི་འགྲམ་དུ་གཏོང་གི་མེད་པའི་སྐོར་བཤད་ཡོད་སྟབས། ངས་དོན་མ་རྟོགས་པར་ “ཕྲུ་གུ་སུ་”ཞེས་དྲི་བར་ཐལ།
“ཅི་ཟེར། ཨ་ཅང་ཅང༌། ངའི་ཚ་བོ་མ་གཏོགས་གཞན་ཕྲུ་གུ་སུ་ཡོང་”
“འོན་ཀྱང་ཁྱེད་ཀྱིས་ང་ལ་ཁོ་ཁྱེད་རང་གི་འགྲམ་དུ་ཡོང་བཅུག་གི་མེད་པ་བཤད་པ་མིན་ནམ”
“བདེན་པ་རེད། ཕྲུ་གུའི་ཨ་མས་བཀག་འགོག་བྱེད་ཀྱི་འདུག འོན་ཀྱང་ཕྲུ་གུས་ང་དང་རྒྱང་ཐག་རིང་པོ་བྱས་ཏེ་འདུག་གི་རེད་དམ། ཁོས་རང་གི་ཨ་མས་མ་བལྟ་བའི་སྐབས་སུ་ངའི་སར་རྒྱུག་ཡོང་སྟེ། འོ་མ་འཐུང་ལ་ཞོ་སློང་བ་དང༌། ངས་ཞོ་སྦྱིན་དུས་ཞབས་བྲོ་ཡང་འཁྲབས་ཀྱི་ཡོད། ཁོས་རྙོག་དྲྭ་སློང་དུས་ངས་ཁོ་ལ་ཁོའི་ཨ་མས་ཁོ་ཕར་འཁྲིད་རྒྱུ་ཡིན་པ་བརྗོད་ན། ཁོ་ཁུ་སིམ་པོར་འགྱུར་གྱི་རེད། ཨམ་མའི་ཡ། ཕྲུ་གུ་རྩེད་འཇོར་རོལ་བའི་ཚུལ་ལ་བལྟ་རྒྱུ་དེ་ནི་སྤྲོ་སྣང་འཕེལ་བ་ཞིག་རེད་ཨང༌། དེར་བརྟེན་ངས་དེ་རིང་ཁོ་ལ་མངར་ཆ་ཏོག་ཙམ་ཉོས་ཏེ་ངའི་སྨྱུག་གཟེབ་ཀྱི་ནང་དུ་བླུགས་པ་ཡིན། ཡུལ་ཤཱན་ཀར་པུར་གྱི་ཉེ་འགྲམ་དུ་སླེབས་སྐབས། བྱ་ཁ་ཏ་ཞིག་ཤིང་ཨམྲའི་སྡོང་པོའི་རྩེ་ནས་འཕུར་མཆོངས་བྱས་ཏེ་མངར་ཆའི་ཐུམ་སྒྲིལ་དེ་འཁྱེར་སོང༌།”
“དེ་ལ་སེམས་ཁྲལ་བྱ་རྒྱུ་ཅི་ཡོད། ཁྱེད་ཀྱིས་ཡང་བསྐྱར་ཏོག་ཙམ་ཉོས་ན་འགྲིག”
“ངས་ཏོག་ཙམ་ཉོ་ཐུབ་པ་ནི་ཨ་ཅང་ཅང༌། ཨམ་མའི་ཡ། གནས་ཚུལ་དེ་མ་རེད། མི་ཚོས་ཁ་ཏ་ཞིག་གིས་རེག་ཐུག་བྱས་པ་དེ་ལྟས་ངན་རེད་ཅེས་ཟེར་གྱི་འདུག”
“ ག་རེ། ཁ་ཏས་ཐུག་ན་ག་རེ་འབྱུང་གི་རེད།”
“ མི་ཚོས་དེ་ནི་འཆི་ལྟས་རེད་ཟེར་གྱི་འདུག དེར་བརྟེན་ང་རང་གནས་བཟོད་མ་བདེ་བ་བྱུང་རུང༌། སྐར་མ་ཁ་ཤས་ཀྱི་རྗེས་སུ་ང་རང་གིས་ང་རང་ལ། ད་ཏག་ཏག་རེད། ངའི་མི་ཚེ་འདི་ལ་སུ་གཅིག་གིས་ཀྱང་རིན་ཐང་དུ་མི་བརྩི་བས། དེ་ལས་དཀོན་མཆོག་གི་ཞབས་ལ་སྔ་ཙམ་གཏུགས་ཐུབ་པ་དེ་ཙམ་གྱིས་ལེགས་པ་རེད་ཅེས་བརྗོད་པ་ཡིན། གང་ལྟར་ཡང་དེ་གནས་ཚུལ་གང་བྱུང་བ་དེ་ཡིན།”
“མན་གྷམ་མ། ཅོལ་ཆུང་མ་བྱེད། ཁྱེད་ཀྱིས་བྱ་ཁ་ཏ་གང་གིས་ཀྱང་ལེན་ཐུབ་ས་ཞིག་ཏུ་མངར་ཆའི་ཐུམ་སྒྲིལ་ཞིག་བླུགས་ཤིང༌། ཐུམ་སྒྲིལ་འཁྱེར་དུས་ཁྱེད་ཀྱིས་དེ་འཆི་ལྟས་ཤིག་རེད་ཟེར། ཁྱིམ་དུ་ལོག་ལ་ཁུངས་མེད་ལུང་མེད་དེ་འདྲ་མ་བྱེད།”
“དེས་ན། ཁྱེད་ཀྱི་དགོངས་ཚུལ་ལྟར་ན་དེ་སྔ་ལྟས་གང་ཡང་མ་རེད་དམ།”
“བབ་ཅོལ་རང་རེད། ཁྱིམ་ལ་ལོག་ལ་འདི་ཚོ་སེམས་ལ་མ་འཇོག”
བུད་མེད་འདིའི་བསམ་བློའི་འཁོར་ཕྱོགས་ནི་ཡ་མཚན་དགོས་པ་ཞིག་རེད། མོ་ལ་རང་གི་ཕྲུ་གུ་དང་མནའ་མ། ཚ་བོ་བཅས་དགོས་པར་མ་ཟད། ཁྱིམ་ཚང་གི་གཙོ་བོར་ཡང་བརྩི་བཀུར་དགོས་ཀྱི་ཡོད། འདི་དག་ནི་འགྲོ་བ་མིའི་རང་བཞིན་དང་རན་ཚོད་ཅིག་རེད། ད་ལྟ་མོས་རང་ལ་གང་ཞིག་དགོས་པ་དེ་ཁས་མི་ལེན་པར་མ་ཟད་མི་ཚེར་སུན་སྣང་ཡང་སྐྱེས་མོད། འོན་ཀྱང་མོ་ད་དུང་འཆི་བའི་འཇིགས་པ་ལ་སྐྲག་གི་ཡོད་ལ་སྐྲག་སྣང་དེ་སྦས་སྐུང་ཀྱང་བྱེད་ཀྱི་ཡོད། ང་ཚོས་གྲོང་གསེབ་པ་འདི་ཚོ་ལྷད་མེད་དང་སྟབས་བདེ་ཞིག་ཡིན་པར་སྨྲ་ན་ཡང༌། མོའི་བསམ་བློ་དང་ལྟ་ཚུལ་རྣམས་བང་རིམ་གྱི་སྟེང་དུ་བང་རིམ་དང༌། ལྟབ་བརྩེགས་ཀྱི་ཐོག་ཏུ་ལྟབ་བརྩེགས་ཆགས་པའི་ཅི་འདྲའི་རྙོག་འཛིང་ཅན་ཞིག་རེད་ཨང༌། འདི་ནི་ཁྱད་མཚར་བའི་རྩེད་མོ་ཞིག་ཡིན་ཞིང་འདི་ལ་ང་ཚོས་མི་ཚེ་ཞེས་པའི་མིང་གིས་བསྙད་པར་བྱེད།
མན་གྷ་མ་ཡོང་ཐེངས་རྗེས་མར་གནས་ཚུལ་གྱི་འཕེལ་རིམ་གསར་པ་རྣམས་ང་ལ་བརྗོད་བྱུང༌། མོའི་ཚ་བོ་མོའི་མཉམ་དུ་སྡོད་པར་ཡོང་བས་མོ་རང་དགའ་བ་ཆེན་པོ་སྐྱེས་འདུག མོས་བཤད་པར་“ཁོ་ནི་དེ་འདྲའི་ཆུང་ཆུང་ཞིག་ཡིན་རུང་རང་གི་ཨ་མ་བསྐྱུར་ཏེ་ངའི་སར་ཡོང་བ་རེད། ཁོ་ནམ་རྒྱུན་གསང་ཐབས་ངང་ཡོང་གི་ཡོད་ཀྱང༌། ཁ་རྩང་ཁོ་ཡོང་སྟེ་རང་གི་ཨ་མའི་རྩར་ལོག་གི་མིན་ཞེས་ཟེར་གྱི་འདུག མོ་ཡོང་སྟེ་ཁོ་ལ་རྡུང་རྡེག་བྱ་རྒྱུ་ཡིན་པའི་འཇིགས་སྣང་སློང་ཁུལ་བྱས་ཀྱང༌། ཕྲུ་གུས་ངའི་པུས་མོར་འཐམས་ཏེ་ཕྱིར་བཤོལ་མ་བྱས་སྟབས། ངས་ཀྱང་ཁོ་ལ་ཕྱིར་ལོག་དགོས་པའི་སྐུལ་མ་བྱས་པ་ནི་བརྗོད་ག་ལ་དགོས། ཁོའི་ཕས་ཀྱང་ཁོ་ལ་འཇམ་བཤད་བྱས་ཀྱང་ཕྲུ་གུས་གཏན་ནས་ཉན་མ་སོང༌། ཨམ་མའི་ཡ། འདི་ནི་ཁྱད་མཚར་ཞིག་རེད། ཉིན་བཅུ་འདིའི་རིང་ང་རང་ཁང་པའི་ནང་གཅིག་པུར་ཉལ་སྐབས་ཞེད་སྣང་ཕྲན་བུ་སྐྱེ་ཡི་འདུག འོན་ཀྱང་ཕྲུ་གུ་འདི་ཡོད་པས་ང་ལ་བློ་སྟོབས་འཕེལ་བྱུང༌། ངས་ང་ལ་སྐྱེས་པ་ཞིག་གི་སྲུང་སྐྱོབ་ཡོད་པ་ཚོར་གྱི་འདུག འཚར་སྐྱེད་བྱུང་ཟིན་པའི་ངའི་བུ་ལ་ང་ མི་དགོས་རུང༌། ངའི་ཚ་བོས་ཁོ་རང་ངའི་ཕྱོགས་སུ་ལངས་ཀྱི་ཡིན་ཟེར། བསམ་ཚུལ་འདི་ནི་དཀོན་མཆོག་གིས་ཁོང་གི་སེམས་སུ་འཆར་བཅུག་པར་ངེས། ངའི་མནའ་མ་མཚན་ཧྲིལ་པོ་ཁོང་ཁྲོས་མནར་ཡོད་ཀྱང༌། དེས་ཕྲུ་གུའི་ཐོག་ནུས་པ་གང་ཡང་མ་ཐོན། དེ་རིང་ཞོགས་པར་ངའི་སེམས་ནང༌། ང་རང་ཕྱིར་ཞོ་འཚོང་བར་བསྐྱོད་རིང་ཕྲུ་གུ་གཅིག་པུར་འཇོག་མི་རུང་བར་སྙམ་པས། ངས་ཕྲུ་གུ་མོའི་སྒོ་འགྲམ་དུ་བསྐྱལ་བས་ཁོ་ནང་དུ་ཕྱིན་སོང༌”
“ཡིན་ནའང་མོས་ཕྲུ་གུར་ཉེས་རྡུང་བཏང་ན་་་”
“མ་རེད། མོས་ཉེས་རྡུང་གཏོང་གི་མ་རེད། ཁོ་མོ་དང་རྒྱུན་དུ་ལྷན་ཅིག་ཏུ་ཡོད་དུས་མོས་སྐབས་རེ་བརྡུང་ངེས་ཡིན་རུང༌། ད་ལྟ་ཉུང་མཐར་ཉིན་ཕྱེད་རིང་ཕྲུ་གུ་མོ་རང་དང་མཉམ་དུ་བྱུང་བར་མོ་དགའ་ངེས་ཡིན། ཨམ་མའི་ཡ། ཁྱེད་རང་གཟིགས་དང༌། ཚུལ་འདི་དང་མཚུངས་པར་ངེད་ཚོ་ལྷན་དུ་ཡོད་སྐབས་ངའི་མནའ་མ་མཛེས་པོ་ཅི་འདྲ་ཡོད་མེད་ང་ལ་དོ་སྣང་གཏན་ནས་མ་བྱུང༌། མོས་ཁྲོ་གཉེར་བསྡུ་སྐབས་མདོག་ཉེས་སུ་སྣང་བ་ནི་བརྗོད་མི་དགོས་ཀྱང༌། ད་ལྟ་ངས་རྒྱང་ནས་བལྟ་སྐབས། ཁྱེད་ཀྱིས་ཀྱང་བརྗོད་ངེས་པ་ལྟར་མོ་མཛེས་པོར་མཐོང་ཞིང༌། དེ་ནི་ངའི་བུ་དེ་མོའི་བྲན་དུ་གྱུར་བའི་རྒྱུ་མཚན་ཡང་རེད། ངས་ང་རང་གི་བུ་ལའང་དེ་བཞིན་དུ་བལྟས་འདུག ངས་དེ་སྔོན་ཁོ་ག་དུས་ཁྱིམ་དུ་ཚུར་ཡོང་བ་དང༌། ག་དུས་ཕྱིར་ཐོན་མིན་ལ་དོ་སྣང་གཏན་ནས་བྱེད་མྱོང་མེད་རུང༌། ད་ཆ་ང་རང་རང་གི་ཁྱིམ་སྒོའི་འགྲམ་དུ་བསྡད་དེ། ཁོ་ཁྱིམ་དུ་དེ་འདྲའི་ཕྱི་པོར་ལོག་དགོས་དོན་ག་རེ་ཡིན་དང༌། ཁྱིམ་ནས་སྔ་པོ་དེ་འདྲར་ཐོན་དོན་ཅི་ཡིན་པའི་ཐོག་ལ་བསམ་བློ་འཁོར་གྱི་འདུག མོ་ལ་ཡང་དེ་བཞིན་དུ་རང་གི་ཕྲུ་གུའི་ཐོག་ཚོར་སྣང་གཅིག་མཚུངས་སུ་ཡོད་ངེས་ཡིན། གལ་ཏེ་མོས་ཁོ་ལ་ཉེས་རྡུང་བཏང་ན་སང་ཉིན་ནས་ཁོ་གྲོང་བརྡལ་དུ་ང་དང་མཉམ་དུ་ཡོང་བར་ངེས་པས། མོས་རང་གི་ཤ་ལས་ཆད་པའི་ཕྲུ་གུ་བློས་གཏོང་གི་རེད་དམ།”
དེ་དག་གོ་རྗེས་ངས་“བསམ་ཤེས་ཅན་གྱི་བུད་མེད་”ཅེས་རང་གིས་རང་ལ་བརྗོད་པར་ཐལ་ལ། ངའི་སེམས་ནང་ཁོང་ཚོའི་དབར་གྱི་མི་མཐུན་པའི་གནས་ཚུལ་དེ་མི་རིང་བར་མཛའ་མཐུན་ལྷིང་འཇགས་འབྱུང་ངེས་རེད་སྙམ།
ངས་བསམ་པ་དེ་བཞིན་བྱུང་འདུག ཕྲུ་གུ་དེས་ཞོགས་པ་གཉིས་རང་གི་ཕ་མའི་མཉམ་དུ་བསྡད་ཀྱང༌། ཞོགས་པ་གསུམ་པར་ཁོས་རང་གི་རྨོ་མོ་གྲོང་བརྡལ་དུ་སྐོར་སྐྱོད་དུ་བསྐྱོད་པའི་མཉམ་དུ་འགྲོ་ཡི་ཡིན་ཞེས་ཨུ་ཚུགས་བྱས། རྒད་མོས་ཕྲུ་གུ་ཞིག་དང་ཞོ་བླུགས་པའི་སྨྱུག་གཟེབ་གཉིས་ཀ་འཁྱེར་མི་ཐུབ་པ་ནི་ཨ་ཅང་བརྗོད་མེད་ཡིན་སྟབས། གནད་དོན་འདིས་དཀའ་ངལ་ལ་བཏད། དེ་ནས་མོ་རང་གི་བུ་དང་མནའ་མ་གཉིས་ཡོང་ནས་“ཨ་མ་ལགས། ངེད་གཉིས་ཀྱི་ནོར་འཁྲུལ་ལ་དགོངས་པ་དྭངས་རོགས། ཁྱེད་ཀྱིས་གཏན་དུ་ཁྲོས་ནས་བཞུགས་དགོས་དོན་འདུག་གམ” ཞེས་བརྗོད་ཅིང་ཁྱིམ་མཚེས་ཚོས་ཀྱང་བར་འདུམ་གྱི་སྐད་ཆ་བཤད་པས། མན་གྷམ་མ་ཡང་རང་ལ་འདོད་མོས་ཆེན་པོ་ཡོད་པ་ལྟར་གདོང་པ་ཆུ་ལ་མ་ཤོར་བའི་ཐོག་ནས་ཁྱིམ་དུ་ལོག །འོན་ཀྱང་ཕྲུ་གུ་གྲོང་བརྡལ་དུ་འཁྲིད་རྒྱུ་དེ་ད་དུང་ཡང་དཀའ་ངལ་ཞིག་ཡིན་སྟབས་ཁོང་ཚོར་དེའི་ཐད་བཀོད་སྒྲིག་གི་ཐག་གཅོད་ཅིག་བྱུང༌། དེ་ཡང་མན་གྷམ་མ་ཡིས་རང་ཉིད་ངོ་མའི་ལག་ནས་ཞོ་དང་འོ་མའི་ཚོང་ལས་གཉེར་ནས་དུས་ཡུན་དེ་ཙམ་སོང་བའི་ཕྱི་ཚུལ་གྱི་རྒྱུ་མཚན་ནི། མནའ་མས་ཟས་རིགས་གཡོས་སྦྱོར་བྱེད་དགོས་པ་དེ་ཡིན་ཞིང་དོན་དངོས་ཀྱི་རྒྱུ་མཚན་ནི། དངུལ་ཁུག་གི་ཁ་སྒྲོག་དེ་མན་གྷམ་མ་རང་ཉིད་ཀྱི་ལག་ཏུ་ཡོད་དགོས་པ་དེ་རེད། ད་ཆ་ཕྲུ་གུས་མོ་དང་མཉམ་དུ་འགྲོ་རྒྱུ་ཨུ་ཚུགས་བྱེད་སྐབས་བྱེད་ཕྱོགས་འདིར་འགྱུར་བཅོས་བྱེད་དགོས་པར་གྱུར། སྐབས་དེར་མནའ་མས་“ཁྱེད་རྒན་འཁོག་ཅིག་ཉི་མ་ཚ་པོ་འདི་འདྲར་ཉིན་ལྟར་ཕྱི་ལ་ཕེབས་དགོས་དོན་ག་རེ་འདུག །ད་ནི་ཁྱེད་རང་ཕྱག་ལས་གནང་རྒྱུ་མཚམས་འཇོག་དགོས་པའི་དུས་རེད། ཁྱེད་ནི་ཁྱིམ་ཚང་འདིའི་གཙོ་བོ་ཡིན་པས་ཁྱེད་ཉིད་ཁྱིམ་དུ་བཞུགས་ཏེ། བྱ་བ་ཐམས་ཅད་བཀོད་པ་བཞིན་བྱུང་ཡོད་མེད་གཟིགས་རྒྱུ་ཁྱེད་ཀྱི་དབང་ཆ་རེད། ཞོ་འཚོང་རྒྱུའི་ལས་ཀ་དེ་ངས་བྱས་ཆོག་”ཅེས་བཤད་པས། མན་གྷམ་མ་ཡིས་ཀྱང་མོས་མཐུན་བྱས་ཏེ། “ཁྱེད་ཀྱིས་དེ་རྩིས་བླངས་ན་འགྲིག ང་རང་འགྲོ་འདོད་བྱུང་སྐབས་གཟའ་འཁོར་གཅིག་ནང་ངས་ཐེངས་གཅིག་གཉིས་ཤིག་སོང་ཆོག”ཅེས་བཤད།
ཉིན་གཅིག་མན་གྷམ་མ་དང་མོའི་མནའ་མ་གཉིས་མཉམ་དུ་སླེབས་བྱུང༌། ཁོང་གཉིས་ཀྱི་གཅིག་གིས་བུ་ཆུང་པང་དུ་འཁྱེར་ཡོད་པ་དང་གཅིག་ཤོས་ཀྱིས་སྨྱུག་གཟེབ་འཁྱེར་འདུག མན་གྷམ་མས་ “ཨམ་མའི་ཡ། འདི་ངའི་བུའི་མནའ་མ་རེད། མོས་རང་གི་རྒྱུག་མོ་རྒད་མོར་ལས་ཀ་བྱེད་གཏན་ནས་འཇུག་འདོད་མི་འདུག མོས་ང་ཁྱིམ་དུ་ཕར་བསུས་པར་མ་ཟད། ང་ལྟ་བུའི་ལོ་ཚོད་ཅིག་ཉི་མ་ཚ་པོའི་ནང་ཐག་རིང་དེ་ཙམ་ལ་གོམ་བགྲོད་བྱ་མི་འོས་ཟེར། དེར་བརྟེན་ད་ནས་བཟུང་ཁྱེད་ལ་ཞོ་མོས་འཁྱེར་ཡོང་གི་རེད་”ཟེར།
དེ་ལྟར་བྱས་ཏེ་མན་གྷམ་མ་ཡིས་མོ་རང་གི་མནའ་མ་ང་ཚོར་ངོ་སྤྲོད་བྱས་ཤིང༌། ངས་ཁོང་གཉིས་ལ་དུས་ཡུན་གང་ཙམ་སྐད་ཆ་བཤད་དེ་ཕན་ཚུན་བརྩི་འཇོག་ཡག་པོ་བྱེད་དགོས་པའི་བསླབ་བྱ་བྱས་རྗེས་པཱན་སུ་པ་རིས་སྐྱེལ་རྫོང་བྱས།
ད་ཕན་ངས་རྩོད་རྙོག་འདིའི་ཐད་མན་གྷམ་མ་ཡི་བསམ་ཚུལ་ཁོ་ན་ལས་ཐོས་མྱོང་མེད་སྟབས་ང་ལ་ཕྱོགས་གཞན་དེའི་སྐད་ཆར་ཉན་འདོད་ཆེན་པོ་བྱུང༌། དེར་བརྟེན་ངས་ཉིན་གཅིག་མནའ་མར་“ནན་གྷམ་མ། ཁྱེད་རང་མཐོང་སྣང་ལ་བུ་མོ་བསམ་ཤེས་ཅན་ཡག་པོ་ཞིག་རེད་འདུག་པས། ཁྱེད་ཀྱིས་རང་གི་རྒྱུག་མོ་ཕྱི་ལ་སྐྲོད་ནུས་པ་དེ་འདྲ་ག་རེ་ཡིན་ནམ།”ཞེས་དྲིས་པ་ཡིན།
“ཨམ་མའི་ཡ། ང་བདུད་མོ་ཞིག་མིན་སྟབས་ངས་དེ་ལྟར་ནམ་ཡང་བྱེད་ས་མ་རེད། ཡིན་ནའང་ཁྱེད་རང་གཟིགས་དང༌། མོས་ལས་དོན་ཚང་མ་མོ་རང་གི་འདོད་པ་ལྟར་བྱེད་དགོས་པར་ཨུ་ཚུགས་བྱེད་པར་མ་ཟད། ངའི་ཁྱོ་ག་ལའང་བརྩི་ཡི་མི་འདུག གལ་ཏེ་ཁོ་ནང་གི་ཕ་རྒན་དུ་མ་བརྩིས་ན་ཁོ་ཁྱོ་ག་ཅི་འདྲ་ཞིག་ཆགས་ཀྱི་རེད་དམ། ང་སྐྱེ་སྨན་ཅི་འདྲ་ཞིག་ཏུ་གྱུར་གྱི་རེད་དམ། ངས་ཁྱིམ་འདི་ཇི་ལྟར་སྐྱོང་དགོས་རེད་དམ། ཇི་ལྟར་བྱས་ནའང་མོ་ནི་ཁོའི་ཨ་མ་ཡིན་ཞིང་ཁོ་ཆུང་ནས་གསོ་སྐྱོང་གནང་བས། ངས་དུས་ཡུན་གང་ཙམ་རིང་བཟོད་སྲན་བྱས་པ་ཡིན། འོན་ཀྱང་མོས་ངས་ང་རང་གི་ཕྲུ་གུ་རྡུང་མི་ཆོག་ཟེར་སྐབས། ངའི་སེམས་ནང་ད་ནི་ངོ་རྒོལ་བྱེད་དགོས་པའི་དུས་རེད་སྙམ་བྱུང༌”
ངས་དགོད་བཞིན་དུ་ “དེས་ན། ཁྱེད་རང་ཨ་མ་ཞིག་ཡིན་པའི་དབང་ཆ་རྩོད་ལེན་གྱི་ཐབས་ལམ་དེ། རང་གི་ཕྲུ་གུ་བརྡུང་རྒྱུ་དེ་རེད་དམ་”ཞེས་དྲིས།
“ངས་ཁོ་ལ་ཉེས་རྡུང་གཏོང་གི་ཡོད་ལ་བྱམས་སྐྱོང་ཡང་བྱེད་ཀྱི་ཡོད། ངས་ཁོ་བརྡུང་བར་དགག་བྱ་བྱེད་མཁན་གྱི་བུད་མེད་གང་དེས་ངས་ཁོ་ལ་བྱམས་སྐྱོང་བྱེད་པར་ཡང་དགག་བྱ་བྱེད་ངེས་ཡིན། མོས་ངས་གང་དང་ཅི་བྱས་ནའང་དེ་ལ་ཐེ་གཏོགས་བྱེད་པར་ངེས། བུ་ནི་ངའི་བུ་ཡིན་ལ་ཁྱོ་ག་ཡང་ང་རང་གི་ཁྱོ་ག་རེད། གལ་ཏེ་ང་ལ་རང་གི་ཁྱོ་གར་སྐད་ཆ་ཚིག་གཅིག་ཀྱང་བརྗོད་རྒྱུའི་དབང་ཆ་དང་ངའི་ཕྲུ་གུས་ནོར་འཁྲུལ་བྱེད་སྐབས་འགྲམ་ལྕག་གཅིག་ཀྱང་གཞུ་བའི་དབང་ཆ་མེད་ན། ངའི་མི་ཚེ་འདི་ཅི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད་དམ།”
སྐད་ཆ་དེ་གོ་རྗེས་སའི་སེམས་ནང་བུ་མོ་འདིའི་བསམ་བློ་གཏོང་སྟངས་འགྲིག་འདུག་དྲན།
“ད་ཆ་ཁྱེད་རང་ལ་དབང་ཆ་ཐོབ་ཡོད་པ་མ་རེད་དམ།”
“གནས་སྟངས་དྲག་ཏུ་ཕྱིན་སོང༌། གནས་ཚུལ་འདི་ཀུན་བྱུང་རྗེས་ལ་ཉག་མཛོ་གཟེངས་བྱ་རྒྱུ་ཙམ་རེད། གལ་ཏེ་ངས་གནས་ཚུལ་འདི་ངན་མཐར་བཀར་ན། གཡོ་སྒྱུ་ཅན་གྱི་མི་ཁ་ཤས་ཀྱིས་མོའི་སྒོར་མོ་རྣམས་ཁ་བླུས་རྒྱག་ངེས་རེད། གྲོང་གསེབ་ནང་རཱང་གྷ་པཱ་ཞེས་པའི་མི་ཞིག་ཡོད། རྒྱུག་མོ་ལོགས་སུ་སྡོད་པའི་སྐབས་སུ་ཁོས་མོ་ལ་སྒོར་མོ་གཡར་རྒྱུའི་རེ་བ་བཏོན་ཞིང༌། མོས་ཀྱང་གཡར་རྒྱུར་ཁས་ལེན་བྱས་ལུགས་ཁོས་བཤད་པ་ངས་གོ་ཐོས་བྱུང༌། དེར་བརྟེན་ངས་རང་གི་བུ་ལ། ཁྱེད་ཀྱི་རྨོ་མོའི་འགྲམ་དུ་སོང་དང་ཁོང་གིས་ཁྱེད་ལ་མངར་ཆ་གནང་ངེས་རེད། ངས་ཁྱེད་ལ་ཤོག་ཅེས་མ་བརྗོད་བར་དུ་ནང་ལ་ལོག་མ་ཡོང་ཞེས་བཤད་པ་ཡིན། ང་ལ་རྩོད་གླེང་འདི་མཇུག་བསྡུ་འདོད་བྱུང་སྟབས་ཐབས་ཤེས་འདི་སྤྱད་པ་ཡིན།”ཟེར།
“དེ་ལྟར་ན། ཕྲུ་གུ་མོའི་སར་རང་མོས་ཀྱིས་ཕྱིན་མེད་དམ་”
“ཁོ་འགྲོ་འདོད་ཡོད་རེད་ལ། ངས་ཀྱང་བསྐུལ་སློང་བྱས་པ་ཡིན།”
“ཁྱེད་ཀྱིས་རང་གི་ཁྱོ་གར་འདིའི་སྐོར་བཤད་ཡོད་དམ་”
“སྐྱེས་པ་ཚོས་གནས་ཚུལ་འདིའི་རིགས་ཤེས་ཀྱི་མེད་པས། ངས་བཤད་མེད་པར་ཁྱེད་ཀྱིས་ཚོད་དཔག་ཐུབ་ངེས་ཡིན།”
རྒྱུན་ཤེས་ཀྱི་ཐད་མན་གྷ་མམ་ལས་ནན་གྷམ་མ་ཞན་པ་རྩ་བ་ནས་མི་འདུག །ཁྱིམ་ཚང་དེའི་ནང་འཐབ་རྩོད་འདི་ད་དུང་རྒྱུན་མཐུད་ནས་འགྲོ་མུས་ཡིན་ཞིང༌། བུད་མེད་དེ་ཡི་བུ་དང་སྐྱེས་སྨན་འདིའི་ཁྱོ་གར་གྱུར་བའི་མི་དེའི་ཆེད་དུ་འཁྲུག་པ་འདི་འཁྲུགས་པ་རེད། ཨ་མས་ཁོ་བློས་མི་གཏོང་བའི་ཐག་བཅད་ཅིང༌། དེ་མཚུངས་སུ་སྐྱེས་སྨན་འདིས་ཀྱང་ཁོ་འཇུས་རྒྱུར་བློ་ཐག་བཅད་ཡོད། གནས་ཚུལ་འདི་འདྲའི་ནང་དུ་རྒྱལ་ཁ་དང་ཕམ་ཉེས་ཀྱི་གཏམ་གླེང་རྒྱུ་ནི་དཀའ་བའི་གནས་ཤིག་རེད། མནའ་མ་ནི་ཆུ་སྲིན་ཞིག་ཆུའི་འོག་ཏུ་ཉེན་ཁ་མེད་པར་གནས་པ་དང་འདྲ་བར་ཕྲུ་གུའི་རྐང་པ་ནས་བཟུང་གིན་ཡོད་ཅིང༌། ཨ་མ་དེས་ཕྲུ་གུ་དེ་སྐྱོབ་ཐུབ་པའི་རེ་སྨོན་བཅངས་ཏེ་ཆུ་འགྲམ་ནས་ཁོའི་ལག་པ་གཉིས་ནས་འཐེན་གྱིན་ཡོད། ཕྲུ་གུའི་གནས་སྟངས་དེ་ཡིད་སྨོན་འཆོར་གཞི་ནས་ཆེས་རྒྱང་ཐག་རིང་པོར་གྱུར་ཡོད། མན་གྷམ་མ་སྟེ་ཞོ་འཚོང་མཁན་གྱི་གྲོང་གསེབ་ཁྱིམ་ཚང་དང༌། ཐཱང་གྷམ་མ་སྟེ་ཞོ་ཉོ་མཁན་གྱི་གྲོང་ཁྱེར་གྱི་ཁྱིམ་ཚང་གཉིས་ཀའི་ནང་འཁྲུག་རྩོད་འདི་གཅིག་མཚུངས་སུ་འབྱུང་མུས་ཡིན་ཞིང༌། ཟློས་གར་འདི་ཡི་འཁྲབ་ཚན་མཐའ་མ་དེ་དུས་ནམ་ཡང་འབྲི་རྒྱུ་མིན།། །།

4 comments:

  1. ཆ་ཚང་བཀློགས་པ་ཡིན། དངོས་གནས་སྒྲུང་སྙན་མོ་འདུག ཐུགས་རྗེ་ཆེ།

    ReplyDelete
  2. འགྱུར་ཡག་པོ་ཞིག་མ་རེད། མ་ཡིག་གང་དུ་ཡོད་དམ།

    ReplyDelete
  3. ཚིག་དོན་གཉིས་ཀ་གསལ་ཞིང་། གོ་བདེ་བས་ཐུགས་རྗེ་ཆེ་ཞུའོ།།

    ReplyDelete
  4. ཐུགས་སྣང་གནང་མཁན་ཚང་མར་ཐུགས་རྗེ་ཆེ། གོང་དུ་གཅིག་གིས་འགྱུར་འདི་མི་ལེགས་པའི་སྐོར་གསུངས་འདུག ཕྱོགས་གང་ལ་སྐྱོན་ཡོད་མེད་གསུངས་གནང་ན། ཕྲན་གྱི་ངོས་ནས་ལམ་སང་ལེགས་བཅོས་ཞུས་ཆོག མ་ཡིག་ནི་དེབ་གཟུགས་ཤིག་ཡིན་པས། པར་སྐྲུན་བདག་དབང་དབང་གིས་དྲ་ལམ་དུ་འཇོག་ཐབས་མ་མཆིས།། ཐུགས་རྗེ་ཆེ།

    ReplyDelete