2013-07-14

གྱེས་ཁའི་ལམ་མདོ།


ཚང་ཚིང་ནགས་ཀྱི་ཁྲོད་ན་ལམ་ཆུང་གཉིས།།
ང་རང་གཡས་འགྲོ་ཁྱེད་རང་གཡོན་འགྲོ་རེད།།
མཉམ་དུ་འགྲིམས་པའི་ལམ་ཐག་རིང་པོ་དེ།།
དགོད་སྒྲས་ཁེངས་ཀྱང་ད་ནི་སྐྱོ་བའི་རྒྱུ།།

ང་རང་གཡས་ལམ་འགྲོ་དགོས་བསྐོས་ཐང་རེད།།
ཁྱེད་རང་གཡོན་ལམ་འགྲོ་དགོས་འདམ་ག་རེད།།
ཐུན་མོང་ལམ་གཅིག་མེད་པའི་ནགས་གསེབ་ཏུ།།
རེ་བའི་བྱ་སྒྲོས་སྨོན་པའི་ཤིང་ལོ་བྲིས།།

སྙིང་གི་གཏིང་ནས་ཐོན་པའི་ཁ་རླངས་ཀྱིས།།
རླུང་ཁམས་ཧྲིལ་པོ་བརྩེ་བས་ཁྱབ་པར་བྱས།།
རྐང་གི་རུས་པ་དྲོད་པའི་ཟབ་ཚད་དེ།།
མིག་ཆུ་གྲང་མོས་ནམ་ཡང་མཚོན་ཐབས་དབེན།། 


ཁྱེད་ཀྱིས་ཡོད་ཚད་ང་ལ་གནང་ཟིན་ཀྱང་།།
ད་ནི་ཡོད་ཚད་འཁྱེར་ནས་འགྲོ་མཁན་རེད།།
དབྱར་གྱི་ནགས་ཚལ་མཛེས་བྱེད་ལོ་མ་རྣམས།།
དགུན་དུས་ས་ལ་བྲུལ་ཏེ་རུལ་བར་ངེས།།

འདུས་མདོ་འདི་ནས་ཁྱེད་ཉིད་སྔོན་ལ་ཕེབས།།
རྒྱབ་གཟུགས་རྐང་རྗེས་དེ་ལ་བལྟ་བར་འདོད།།
འཕྲད་ནས་འདྲིས་ཤིང་དེ་ནས་བྲལ་བ་ཡི།།
གཟུགས་བརྙན་ཆ་ཚང་སྙིང་ལ་བརྐོ་རྩིས་ཡོད།།

ཤིང་རྩེའི་བྱིའུ་དང་ཕྱེ་ལེབ་སྤྲིན་དཀར་རྣམས།།
ང་ཡི་སེམས་པ་ཡིན་པ་མཁྱེན་པར་མཛོད།།
ལམ་འགྲམ་ཆུ་དང་མེ་ཏོག་དེ་དག་ཀྱང་།།
ཁོ་བོའི་སྨོན་འདུན་ཡིན་པས་ད་ཕེབས་ཤིག །


འདོད་པ་ཡོད་ཀྱང་གདམ་ག་མེད་པས་ན།།
ཁོ་བོ་འདི་ནས་གཡས་ལམ་འགྲིམས་ནས་འགྲོ།།
རང་ཡུལ་ཤོར་བའི་འཁྱམ་པོའི་གོམ་ཁ་ལ།།
དགོད་སྒྲས་དབེན་པ་ཁྱེད་ཀྱིས་མཁྱེན་གསལ་རེད།། 


བྱ་སྒྲོ་དཀར་པོའི་སེམས་ཁ་སྙི་དྲགས་པས།།
བྲལ་གདུང་འདི་འདྲ་སླར་ཡང་བཟོད་པར་དཀའ།།
དེ་ཕྱིར་ལམ་ཁ་གཉིས་འདིས་རང་ཅག་གཉིས།།
ཐ་དད་འཇིག་རྟེན་གཉིས་ལ་འཁྲིད་པར་སྨོན།།

4 comments:

  1. སྙན་ངག་འདི་གོ་བདེ་ལ་སྙན་པོ་འདུག

    ReplyDelete
  2. སྙན་ངག་འདི་ཐེངས་ཁ་ཤས་བཀླགས་པ་ཡིན། ཚིག་སྦྱོར་དང་སྒྲོམ་གཞི། ནང་གི་སེམས་པ་མཚོན་སྟངས་དེ་ཚོ་ཧ་ཅང་ཡག་པོ་བྱུང་འདུག རྒྱུན་རིང་སྙན་ངག་འདི་འདྲ་ཀློག་རྒྱུ་མ་བྱུང་། ཐུགས་རྗེ་ཆེ།

    ReplyDelete
  3. ཨ་འདུས་མིག་ཆུ།July 27, 2013 at 10:34 PM

    བརྩེ་དུང་གིས་ཕྱུག་ཅིང་། ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་འདི་འདྲ་༼རྣ་བར་སྙན་ཞིང་ཡིད་དབང་འཕྲོགས་པ་༽་ཞིག་རེད་ལ། ཐ་སྙད་ཀྱི་མཛེས་པ་ལ་བརྟེན་ནས་ནང་སེམས་ཀྱི་འཇིག་རྟེན་གསལ་མཚོན་བྱས་ཤིང་། མཚོན་བྱེད་རྒྱན་མཛེས་ཡིད་འོང་གི་ཐ་སྙད་དག་གིས་མི་རིགས་ཀྱི་འཚོ་གནས་གསལ་མཚོན་བྱས་པའི་སྙན་ངག་ཡག་པོ་ཞིག་རེད་འདོད།

    ReplyDelete
  4. རིག་ལྡན་ལགས་དང་། ཨ་འདུས་མིག་ཆུ། ད་དུང་མཚན་མི་གསལ་བའི་ཀློག་པ་པོ་ཞིག་བཅས་ཀྱིས་སྙན་ངག་འདིར་གདེང་འཇོག་གནང་བར་ཐུགས་རྗེ་ཆེ།

    ReplyDelete