2015-04-07

མཐུན་འགལ།

ཐུར་འབབ་ཆུ་བོ་གྱེན་འབར་མེ་ལྕེར་སུ་ཡིས་མཐོང་།།
དགའ་བྱེད་གཏམ་དག་སྐྱོ་བྱེད་གླུ་རུ་སུ་ཡིས་བཤད།།
མཐུན་བྱེད་ལམ་བཟང་འགྲས་བྱེད་གཤེད་དུ་སུ་ཡིས་བཀྲལ།།
གྲོལ་བྱེད་དབང་དག་བསྐྱིགས་བྱེད་ལས་ལ་སུ་ཡིས་བསྐོས།།

བྱིའུ་འཕུར་བཞིན་ལོ་མ་ལྷུང་བཞིན་སེམས་པ་སེམས་ལ་མེ་བཞིན་འབར།།
ཁ་བ་བཞུར་བཞིན་ཟིལ་པ་སྦྲུམ་བཞིན་སྙིང་ནི་སྙིང་ལ་རླབས་བཞིན་འཁྲུག །
ཁྱེད་ཕྱག་ཐལ་སྦྱར་ནོར་བུའི་བར་དུ་མེ་རུ་སྦར་བའི་ང་ཨེ་བཟུངས།།
ཁྱེད་སྙན་གསེར་གྱི་གའུ་དེ་ན་ཐལ་བར་བསྟིམས་པའི་ང་ཨེ་ཆུད།།
རང་དབང་ཉི་མའི་དཀྱིལ་འཁོར་ཁྱེད་ཉིད་མུན་པའི་གླིང་འདིར་འདྲེན་པ་ལ།།
སྲོག་གི་རྟ་སྟོང་ཉིན་རེར་འཛད་ཀྱང་དོན་ཡོད་ཡིན་ནོ་ཕེབས་སུ་གསོལ།།
ཁྲུང་ཁྲུང་འཕུར་བཞིན་ཁྲུང་ཁྲུང་ལོག་གྱིན་ཞིང་པའི་མིག་ཟུང་མིག་ཆུས་ལོང་།།
ཕྱི་བ་ཉལ་བཞིན་ཕྱི་ཕྲུག་ལངས་ཀྱིན་འབྲོག་པའི་སྙིང་ཆུང་སྣག་གིས་བཟས།།
སྨོན་ལམ་འདོན་བཞིན་ཕྲེང་བ་བགྲང་བཞིན་གང་ཡང་གང་གིས་འཛད་བཞིན་ཡང་།།
གཞིས་བྱེས་འཛོམས་འདོད་མི་འཛད་འཕེལ་བ་ཕུག་རོན་ཚོགས་ཀྱིས་མཐོང་བྱུང་ཟེར།།

ཐུར་འབབ་ཆུ་བོས་གྱེན་འབར་མེ་ལྕེ་གསོད་པ་སྲིད།།
གྱེན་འབར་མེ་ལྕེས་ཐུར་ལྷུང་ཆུ་བོ་སྐེམ་པའང་སྲིད།།
གངས་ལྟར་དཀར་བའི།ཆུ་བཞིན་རིང་བའི།དོན་གྱི་རྒྱལ་ཁའི་དཔའ་དར་དེ།།
མཁའ་བཞིན་ཡངས་པའི།རི་ལྟར་བརླིང་བའི།དཔའ་བོ་གང་ལ་བསྒྲོན་ཚར་སོང་།། །།

No comments:

Post a Comment