2015-05-11

འཁྱམ་པོ། ཁ་དོག་མེད་པའི་འཚོ་བ།

གཅིག
༅༅།། ཁྱི་སྐྱག་གིས་ཉལ་ཁྲིའི་ཐོག་ནས་སྟོད་ཡར་དགྱེ་སྟེ། ལག་པས་མིག་འཕུར་འཕུར་བྱས་རྗེས་ལག་མགོའི་རང་འགུལ་ཆུ་ཚོད་ལ་ལྟ་ཙམ་བྱས། ཞོགས་པའི་ཆུ་ཚོད་བཅུ་པ་ཡོལ་ཟིན་པས་གསེར་མདོག་གི་ཉི་འོད་སྒེའུ་ཁུང་བརྒྱུད་ནས་འཕྲོས་ཡོང་ལ། ནམ་རྒྱུན་མཐོང་མི་ཐུབ་པའི་རྡུལ་མང་པོ་ཞིག་འོད་ལ་བརྟེན་ནས་མཐོང༌། ཁོས་ཉལ་ཁྲིའི་འགྲམ་དུ་ཡོད་པའི་ཅོག་ཙེ་གོབ་ཏོ་དེའི་ཐོག་ནས་མདང་ནུབ་འཐེན་འཕྲོར་ལུས་པའི་ཐ་མག་རྐང་གཅིག་དེ་བླངས་ནས་མེ་སྒྲོན། ཁོས་ཐ་མག་འཐེན་ཞོར་གཅིག་འཐུང་འདོད་སྐྱེས་ཏེ། ཅོག་ཙེའི་ཐོག་གི་རྦི་རག་ཤེལ་དམ་དེ་བླངས་ནས་སྐྱོམ་སྐྱོམ་ཞིག་བྱས། འོན་ཀྱང་དེ་སྟོང་པ་ཡིན་པ་ཤེས་རྗེས། ཉལ་ཁྲིའི་འོག་ཏུ་གཡུག སྐད་ཅིག་སྐད་ཅིག་ལ་འགྱུར་ལྡོག་འགྲོ་བཞིན་པའི་ཐ་མག་གི་དུ་བའི་བཟོ་དབྱིབས་ལ་ལྟ་བཞིན་ཁོ་རང་བསམ་གཞིགས་ཀྱི་ནང་དུ་ལྷུངས་

“ཁྱི་སྐྱག་ལགས། གསོལ་ཇ་མཆོད་” སྒྲོལ་མས་འཛུམ་དམུལ་དམུལ་ངང་ཁྱི་སྐྱག་གི་མགོའི་ཐོག་གི་ཉལ་ཆས་ཚུར་འཐེན་བཞིན་སྨྲས། ཁོས་སྟོད་ཡར་དགྱེ་བ་དང་འབྲེལ་མིག་འཕུར་ཙམ་བྱས་རྗེས། ཇ་བསྲུབས་མ་སེར་ཐིང་ངེར་བླུགས་པའི་ཇ་དཀར་ལག་ཏུ་བླངས་ནས་ཇ་བཏུང༌། “ཁྱི་སྐྱག་ལགས་” སྒྲོལ་མས་ཉལ་ཁྲིའི་ཟུར་དུ་བསྡད་དེ་མགོ་གུག་གུག་ངང་སྨྲས། “ང་ལ་དགོངས་པ་མ་བཞེས་ནའང༌། ཁོག་ནང་གི་ཕྲུ་གུ་ལ་དགོངས་པ་བཞེས་ཏེ། ཕྱི་ལ་འཁྱམས་ཏེ་བཞེས་རག་མ་མཆོད་རོགས” ཁོས་མ་འདོད་པའི་སྣ་ཤུ་ཞིག་དང་བཅས་ཇ་དཀར་བཞག་སྟེ་ཡང་སྐྱར་ཉལ་ཆས་མགོ་ལ་གྱོན་ནས་ཉལ། “ཁྱི་སྐྱག་ལགས། སྐུ་མཁྱེན། དགོངས་པ་བཞེས་རོགས། ཁྱེད་ཀྱིས་རྟག་པར་འདི་འདྲ་གནང་ན། ངས་སྡུག་རུས་ཐུབ་ས་མ་རེད” 

“ཨཱ། སྡུག་རུས་མ་ཐུབ་ན་སྡུག་གྱོང་རེད། ངའི་མཉམ་དུ་སྡུག་རུས་མི་ཐུབ་བཞིན་དུ་སུས་སྡོད་ཟེར་རམ་” ཁྱི་སྐྱག་གིས་ཉལ་ཆས་ནང་ནས་ཧོབ་ལངས་བྱས་ཏེ་དེ་ལྟར་བཤད། 
“ཁྱི་སྐྱག་ལགས། དེ་འདྲ་མ་གསུངས་དང༌། ང་ཡག་ཀྱང་རུང༌། སྡུག་ཀྱང་རུང༌། ཁྱེད་ཀྱི་བཟའ་ཟླ་རེད ” 
“ཧ་ལས་རྒྱུ་གང་ཡོད། ཁྱེད་རང་སྡུག་རུས་ཐུབ་ནའང་འདྲ། མ་ཐུབ་ནའང་འདྲ། ང་འདི་འདྲ་ཡིན་” ཐ་མག་གི་མེ་ཁོའི་ལག་པའི་མཛུབ་མོར་ཐུག་པས་ཁོ་དང་སྒྲོལ་མ་གཉིས་དབར་བྱུང་བའི་མཐའ་མའི་འཁྲུག་རྩོད་དེ། ཕྱིར་དྲན་བྱེད་མཚམས་ཆད། ཁོས་ནང་འཇམ་གྱོན་ནས་ཡར་ལངས་རྗེས་ཁྲུས་གཞོང་ཁྱེར་འོང་ནས་གདོང་བཀྲུ་རྩིས་བྱས། འོན་ཀྱང་ཆུ་ཟོམ་སྟོང་པ་ཡིན་པ་ཤེས་རྗེས་དབུགས་རིང་ཤིག་བཏང༌། དེ་ནས་དུང་པན་ཁྱེར་ནས་སྒོར་ཐོན། དུད་ཁྱིམ་སུམ་ཅུ་ཙམ་ཡོད་པའི་སྒོ་རྭའི་དབུས་ཀྱི་ཆུ་ཀ་ལའི་གཡས་གཡོན་དུ་གོས་དང༌། ཚལ་སོགས་འཁྲུད་མཁན་ཧ་ཅང་མང་ཡང་ཚང་མ་ཁྱི་སྐྱག་མཐོང་བ་དང་ཁུ་སིམ་མེར་གྱུར། ཁོས་ཁ་ཐུག་ཀ་ལའི་ཕྱོགས་སུ་ཕྱིན་པས། མགོ་སྐྲ་འཁྲུད་བཞིན་པའི་གཡང་སྐྱིད་ཀྱིས་དགོད་ཙམ་ངང་ཁོ་ལ་ཆུ་ལེན་དུ་བཅུག ཁོས་ཆུ་དུང་པན་གང་བླངས་རྗེས་མགོ་དང་ངོ་གདོང་བཀྲུས། 
“ཁྱི་སྐྱགས་ལགས། དག་རྫས་དགོས་ན་འདིར་ཡོད་” གཡང་སྐྱིད་ཀྱིས་དག་རྫས་ཤིག་ཁོའི་ཕྱོགས་སུ་རྐྱོང་བཞིན་དེ་ལྟར་བཤད། 
“མི་དགོས་”ཁོས་ལན་གྲང་མོ་ཆུ་འདྲ་བ་ཞིག་བཏབ་རྗེས་དུང་པན་ནང་གི་ཆུ་རྣམས་གཤོས་ནས་ལོག མི་ཚང་མས་ལྕེའི་རྒྱ་གྲོལ་བ་བཞིན་གླེང་མོལ་བྱས་ཤིང༌། དེ་དག་གི་ཁྲོད་དུ་གཡང་སྐྱིད་གཅིག་པུས་ཁ་ཁུ་སིམ་པོའི་ངང་སྐྲ་ཆུ་བཤལ་བཏང༌།

ཁོས་ཤེལ་གྱི་མེ་ལོང་ཆེན་པོ་དེའི་མདུན་དུ་ལངས་ཏེ། སྐྲ་རིང་པོ་དེ་སྐྲ་ཤད་ཀྱིས་ལེགས་པར་ཤད་ཟིན་རྗེས། ཇིན་(jean)གྱི་གོས་ཐུང་ཞིག་གྱོན་པ་དང༌། དེའི་ཐོག་ཏུ་འོག་འཇུག་ཁྲ་ཁྲ་ཞིག་གྱོན། དེ་ནས་རས་ཀྱི་སྟོད་ཐུང་ཞིག་གྱོན་ནས་མེ་ལོང་ནང་ཞིབ་ལྟ་ཞིག་བྱས། འོན་ཀྱང་དེ་བློ་ལ་མ་བབས་པས་འཕུད་དེ་ཇིན་གྱི་སྟོད་གོས་རྒྱབ་ངོས་ན་ཅུང་ཟད་རལ་བ་ཞིག་གོན་ནས་མེ་ལོང་ནང་ཡང་བསྐྱར་ཞིབ་ལྟ་ཞིག་བྱས་པས། ད་གཟོད་ཆེ་ལ་རིང་བའི་གདོང་གི་ངོས་སུ་ཡིད་ཚིམ་པའི་ཉམས་ཤིག་ཤར། ཁོས་སྔས་མགོའི་འོག་ཏུ་བཞག་པའི་གྲི་ཆེ་ཆུང་གཉིས་པོ་དེ་ལས། ཆེ་བ་དེ་གྲི་ཤུབས་ནང་ནས་ཕྱིར་བཏོན་ཏེ་སོ་ལ་མཛུབ་མོས་རེག་ཙམ་བྱས་ཤིང༌། ཡང་སྐྱར་ཤུབས་ནང་བཅུག་ནས་སྐེད་པའི་མཚམས་སུ་མི་མངོན་པར་གཟེར། གྲི་ཆུང་དེ། ཆེད་དུ་འདོགས་ས་བཟོས་ཡོད་པའི་གོས་ཐུང་གི་རྐང་མགོའི་ནང་བཅུག་སྟེ། ཀོ་ལྷམ་དེ་ལ་རས་ལྷེབ་ཅིག་གིས་ཕྱིས་བརྡར་བཏང་རྗེས། སྒོའི་ཕྱོགས་སུ་ཕྱིན། ཁོས་ཡང་སྐྱར་གཅིག་དྲན་པས་ཡར་ཡོང་སྟེ། ཨ་མའི་འཁྲུངས་རྟགས་རིགས་གསུམ་མགོན་པོའི་ཐང་ག་དེའི་མདུན་དུ་སྤོས་རྐང་གཅིག་ལ་མེ་བསྒྲོན་ཅིང༌། སྨོན་ལམ་འགའ་བཏབས། སྒོ་ལ་སྒོ་ལྕགས་བརྒྱབ་ནས་སྒོ་རྭའི་ཆུ་ཀ་ལ་བརྒྱུད་དེ་རྒྱལ་སྒོ་ནས་ཐོན། མི་ཚང་མས་ཁོའི་རྗེས་སུ་བལྟས་ཤིང༌། གཡང་སྐྱིད་ཀྱིས་ཀྱང་ཁོའི་རྗེས་སུ་བལྟས། དེ་ནས་མོས་ཉི་མར་སྐྲ་ཤད་ཞོར་དུ་ད་ལྟ་ཕྱི་ལ་སོང་མ་ཐག་པའི་ཁྱི་སྐྱག་དང་མོ་རང་དབར་བྱུང་བའི་འདས་དོན་ཞིག་ཡིད་ལ་འཁོར་

“ཁྱི་སྐྱག ཐ་མག་འཐེན་གྱི་ཡོད་དམ་” 
“མེད། ག་རེ་འདུག” 
“ཐ་མག་གི་དྲི་མ་ཁ་ཡི་འདུག” ཁྱི་སྐྱག་གིས་སྟོད་གོས་ལ་དྲི་མ་སྣོམ་ཙམ་བྱས་རྗེས་ 
“གློག་བརྙན་ཁང་ནང་ཐ་མག་འཐེན་མཁན་མང་སྟབས། འགོས་པ་ཡིན་ངེས་” 
“སྐྱག་རྫུན་” 
“ཡིད་བཞིན་ནོར་བུ། སྐྱག་རྫུན་མིན་” གཡང་སྐྱིད་དང་ཁྱི་སྐྱག་སློབ་ཆུང་ནས་ཁྱིམ་དུ་ལོག་ཡོང་བའི་ལམ་བར་དུ་དེ་ལྟར་བཤད་རེས་བྱས། སློབ་གྲྭ་ནས་ཁྱིམ་དུ་ལོག་ཡོང་སའི་ལམ་གྱི་གཡས་གཡོན་དུ་ཆུ་འགྲོའི་ཡུར་བུ་བཟོ་ཆེད་བསྔོགས་པའི་ས་ཕུང་གིས་ཁེངས། དེ་ནི་ལོ་རབས་དྲུག་ཅུ་པའི་ནང༌། ལྷ་སའི་གནའ་ཤུལ་ཡོད་ཚད་ལ་གཞི་རྒྱ་ཆེ་བའི་གཏོར་སྐྱོན་བྱུང་བ་མ་ཟད། གྲོང་མིའི་ཁང་ཁྱིམ་སོགས་ལའང་ཡར་རྒྱས་དམིགས་བསལ་མ་བྱུང་བའི་རྗེས་ཏེ། ལོ་རབས་བརྒྱད་ཅུ་པ་འདིའི་ནང་གཞི་ནས་ཕྱོགས་མང་པོར་འཛུགས་སྐྲུན་བྱེད་འགོ་བཙུགས་པའི་ཆ་ཤས་ཤིག་ཡིན། གཡང་སྐྱིད་ཀྱིས་ཁྱི་སྐྱག་ལ་བྱེ་རིལ་ཞིག་སྤྲད། ཁྱི་སྐྱག་གིས་བྱེ་རིལ་མུར་ཞོར་ཤོག་བུའི་གནམ་གྲུ་ཞིག་བཟོས་ནས། “གཡང་སྐྱིད། ང་ཆེན་པོ་ཆགས་རྗེས་གནམ་གྲུ་གཏོང་མཁན་བྱེད་ཀྱི་ཡིན། འུར་་་འུར་་་་་་” ཞེས་ཁོའི་ཁ་ནས་གནམ་གྲུའི་སྒྲ་དང་འདྲ་བ་ཞིག་འདོན་ཞོར། ལག་པ་གཉིས་གནམ་གྲུའི་གཤོག་པ་ཡིན་ཁུལ་གྱིས་བརྐྱངས་ནས་ཕར་ཡོ་ཚུར་ཡོ་བྱེད་བཞིན་རྒྱུག 
“འུར་་་ངས་རང་ཐག་རིང་པོ་རིང་པོ་ཞིག་ལ་འཁྲིད་ཆོག ཧ་ཧ་་་འུར་་་་ཨ་རུ་་” གློ་བུར་ཁྱི་སྐྱག་གི་རྐང་པ་གཅིག་ལ་ཐོགས་ནས་གྱེལ། གཡང་སྐྱིད་མྱུར་དུ་ཕྱིན་ནས་ཁོ་ཡར་བསླངས་ཤིང༌། ལུས་ཀྱི་ཐལ་རྡུལ་རྣམས་བརྡབས། 
“ཁྱི་སྐྱག རྫུལ་སྐྱལ། འདི་ག་རེ་རེད་” གློ་བུར་མོས་དེ་ལྟར་རྗོད་བཞིན་ཁོ་ལ་འབུད་རྒྱག་ཅིག་བྱས་པས། ཁོ་ཡང་སྐྱར་ས་ལ་གྱེལ། 
“ངོ་ཚ་རྒྱུ་མེད་པ། མནའ་ཟོས་ནས་” མོས་ས་ལ་ལྷུང་བའི་ཐ་མག་རྐང་གཅིག་ཡར་བསྒྲུགས་ནས་བསྟན་ཙམ་བྱས་རྗེས་ཡང་སྐྱར་ས་ལ་གཡུག་སྟེ་སོང༌། “གཡང་སྐྱིད། ང་སྒུགས་དང༌། ངས་རྗེས་སུ་དེ་འདྲ་མི་བྱེད་” ཁོས་གཡང་སྐྱིད་ཀྱི་མདུན་དུ་སོང་ནས་དེ་ལྟར་སྨྲས། 
“ང་ཁྱོད་དང་མཉམ་དུ་འགྲོ་ཡི་མིན། རང་སྐྱག་རྫུན་ཤོད་མཁན་རེད་” “ངས་རྗེས་སུ་དེ་འདྲ་བྱས་མི་ཡོང༌། དངོས་གནས་” 
“ ངོ་ཚ་མེད་པ། མནའ་བཟའ་མཁན་” མོས་དེ་ལྟར་རྗོད་ཞོར་མིག་ལོག་ཅིག་བལྟས་ནས་སྔོན་དུ་སོང༌། ཁྱི་སྐྱག་གིས་མོའི་རྗེས་སུ་ལྟ་བཞིན་ཀྲོང་ངེར་ལངས་ནས་གང་ཙམ་བསྡད་རྗེས། མོའི་རྐང་རྗེས་འདེད་བཞིན་སོང༌། 
“གཡང་སྐྱིད། ད་དུང་ཚར་མ་སོང་ངམ་” གཡང་སྐྱིད་ཀྱི་ཨ་མས་བོས་སྟབས། མོ་འདས་དོན་ཕྱིར་དྲན་གྱི་རྨི་ལམ་ལས་སད། གཡང་སྐྱིད་ཁྱིམ་གྱི་སྒོར་འཛུལ་བ་དང༌། ཐབ་ཚང་ནང་ནས་ཚལ་གྱི་དྲི་མ་ཞིམ་པོ་ཞིག་སྣ་ལམ་དུ་འཐུལ་འོང༌། “ཨ་མ་ལགས། ངས་ཞུས་ཆོག” གཡང་སྐྱིད་ཀྱིས་ཨ་མའི་ལག་ནས་ཚལ་སྐྱོགས་བླངས་ཏེ་ཚལ་དཀྲུགས། 
“འཇིགས་མེད་ཁྱིམ་དུ་ལོག་མ་ཡོང་བར་བདུན་ཕྲག་ཁ་ཤས་ཕྱིན་སོང༌། ག་པར་ཕྱིན་པ་ཡིན་ནམ” ཨ་མས་སེམས་ཁྲལ་ངང་བརྗོད་ 
“ ཨ་མ་ལགས། ཐུགས་ཁྲལ་མ་གནང༌། དངུལ་རྫོགས་པ་དང་ལོག་ཡོང་གི་རེད་” 
“ སེམས་ཁྲལ་མེད་པ་ག་དུས་ཡོང་གི་རེད། ད་ཁོས་བསམ་ཤེས་ཀྱིས་ང་ལ་བདག་པོ་མ་བརྒྱབ་ན། བུ་མོ་རང་ས་ཐག་རིང་པོ་ཞིག་ལ་ལས་བགོས་བྱས་ཚེ། ང་གང་འདྲ་བྱེད་དགོས་རེད་” ཨ་མས་སེམས་ངལ་ཆེན་པོས་དེ་ལྟར་བརྗོད་པས་གཡང་སྐྱིད་ཀྱི་སེམས་ལའང་བཟོད་མི་བདེ་བ་ཞིག་བྱུང་ནའང༌། ཁ་ནས་ “ཨ་མ་ལགས། ཐུགས་ཁྲལ་གནང་མི་དགོས། གཞུང་ལ་དཀའ་ངལ་ཞུས་ན། ལས་བགོས་ཐོག་དགོངས་བཞེས་གནང་གི་རེད་”ཅེས་སྨྲས།

གཉིས།
ཉི་འོད་སེར་ཐིང་ངེར་ཁྱབ་པའི་ལྷ་ས་གྲོང་ཁྱེར་ནི། གྲོག་ཚང་ནང་ནས་འབུ་གྲོག་མ་དུས་གཅིག་ལ་ཐོན་པ་ལྟར། ཟང་ཟིང་ཧ་ཅང་ཆེ། རླངས་འཁོར་དང༌། རྐང་འཁོར། སྦག་སྦག་སོགས་ཕར་འགྲོ་ཚུར་འོང་ཆད་མེད་དུ་བྱེད་པའི་གཞུང་ལམ་གཡས་གཡོན་དུ༌ཚོང་ཁང་དང༌། ཟ་ཁང༌། སྤྲོ་སྐྱིད་ཁང་སོགས་རིམ་པར་ཆགས་ཤིང༌། རྒྱ་མི་རྐང་འཁོར་བཟོ་མཁན་དང༌། ལྷམ་བཟོ་མཁན། འཚེམ་བཟོ་བ། ཚོང་ཙག་ཙིག་རྒྱག་མཁན་རྣམས་ཀྱིས་ཉི་འོད་སྒྲིབ་ཆེད། རྩྭ་ཞྭ་དཀར་པོ་རེ་གྱོན་ནས་རང་རང་གི་ཕྱོགས་ལ་མགྲོན་པོ་རེ་འཁོར་བར་སྤྱང་ཀི་ཤ་ལ་རེ་བ་ལྟར་བསྒུགས། སྙིང་ནག་གིས་གོམ་ཞེང་ཆེན་པོས་“སྒམ་ཆུང་”ཟ་ཁང་གི་སྒོའི་ནང་འཛུལ་ཏེ། ཅོག་ཙེ་ནར་མོ་རེའི་གཡས་གཡོན་དུ་འཁོད་ནས་ཇ་མངར་མོར་རོལ་བཞིན་པའི་མི་ཚོགས་རེ་རེ་བཞིན་ལ་བལྟས། “ ཝ་ཡེ། སྙིང་ནག” ཁྱི་སྐྱག་གི་མཉམ་དུ་ཇ་འཐུང་བཞིན་པའི་རྫིག་རལ་གྱིས་ལག་པ་རྐྱོང་ཙམ་གྱིས་བོས། སྙིང་ནག་གིས་ཁོ་གཉིས་ཡོད་སར་ཕྱིན་ནས་ནམ་རྒྱུན་བཞིན། ཐ་མག་སྒམ་ཆུང་ཞིག་ཁྱི་སྐྱག་གི་མདུན་དུ་འཇོག་ཞོར་རྐུབ་སྟེགས་ཐོག་བསྡད། རྫིག་རལ་གྱིས་ཇ་ཕོར་ཅོག་ཙེའི་ཐོག་ “ཏག ཏག་་་” ཞེས་བརྡབས་ནས་ཇ་ཞུ་བུ་མོར་ཇ་བླུགས་དགོས་པའི་བརྡ་བཏང༌། མིང་དངོས་ནས་མི་འབོད་པར་མིང་འདོགས་གཞན་ཞིག་སྤྱད་དེ་འབོད་པ་དང༌། འབོད་ཡུལ་དེས་ཀྱང་དེ་ལ་དགའ་སྣང་བྱེད་པ་ནི། འཁྱམ་པོ་ཚོའི་གཤིས་ལུགས་ཤིག་ཡིན་པ་འདྲ། རྫིག་རལ་དང་སྙིང་ནག་གཉིས་ལ་དངོས་མིང་རེ་ཡོད་ཀྱང༌། ད་ལྟ་ཚང་མས་རྫིག་རལ་དང་སྙིང་ནག་ཅེས་པ་ལས་འབོད་མཁན་མེད། ཁོང་གཉིས་ནི་ལྷ་སའི་ཉེ་འཁོར་གྱི་གྲོང་གསེབ་ཅིག་ནས་ཡིན་ཞིང༌། དམག་མི་ལོ་གསུམ་བྱས་རྗེས་ཞིང་ཁུལ་དུ་སློག་པས། ཞིང་ལས་མ་སྒྱིད་པར་ལྷ་སར་འཁྱམས་བསྡད་པ་གཉིས་ཡིན། “མདང་ནུབ་གང་འདྲ་བྱུང༌།” “ཁོ་ལས་སླ་པོ་རེད། གཞིས་རྩེར་སྐད་གྲགས་ཡོད་ཀྱང༌། ངའི་ལག་འོག་ནས་འཕག་རྒྱུ་གང་ཡང་མི་འདུག”སྙིང་ནག་གིས་སྤོབས་ཉམས་ངང་བཤད། 
“ག་ཚོད་སྤྲད་བྱུང༌།” རྫིག་རལ་གྱིས་ཇ་འཐུང་བཞིན་དྲིས། སྙིང་ནག་གིས་ཇ་འཐུང་ཞོར་མཛུབ་མོ་གཉིས་ཀེར། 
“ ཉིས་བརྒྱ་” ཁྱི་སྐྱག་གིས་དྲིས་ “ཁོང་ཚོས་སྟོང་ཕྲག་གཅིག་སྤྲོད་རྒྱུ་བྱས་ནས། དེ་ལས་མ་སྤྲོད་དོན་ག་རེ་རེད་” 
“ཁ་ཆད་བཞིན་གནས་ཚུལ་གཙང་མ་བཟོས་རྗེས་སྤྲོད་རྒྱུ་རེད་”སྙིང་ནག་གིས་བཤད། 
“དེ་ལྟར་ཡིན་ན་འགྲིགས། ང་ལྟོགས་བྱུང༌། ཟ་ཁང་གཞན་ཞིག་ལ་འགྲོ ” ཁྱི་སྐྱག་གིས་དེ་ལྟར་བརྗོད་བཞིན་ཡར་ལངས།

དེ་ཙམ་གྱིས་ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མེད་པའི་རྒྱ་མིའི་ཟ་ཁང་དེའི་རྩིགས་ངོས་སུ་གྲགས་ཆེན་གཞས་མ་དང༌། གློག་བརྙན་འཁྲབ་མཁན་སོགས་ཀྱི་འདྲ་པར་སྦྱར་ཡོད་ལ། ནུ་ཁེབས་དང་ཆུ་རས་གཅིག་པུ་གྱོན་པའི་བུ་མོའི་པར་ཆེན་པོ་འགའ་ཡང་སྦྱར་ཡོད་པས་ཁྲ་ཁྲ་ཟིང་ཟིང་དུ་མཆིས། ཚལ་རིགས་སྣ་ཚོགས་མདུན་ཅོག་སྟེང་བཤམ་ཞིང༌། དེའི་མཐའ་སྐོར་དུ་ཁྱི་སྐྱག་ཁོང་ཚོ་གསུམ་བསྡད་དེ་ཟས་ལ་རོལ།

“ཚལ་འདི་བྲོ་བ་ཆེ་བ་ལ། ད་དུང་རྦི་རག་ཅིག་ཡོད་ན་”སྙིང་ནག་གིས་ཚལ་ཟ་བཞིན་སྨྲས། 
“ཚལ་ལ་སྒོར་མོ་བརྒྱ་རེད། ད་དུང་བརྒྱ་ཡོད་སྟབས་བཏུང་ཆོག་གི་རེད་” རྫིག་རལ་གྱིས་སྙིང་ནག་ལ་ལྟ་བཞིན་བརྗོད། 
“ཤེལ་དམ་ག་ཚོད་” 
“ད་ལྟ་མིན། ཏོག་ཙམ་ནས་འཇར་མག་གླིང་ཁར་་་” རྫིག་རལ་གྱིས་ཀུ་རེའི་ཉམས་ཀྱིས་བཤད་ཞོར་ཁྱི་སྐྱག་ལ་བལྟས། ཁྱི་སྐྱག་ནི་ཁྱི་ལྟོགས་པ་ཞིག་དང་འདྲ་བར་ཁ་ཆེན་པོ་དེ་གདངས་ཏེ། ཚལ་དང་འབྲས་ཟ་བཞིན་ཡོད་པ་ལས། ཁོ་གཉིས་ཀྱི་སྐད་ཆར་དོ་སྣང་བྱེད་ཀྱི་མེད་པ་དེ་མཐོང་བས་གད་མོ་ཤོར། ཁྱི་སྐྱག་གིས་ཁོ་གཉིས་ཀྱིས་རང་ལ་གད་མོ་དགོད་པ་ཤེས་པ་དང༌། 
“མདང་ནུབ་འཐུང་རྒྱུར་མགོ་འཁོར་ནས། ཟ་རྒྱུ་བརྗེད་འདུག”ཅེས་བརྗོད། “རྒྱགས་ཚད་ཟོ། དོ་ནུབ་དམག་ཆེན་ཞིག་འཁྲུགས་དགོས” ཁྱི་སྐྱག་གིས་དེ་གོ་བ་དང་བཟའ་མཚམས་བཞག་ནས་ 
“དོ་ནུབ་སུ་དང༌།”ཞེས་དྲིས། 
“མདང་ནུབ་ཀྱི་དམག་དེའི་མཇུག་སྒྲིལ་ཡོད་མ་རེད། སྟག་ཁ་རལ་ཁོང་ཚོས་རྒྱབ་རྩར་ལངས་ཀྱི་ཡོད་པ་འདྲ་” སྙིང་ནག་གིས་དེ་ལྟར་མུ་མཐུད་ནས་ཟ་བཞིན་སྨྲས། 
རྫིག་རལ་གྱིས་ “ཨ་ཕའི་རོ། ཡང་སྟག་ཁ་རལ་ཁོ་རེད། ད་ཐེངས་ལྟད་མོ་ལྟོས་” 
ཁྱི་སྐྱག་གིས་ཐ་མག་ཅིག་ལ་མེ་སྦར་ནས་ཧུབ་གང་འཐེན་རྗེས་ “ངས་བལྟས་ན། ད་ཐེངས་གཡུག་ཞོགས། གཡོལ་ན་དགའ་” 
“ཡང་གཡོལ་རྒྱུ། སྔོན་མ་ང་ཚོས་གཡོལ་སྟབས། ཁོ་ལང་ལ་ཤོར་བ་རེད་” རྫིག་རལ་གྱིས་མ་འདོད་པའི་ངང་དེ་ལྟར་བཤད། 
“རེད། དེ་འདྲ་གཡོལ་ན། ང་ཚོའི་ལ་རྒྱ་ཡང་ཤོར་རྒྱུ་རེད་” སྙིང་ནག་གིས་བཤད། 
“ངས་བསམ་བློ་གཏོང་གི་ཡིན། འགྲོ གློག་བརྙན་ལྟ་བར་” ཁྱི་སྐྱག་གིས་དེ་ལྟར་བཤད་ནས་ཟ་ཁང་གི་སྒོ་ནས་ཐོན། རྫིག་རལ་དང་ཁྱི་སྐྱག་གཉིས་ཀྱང་ཁྱི་སྐྱག་གི་རང་གཤིས་རྒྱུས་ཡོད་སྟབས། གང་ཡང་མ་བཤད་པར་ཁྱི་སྐྱག་གི་རྗེས་སུ་སོང༌།

དེ་རིང་རེས་གཟའ་ཉི་མ་ཡིན་སྟབས། ལྷ་ས་གློག་བརྙན་ཁང་གི་མདུན་དུ། གློག་བརྙན་ལྟ་མཁན་དང༌། ཟས་རིགས་འཚོང་མཁན་གྱི་སྐད་སྒྲ། སྒྲ་ཕབ་འཁོར་ཐག་ཚོང་སྟེགས་ལས་གླུ་གཞས་གཏོང་བའི་སྒྲ་སོགས་ཟང་ཟིང་ཧ་ཅང་ཆེ། ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་གློག་བརྙན་འཛིན་བྱང་ཚང་མ་བར་ཁེ་ཟ་མཁན་ཚོས་སྡེབ་ཉོས་བྱས་ཟིན་པས། མི་ཚང་མས་མ་འདོད་བཞིན་དུ། བར་ཁེ་ཟ་མཁན་གྱི་ལག་ནས་རིན་གོང་ལྡབ་གཅིག་འཐོལ་པ་སྤྲད་དེ་འཛིན་བྱང་ཉོ་དགོས་ནའང༌། ཁྱི་སྐྱག་ཁོང་ཚོར་ཐུན་མོང་མ་ཡིན་པའི་དབང་ཤུགས་ཤིག་ཡོད་པ་ནི། འདི་འདྲའི་རིགས་ལ་དངུལ་སྐར་མ་གཅིག་ཀྱང་སྤྲོད་མི་དགོས་པར་འཛིན་བྱང་ལེན་ཐུབ་པ་དེ་ཡིན། གློག་བརྙན་ནི་ཧོང་ཀོང་(ཤང་ཀང༌)ནས་ཐོན་པའི་དྲག་རྩལ་གློག་བརྙན་གསར་པ་ཞིག་ཡིན་སྟབས། ཐོག་མར་ཁྱི་སྐྱག་གིས་རོགས་པ་གཉིས་པོ་དང་མཉམ་དུ། སྤྲོ་སྣང་ཆེན་པོས་བལྟས་ནའང༌། རིམ་གྱིས་ཁོའི་སེམས་པ་ད་ནངས་གཡང་སྐྱིད་ཀྱིས། རང་ལ་དག་རྫས་སྤྲད་པའི་གནས་ཚུལ་དེ་ལ་འཁོར་ཞིང༌། དེའི་ཕྱོགས་ལ་མུ་མཐུད་བསམ་གཞིགས་བྱས་པ་དང༌། གཡང་སྐྱིད་ཀྱི་ཨ་མའི་གདོང་རིས་གློག་བརྙན་བཞིན་དུ་འཆར་འོང༌། “ཁྱི་སྐྱག་ལགས། སྐུ་མཁྱེན། ངའི་བུ་མོ་ཁ་ཁར་གཞག་རོགས་གནང༌།”གཡང་སྐྱིད་ཀྱི་ཨ་མས་མིག་ཆུ་བཞུར་བཞིན་སྨྲས། 
“ཨ་མ། ངེད་གཉིས་དངོས་འབྲེལ་གྱི་དགའ་རོགས་ཡིན” 
“མིན། ཁྱེད་ཀྱིས་རང་གི་རིགས་རུས་ལ་བསམ་གཞིགས་ཀྱིས་ངའི་བུ་མོ་ཁ་ཁར་གཞག་རོགས། ངས་མཐེ་བོང་བསྟན་ཆོག” 
“་་་་་་”

“ཝ་ཡེ། དེ་རིང་ག་རེ་བྱས་སོང༌།”སྙིང་ནག་གིས་ཉི་མ་མེ་ཏོག་གི་འབྲས་བུ་ཤོག་དུམ་གང་ཁྱི་སྐྱག་ལ་རྐྱོང་བཞིན་བཤད། 
“གང་ཡང་མི་འདུག ང་ལ་སྒོར་བཅུ་སྤྲོད་དང༌།” 
“གློག་བརྙན་ལ་མ་བལྟས་པར་གང་དུ་འགྲོ་འམ”
 “སྒོར་མོ་བཅུ་སྤྲོད་དང༌།” ཁྱི་སྐྱག་གིས་སྒོར་མོ་བཅུ་དེ་འཁྱེར་ནས་གློག་བརྙན་ཁང་ནས་སོང་། གློག་བརྙན་ལ་དབྱིངས་ཞུགས་པའི་མི་ཚོགས་ཀྱི་ཁྲོད་ནས་ཁའི་ཟུར་དུ་གྲི་རྗེས་རིང་པོ་ཡོད་པའི་མི་ཞིག་གིས། ཁྱི་སྐྱག་གི་རྗེས་སུ་མིག་ཅེར་རེར་བལྟས།

གསུམ།
གཡང་སྐྱིད་ཀྱིས་དཔེ་ཚོང་ཁང་ནས་དེབ་ཁག་ཅིག་ཉོས་རྗེས། ཐད་ཀར་ཆོས་སྒྲོན་གྱི་ཚོང་ཁང་ནང་འཛུལ། ཆོས་སྒྲོན་གྱིས་གཡང་སྐྱིད་མཐོང་མ་ཐག “ངའི་ཚོང་ཁང་འདི་དེབ་ཚོང་ཁང་ལ་བསྒྱུར་ནི་མེད། དེ་རིང་ཁྱེད་རང་ཧོབ་སྟེ་ཕེབས་པ་ཡ་མཚན་ཆེ”ཞེས་ཀུ་རེའི་ཚུལ་གྱིས་བརྗོད་དེ། ཚོང་གཡོག་དང་བུ་རྫི་གཅིག་ལྕོགས་ཡིན་པའི་གྲོང་གསེབ་ཀྱི་བུ་མོ་དེ་ཚོང་ཁང་ནང་བཞག་ནས། གཡང་སྐྱིད་ཁང་པ་སྦུག་མའི་ནང་འཁྲིད། ཆོས་སྒྲོན་ནི་གཡང་སྐྱིད་ཀྱི་སློབ་འབྲིང་སློབ་གྲོགས་ཡིན་ཞིང༌། སློབ་གྲྭ་མ་ཐོན་གོང་ནས་ཁམས་པ་ཚོང་པ་ཞིག་དང་འབྲེལ་བ་བྱུང་སྟབས། སློབ་གྲྭ་ནས་རྩ་དགོངས་ཞུས་ཏེ། ཁམས་པ་དེ་ཕྱི་ལ་ཚོང་ཟོག་ཉོ་སྒྲུབ་དང༌། མོ་རང་གིས་ཚོང་ཁང་བཟུང་སྟེ་འཚོ་བ་སྐྱེལ་བཞིན་ཡོད། “ཚོང་དཔོན་ལགས། དེང་སྐབས་ཚོང་གང་འདྲ་འདུག་གམ”གཡང་སྐྱིད་ཀྱིས་ཇ་འཐུང་ཞོར་དུ་དྲིས། 
“ཚོང་ཨའུ་ཙམ་འདུག འོན་ཀྱང་ཁང་གླ་དང༌། དཔྱ་ཁྲལ་ཆེན་པོ་ཡིན་སྟབས་བྱུང་སོང་མགོ་ཐུག་ཙམ་རེད། ཁ་སྔོན་བུའི་པཱ་ལགས་གླ་རྩི་ཕྲན་བུ་ཞིག་གི་ཆེད་དུ། ཁྲིམས་ཁང་ལ་ཐུག་ནས་ཉེས་ཆད་ཆེ་ཐག་ཆོད་བཀལ་བྱུང༌།” ཞེས་ཆོས་སྒྲོན་གྱིས་གཡང་སྐྱིད་ལ་ཇ་བླུགས་ཞོར་དུ་རང་གི་དཀའ་ངལ་རྣམས་བཤད། “ཁྱེད་རང་སློབ་གྲྭ་ག་དུས་ཐོན་རྒྱུ་རེད་” 
“ད་ལོའི་ལོ་མཇུག་ལ་” “སོ་སོར་ཡོན་ཏན་ཡོད་ན། དངོས་གནས་ཡག་པོ་རེད་” 
“ཡག་རྒྱུ་ག་རེ་ཡོད། དེང་སྐབས་མགོ་འདྲེན་མེད་ན། སློབ་གྲྭ་ཆེན་མོ་ཐོན་ནའང་ལས་ཀ་གྲོང་གསེབ་ཅིག་ལ་རེད། གལ་ཏེ། ང་ལས་བགོས་ས་ཐག་རིང་པོ་ཞིག་ལ་བྱས་ན། ཨ་མ་ལགས་ལ་སུས་ལྟ་ཡི་རེད” 
“འཇིགས་མེད་ད་དུང་འཁྱམས་ཀྱི་འདུག་གམ། ཕྲུ་གུ་དེ་དངོས་གནས་རང་གི་ཨ་མས་གཅེས་ལང་བཏང་སོང༌།”གཡང་སྐྱིད་དང་ཆོས་སྒྲོན་གཉིས་ཀྱིས་དེ་ལྟར་གླེང་མོལ་བྱས་རྗེས། ཡུད་ཙམ་རིང་གཉིས་ཀ་ཁུ་སིམ་མེར་གྱུར། 
“ད་ལྟའི་སྤྱི་ཚོགས་འདི་བཤད་ནས་གང་ཡོང༌། དེ་ལས་ངེད་གཉིས་ཕྱི་ལ་མཉམ་དུ་མ་སོང་བར་ཡུན་རིང་ཕྱིན་སོང༌། དེ་རིང་ཁྲོམ་ལ་འགྲོ” 
“ཏག་ཏག་རེད། ངེད་གཉིས་ཁྲོམ་ལ་ཕྱིན་རྗེས། གློག་བརྙན་ཞིག་ཀྱང་ལྟ་བར་འགྲོ” གཡང་སྐྱིད་ཀྱིས་དེ་ལྟར་བརྗོད་དེ། ཡང་བསམ་བློ་ཞིག་བཏང་ནས། “ཕྲུ་གུར་སུས་ལྟ་ཡི་རེད་” 
“གྲོང་གསེབ་པའི་བུ་མོ་དེས་སྣང་དག་ཡོད་མ་རེད་”ཆོས་སྒྲོན་གྱིས་དེ་ལྟ་སྨྲ་བཞིན་མེ་ལོང་མདུན་དུ་ལངས་ནས་གདོང་ལ་མཛེས་ཚོན་བྱུགས། གཡང་སྐྱིད་ཀྱིས་ཇ་འཐུང་འཕྲོ་དེ་བཏུང་སྟེ། དགོད་ཙམ་ངང༌། “ཁྱེད་རང་ཆང་ས་མ་བརྒྱབ་པ་དང་གཅིག་པ་རེད་” 
“སྐྱིད་པོ་བྱེད་རྒྱུ་བྱུང་ན་ཁེ་རེད། བུའི་པཱ་ལགས་ཀྱང་ཕྱི་ལ་ག་རེ་གནང་གི་ཡོད་མེད་སུས་ཤེས་” གཡང་སྐྱིད་ཀྱིས་མགོ་གཡུག་གཡུག་བྱེད་བཞིན་ཡར་ལངས་ཏེ། མདུན་ཅོག་ཐོག་བཞག་པའི་དེབ་རྣམས་ལེན་པར་བརྩམས། མོའི་མིག་གིས་ལྟ་ཕྱོགས་ཤིག་ལ། ཡི་གེ་འབྲུ་ཚ་སྤུས་ལེགས་ཅན་གྱི་ཤོག་བུ་ཆུང་ཆུང་ཞིག ཅོག་ཙེའི་ཟུར་དུ་བཞག་པའི་ཡིག་ཉོག་ཁྲོད་ནས་མཐོང༌། མོས་ཤོག་བུ་དེ་ལག་ཏུ་བླངས་ནས་ཐེངས་གཅིག་བཀླགས་རྗེས་བསམ་གཞིགས་ཀྱི་ནང་དུ་ལྷུངས། 
“ཝ་ཡེ། ད་འགྲོ”ཆོས་སྒྲོན་གྱིས་ཀོ་ཁུག་ཆུང་ཆུང་ཞིག་ཕྲག་པར་བཀོན་ཞོར་གཡང་སྐྱིད་ལ་བལྟས་ནས་བཤད། 
“ཆོས་སྒྲོན། འདི་ང་ལ་སྤྲོད་ཨང༌།” 
“ཁྱེད་ལ་དགོས་ན་འཁྱེར། ངའི་ཚོང་རོགས་ཤིག་གིས་རྒྱ་གར་ནས་འཁྱེར་ཡོང་བ་རེད་” གཡང་སྐྱིད་ཀྱིས་ཤོག་བུ་དེ་ལ་ཡང་བསྐྱར་ལྟ་ཙམ་བྱས་རྗེས་དངུལ་ཁུག་ཟུར་དུ་བཅུག་ཅིང༌། མོའི་སེམས་ནང་རེ་བའི་མེ་སྟག་ཅིག་འབར།

ལྷ་ས་གློག་བརྙན་ཁང་དང་གྱང་འབྲེལ་ཡིན་པའི་ཟ་ཁང་དེ། ཐ་མག་གི་དུ་བ་དང་ཆང་རག་གི་དྲི་མས་ཁེངས། གོས་དང་སྐྲའི་བཟོ་དབྱིབས་ཡ་མ་གཟུགས་ཡིན་པའི་མི་ཚོམ་བུ་ཚོམ་བུ་བྱས་ཏེ། རྦི་རག་འཐུང་བའམ། ཐ་མག་འཐེན་ཞོར་གདོང་ལ་དཀར་དམར་ཛོབ་ཛོབ་བྱུག་པའི་བུ་མོ་ཚོ་དང་འདོད་གཏམ་བཤད་ཀྱིན་མཆིས། 
“སྒོར་མོ་གཉིས་” 
“མིན། སྒོར་མོ་ལྔ་ཡིན་” 
“སྒོར་གཉིས་བྱོས་” 
“ཚོང་ཟོག་གི་གོང་འཕར་བ་དང༌། ང་ཚོའི་འདི་ཡང་གོང་ལོས་འཕར་” “ཁྱེད་ཀྱིས་ང་སུ་ཡིན་མིན་ཤེས་སམ་” 
“ཤེས་ཀྱི་མེད། ཤེས་དགོས་དོན་ཡང་མེད་” ཁྱི་སྐྱག་བུ་མོ་གསར་པ་དེའི་བྱེད་སྟངས་ལ་དབྱིངས་ཞུགས་པ་འདྲ། ནམ་རྒྱུན་འདི་ལྟ་བུའི་བུ་མོ་སུ་ཡིན་རུང༌། ཁྱི་སྐྱག་ལ་འདི་འདྲ་སྨྲ་མཁན་མེད་པར་ཁོ་རང་གི་འདོད་པ་གང་ཡོད་བྱས་ཆོག་མོད། འོན་ཀྱང༌། ད་ཐེངས་བུ་མོ་དེས་ཁོ་ལ་བརྩི་མཐོང་གང་ཡང་མེད་པར་“ཁྱེད་རང་ལ་ཡིན་གཅིག་གོང་གཅོག་དགོས་ན། སྒོར་བཞི་དང་སྒོར་ཟུར་དགུ”ཞེས་དགོད་ཙམ་གྱིས་སྨྲས། མོའི་ངོ་ལ་དཀར་དམར་དེ་ཙམ་བྱུག་མེད་ཀྱང༌། མཛེས་ཉམས་དོད་ཅིང༌། བྱེད་སྟངས་མང་པོ་ཞིག་ནས་གྲོང་ཁྱེར་ནང་སླེབས་མ་ཐག་པའི་གྲོང་གསེབ་ཀྱི་བུ་མོ་ཞིག་ཡིན་པ་ཚོད་དཔགས་བྱེད་ཐུབ། ཁྱི་སྐྱག་གིས། “སྒོར་གསུམ་” “སྒོར་གསུམ་གྱིས་ཐུག་པ་ཕོར་བ་གཅིག་ཀྱང་མི་ཁུག”བུ་མོ་དེ་ཡར་ལངས་ཏེ་སོང་བས་ཁྱི་སྐྱག་གིས་མོའི་རྗེས་སུ་བརྙེགས་ཏེ་ “ཁྱེད་ཀྱིས་བཤད་པ་ལྟར་སྤྲད་ཆོག”ཅེས་བཤད། བུ་མོ་དེས་བཅོས་མའི་འཛུམས་མདངས་ཤིག་སྟོན་ཞོར་སྔོན་ལ་སོང་ཞིང༌། ཁྱི་སྐྱག་གིས་མོའི་རྗེས་སུ་འབྲངས།

ལྷ་སའི་གཙང་པོ་ནི། ད་ལོ་ཆར་པ་དཀོན་པའི་སྟབས་ཀྱིས་བཞུར་རྒྱུན་ཆེ་རྒྱུ་མེད་པར་མདུན་དུ་རྒྱུ། སྔོ་ལྗང་ལྗོན་ཤིང་ཟང་ཟིང་དུ་སྐྱེས་པའི་འཇར་མག་གླིང་ཁའི་རྩྭ་ལྗང་རེ་རེ་བཞིན་ལ་འཆལ་སྤྱོད་ཀྱི་སྐྱེ་སྟོབས་ཅི་ཡར་འབར། བཤད་སྲོལ་ལ། གླིང་ཁ་འདི་སྤྱི་ལོ་ ༡༩༥༩ སྔོན་འཇར་མན་ནས་ཡོང་བའི་ཕྱི་རྒྱལ་བ་ཞིག་གིས་སྣེ་འཁྲིད་དེ་བསྐྲུན་པ་ཞིག་ཡིན་སྟབས། འཇར་མན་གླིང་ཁ་ཞེས་གྲགས་ཀྱང༌། སྒྲ་དེ་ཟུར་ཆག་ནས་ད་ལྟ་མི་ཚོས་འཇར་མག་གླིང་ཁ་ཞེས་འབོད། དེ་སྔོན་གླིང་ཁ་འདི་ལྷ་ལྡན་ཡུལ་གྱི་མི་མང་ཚོ་ཁྲུས་ལ་རོལ་ཞོར་སྤྲོ་སྐྱིད་གཏོང་ས་ཞིག་ཡིན་ཀྱང༌། ད་ཆ་གླིང་ཁ་འདི་ལ་འགྲོ་མཁན་རྣམས་འཆལ་པོ་དང་འཆལ་མོ་ཡིན་པར་མི་ཕལ་ཆེ་བས་ངོས་འཛིན་བྱེད། “ཁྱེད་ཀྱི་ལུས་ལ་རྨ་འདི་འདྲ་ཡོད་བཞིན་དུ། ལས་ཀ་འདི་འདྲ་བྱས་ནས་ག་རེ་བྱེད་ཀ”ཁྱི་སྐྱག་གིས་བུ་མོ་དེའི་བྲང་གི་ངོས་སུ་ཡོད་པའི་རྨ་ལ་ལྟ་བཞིན་བཤད། 
“ཐབས་མི་འདུག ལྟོ་གོས་ཀྱི་ཆེད་དུ་” 
“ཁྱེད་ཀྱི་མིང་ལ་ག་རེ་ཟེར། རྨ་འདི་ཇི་ལྟར་ཆགས་པ་རེད་” 
“ངའི་མིང་ལ་དབྱངས་ཅན་སྒྲོལ་དཀར་ཟེར། རྨ་འདི་ཚོ་རྒྱ་རོ་དེ་ཚོས་བཟོས་པ་རེད། ཁོང་ཚོས་ང་ལ་དངུལ་མ་སྤྲད་པ་མ་ཟད། མཉམ་རུབ་ཀྱིས༌༌༌”དབྱངས་ཅན་སྒྲོལ་དཀར་གྱིས་ཁྲོ་ཉམས་ངང་བཤད། 
“ཁྱི་རྒན་དེ་ཚོ་མི་མ་རེད་”
 “ངའི་ཕ་ཡུལ་གཅིག་པ་ཞིག་གིས་དཔུང་རོགས་འགའ་འཁྲིད་དེ་རྒྱ་མི་དེ་དག་དང་རྒོལ་འཛིང་བྱས་ནས་ཡ་ལན་སྤྲད་ཀྱང༌། མདང་ནུབ་ཁོང་ཚོས་མི་གཞན་གླས་ཏེ། ཁོ་ལ་ཉེས་རྡུང་བཏང་འདུག” སྐད་ཆ་དེ་གོ་བ་དང་ཁྱི་སྐྱག་བསམ་གཞིགས་ཀྱི་ནང་དུ་ལྷུངས། 
“ཡ་ད་ཤོག ང་ལ་དུས་ཚོད་མེད” 
“གཡའ་”ཁྱི་སྐྱག་གིས་གང་ཡང་མ་བཤད་པར་བུ་མོ་དེར་ལྟ་ཡག་ཅིག་བྱས་རྗེས་ཤོག་སྒོར་བཅུ་དེ་སྤྲད་ནས་སོང༌། 
“ཝ་ཡེ། འདི་ག་རེ་ཡིན་” 
“གང་ཡང་མིན། ཁྱེད་རང་བེད་སྤྱོད་གྱིས་ཤིག” མོས་འོག་འཇུག་གྱོན་ཏེ་ལྟ་སྐབས། ཁོ་གླིང་ཁའི་ཤིང་ནགས་ཀྱི་མཐའ་ལ་སླེབས་ཟིན།

ཁྱི་སྐྱག་གིས་གློག་བརྙན་ཁང་ནས་ལོག་ཡོང་མ་ཐག་པའི་རྫིག་རལ་དང་སྙིང་ནག་གཉིས་ཀྱི་འགྲམ་དུ་བསྡད་དེ། མདུན་ཅོག་སྟེང་གི་རྦི་རག་ཤེལ་ཕོར་གང་བཏུང༌། “གློག་བརྙན་མ་བལྟས་པར་ག་པར་ཕྱིན་པ་ཡིན་” 
“གང་དུའང་ཕྱིན་མེད། སྙིང་ནག མདང་ནུབ་ཀྱི་“དམག་”དེའི་འབྱུང་རྩ་ག་རེ་རེད་”ཁྱི་སྐྱག་གིས་ངོ་ནག་ངང་དྲིས། 
“ཨུམ། གོ་ཐོས་ལ་བུ་མོ་ཞིག་ལ་ཐུག་ཡོད་པ་འདྲ། གསལ་པོ་མི་ཤེས། ང་ཚོར་དགོས་རྒྱུ་དངུལ་རེད། དངུལ་དགོས་ན་རྒྱ་མི་དེ་ཚོའི་འདོད་པ་བསྒྲུབ་དགོས་”སྙིང་ནག་གིས་དབུགས་ཐེངས་གཅིག་ལ་དེ་ལྟར་བཤད་རྗེས་རྦི་རག་ཧུབ་གང་བཏུང་སྟེ་ཡང༌། “ཁྱེད་རང་སྟག་ཁ་རལ་ལ་སྐྲག་གི་འདུག་གམ། ཁོ་ལ་ངས་འཛིང་ཆོག” 
“སྟག་ཁ་རལ་ལ་གཡོལ་ན། ང་ཚོའི་གཟི་བརྗིད་བརླག་པ་རེད་”རྫིག་རལ་གྱིས་སྙིང་ནག་གི་སྟིང་གནོན་བྱས་ཏེ་སྨྲས། 
“འཛིང་གི་མིན་” 
“ག་རེ་ཡིན་ནམ” 
“ཁོ་ང་དང་སྒོ་རྭ་གཅིག་པ་རེད་” 
“ཧ་ལས་རྒྱུ་གང་ཡོད། ཚུར་གནམ་གང་ལ་མ་བརྩིས་པར། ཕར་ཚེས་པ་གཅིག་ལ་བརྩི་དོན་མེད་” ཁྱི་སྐྱག་གི་གདོང་མདོག་དམར་པོར་གྱུར་ཞིང༌། ལན་ཞིག་འདེབས་རྩིས་བྱས་ཀྱང་ངག་ནས་མ་ཐོན། ཁོས་རྦི་རག་ཤེལ་ཕོར་གང་བཏུང་རྗེས་གོམས་གཤིས་བཞིན། ཐ་མག་ཅིག་ལ་མེ་བསྒྲོན་ཏེ་སྣ་ལམ་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་བཏང༌། རྫིག་རལ་དང་སྙིང་ནག་གཉིས་ཀྱིས་ཁྱི་སྐྱག་ལ་མིག་ཟུང་ཅེར་ནས་བསྡད། 
“སྔོན་མ་ངས་ཁྱེད་གཉིས་ལ་ང་དགའ་སའི་བུ་མོ་ཞིག་ཡོད་ཅེས་བཤད་པ་དྲན་ནམ”་ཁྱི་སྐྱག་གིས་ད་ལྟའི་གནད་དོན་དང་འབྲེལ་བ་རྩ་བ་ནས་མེད་པའི་དྲི་བ་དེ་དྲིས། སྙིང་ནག་དང་རྫིག་རལ་གྱིས་དྲན་གསོས་པའི་བརྡ་ལ་མགོ་བོ་གུག་ཙམ་བྱས། “བུ་མོ་དེ་དང་ང༌། བརྩེ་དུང་གི་འབྲེལ་བ་གཅོད་སྐབས་མོས་ང་ལ་རེ་བ་གཅིག་བཏོན་བྱུང༌། རེ་བ་གཅིག” ཁྱི་སྐྱག་གིས་ཐ་མག་ཧུབ་གང་འཐེན་རྗེས་ཤེལ་ཕོར་ནང་རྦི་རག་བླུགས་ཞོར་“མོ་རང་གི་གཅུང་པོ་དང་དུས་ནམ་ཡང་འཁྲུག་རྩོད་མ་བྱེད་རོགས་ཞེས་རེ་བ་བཏོན་བྱུང༌།” ཁྱི་སྐྱག་ཁུ་སིམ་མེར་གྱུར། སྙིང་ནག་དང་རྫིག་རལ་གཉིས་ཀྱང་ཁུ་སིམ་མེར་གྱུར། ཁོང་ཚོའི་ཁ་ལ་བཟུང་བའི་ཐ་མག་ལས་དུ་བ་ཀྱག་ཀྱོག་རེ་འཕྱུར། དེ་ནི་ཁོང་ཚོ་གསུམ་གྱི་མི་ཚེའི་ལམ་བུ་དང་ཧ་ཅང་འདྲ། 
“ཁྱི་སྐྱག་ལགས། སྤོ་བོ་ལགས་གཅིག་གིས་ཁྱེད་རང་འཚོལ་གྱི་འདུག”་ཞབས་ཞུ་མས་ཁྱི་སྐྱག་ལ་ཕྱོགས་ནས་བཤད། ཁྱི་སྐྱག་གིས་ཕར་ལྟ་སྐབས། ཟ་ཁང་གི་སྒོའི་མདུན་ནས། ཆ་རྒྱུས་རྩ་བ་ནས་མེད་པའི་གྲོང་གསེབ་ཀྱི་རྒད་པོ་ཞིག་གིས་བལྟས་ཡོད་པ་མཐོང༌།

བཞི།
“༄༅།། ཁྱི་སྐྱག་ལགས་གང་དེར། 
                                ཆེད་ཞུ། ཁྱེད་ཀྱི་ཆུང་མ་སྒྲོལ་མ་སྨན་ཁང་ནང་གྲོངས་སོང༌། སྒྲོལ་མ་འདས་གྲོངས་སུ་གྱུར་དོན་ནི་ཕྲུ་གུའི་ཆགས་སྟངས་རྒྱུན་གཏན་མིན་པས་རེད། མོའི་ཤུལ་དུ་ལུས་པ་ནི་བཙས་མ་ཐག་པའི་ཕྲུ་གུ་བུ་མོ་ཞིག་དང༌ལོ་ན་དྲུག་ཅུ་ཡོལ་བའི་རྨོ་རྨོ་གཉིས་ཡིན། འོན་ཀྱང་རྨོ་རྨོའང་ད་ལྟ་ནད་གཞི་ལྕི་མོ་ཞིག་འཕོག་ནས་ཡོད་སྟབས། ཕྲུ་གུ་འདིའི་ཕྱིས་འབྱུང་གི་རྟེན་གཞི་ནི་ཁྱེད་ཙམ་ལས་མ་མཆིས། སྒྲོལ་མ་ཚེ་ལས་འདས་ཁར། ཕྲུ་གུ་འདི་ཁྱེད་ཀྱི་ཤ་ལས་ཆད་པ་ཞིག་ལ་སོང༌། མྱུར་དུ་རྩིས་ལེན་བྱེད་པར་ཡོང་རོགས་ཞེས་ཡི་གེ་གཏོང་དགོས་སྐོར་ང་ལ་མངགས་བྱུང༌། གཞན་ཡང༌། སྒྲོལ་མ་སྨན་ཁང་དུ་སྡོད་རིང༌དངུལ་སྒོར་སྟོང་གཅིག་ཙམ་བུ་ལོན་བཟོས་ཡོད་པས་ཁྱེད་ཀྱིས་སྔོན་མའི་འབྲེལ་བ་ལ་བསམ་ནས་གསབ་རོགས་ཟེར། ཡུལ་ ྾ ྾ ྾སྡེ་དཔོན་ ྾ ྾ ྾ གྱིས་ སྤྱི་ཟླ་ ༥ ཚེས་ ༡༣ ལ་ཕུལ།” 

ཁྱི་སྐྱག་གིས་ད་ལྟ་ལྷ་སར་མཆོད་མཇལ་དུ་ཡོང་བའི་གྲོང་གསེབ་རྒད་པོ་དེས་སྤྲད་པའི་ཡི་གེ་དེ་ཐེངས་གཅིག་བཀླགས་རྗེས་སྙིང་ནག་ལ་སྤྲད། ཁོའི་སེམས་ནང་རང་གི་ཕྲག་སྟེང་དུ་རྡོག་ཁྲེས་ཆེན་པོ་ཞིག་ལྷུང་ཡོད་པའི་སྣང་བ་ཤར་ཡང་ཕྱི་ཚུལ་ལ་སྣང་མེད་ཡིན་པའི་རྣམ་པ་མངོན། 
“གཡུག་ཞོགས། ཁོ་རང་ཚོས་གཅིག་བྱས་འགྲོ་ཡི་རེད་”སྙིང་ནག་གིས་ཁྱི་སྐྱག་ལ་དེ་ལྟར་བཤད་རྗེས་རྦི་རག་ཧུབ་གང་བཏུང་ནས་རྫིག་རལ་ལ་བལྟས་ 
“གང་ལྟར་རང་གི་ཕྲུ་གུ་ཡིན་ཙང༌། བདག་པོ་བརྒྱབ་རྒྱུ་རེད། ཡིན་ན་ཡང་དངུལ་མང་པོ་དེ་འདྲ་གང་ནས་འཚོལ་དགོས་སམ” 
“དངུལ་ལས་སླ་པོ་རེད། དོ་ནུབ་ཀྱི་“དམག་”དེ་བརྒྱབ་རྒྱུ་རེད། ཡང་ན་“ལག་རྩལ་”འདོན་རྒྱུ་རེད་” སྙིང་ནག་གིས་དེ་ལྟར་སྨྲ་བཞིན་མཛུབ་མོས་དངུལ་ཁུག་འདོན་པའི་ཕྱག་རྒྱ་བྱས། རྫིག་རལ་གྱིས་མགོ་བོ་སྐྱོག་ཙམ་ངང་ཁྱི་སྐྱག་ལ་བལྟས། ཁོང་ཚོ་གསུམ་གྱི་མིག་མདངས་དང་མིག་མདངས་འཕྲད་པའི་བར་ལས། སེམས་ཀྱི་གསང་བ་ཡོད་ཚད་གསལ་བར་ཤེས། རྫིག་རལ་དང་ཁྱི་སྐྱག་གཉིས་ཀྱིས་རྦི་རག་ཕོར་པ་རེ་རེ་ཞབས་ཏག་བརྒྱབ་རྗེས། གློག་བརྙན་ཁང་མདུན་གྱི་མི་ཚོགས་ཁྲོད་དུ་སོང༌། སྐར་མ་ཁ་ཤས་ལས་མ་འདས་པར་ཁོ་གཉིས་ཕྱིར་འཁོར་ཞིང་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས་དངུལ་ཁུག་རེ་རེ་ཁྱི་སྐྱག་ལ་སྤྲད། ཁྱི་སྐྱག་གིས་ལམ་སེང་ཡར་ལངས་ཏེ། གསང་སྤྱོད་ཅིག་གི་ནང་འཛུལ། ཁོའི་སྙིང་རྩ་དྲག་ཏུ་འཕར་བ་དང༌། ལག་གཉིས་མདར་ཕྲུག་ཕྲུག་ངང་ཐལ་མོ་སྦྱར་ཏེ། མིག་ཟུམ་ཟུམ་ངང་ཁ་ནས་གཅིག་བཏོན་རྗེས། དངུལ་ཁུག་གཅིག་གི་ཁ་བསྔོགས། བརྒྱ་ལོར་གཉིས་དང་སྣུམ་གྱི་འཛིན་བྱང་བཅུ་གྲངས་ཤིག་མཐོང༌། ཁོའི་སྙིང་རྩ་སྔར་བས་ཇེ་དྲག་ཏུ་འཕར་ཞིང༌། གདོང་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་བཞུར། ཁོས་རེ་བ་ཆེན་པོ་ཞིག་གི་ངང་ནས་དངུལ་ཁུག་གཞན་པ་དེ་ཁ་ཕྱེས། འོན་ཀྱང་ཁོའི་མིག་ལམ་དུ་མངོན་པ་ནི། བཅུ་ལོར་བཞི་དང༌། སིལ་མ་ཁ་ཤས་ཡིན། ཁོས་དབུགས་རིང་ཞིག་དང་མཉམ་དུ་དངུལ་ཁུག་དེ་གསང་སྤྱོད་ནང་གཡུག་རྩིས་བྱེད་སྐབས། དངུལ་ཁུག་གི་རྒྱབ་ངོས་ཁུག་མ་དེའི་ནང་གཅིག་ཡོད་པ་ཚོར། ཁོས་དེ་ག་ལེར་ཁ་ཕྱེས། འོན་ཀྱང་ཁོའི་མིག་ལམ་དུ་མངོན་པ་ནི། རྒྱབ་ཤ་དམར་པོ་ཅན་གྱི་ལག་འཁྱེར་དང༌། ཡི་གེ་འཁོད་པའི་ཤོག་བུ་ཞིག་རེད། ཁོས་ཤོག་བུ་དེར་ལྟ་ཙམ་གྱིས་སྟོད་གོས་ཁུག་མའི་ནང་བླུགས་རྗེས། ལག་འཁྱེར་དེར་བལྟས། སྣག་སྣུམ་སྐྲ་ལོའི་འོག་ཏུ་ཆུ་མོ་ལས་དྭངས་བའི་ཀྲི་ཀ་ཤིག་ཤིག་གི་མིག་ཟུང་དང༌། གཞོན་ཤ་ཆགས་པའི་དཀར་འཇམ་ངོ་གདོང་ཅུང་ཟད་འཛུམ་པའི་ཚུལ་ལས་དུང་སོ་བཅུ་གཉིས་ཕྱིར་མངོན་པའི་བུ་མོ་དེའི་འདྲ་པར་མཐོང་མ་ཐག་ཁོ་ཧད་དེ་ལུས། 
“ཁྱེད་ཀྱིས་ཡང་བསྐྱར་འདི་ཕར་སྐྱེལ་རོགས་” ཁོས་དངུལ་ཁུག་དེ་སྙིང་ནག་ལ་སྤྲད། 
“སུ་རེད། ག་རེ་འདུག” སྙིང་ནག་གིས་ཧ་མ་གོ་བར་བཤད། 
“སློབ་གྲྭ་ཆེན་མོའི་བུ་མོ་ཞིག་རེད་” 
“སྙིང་རྗེ་རྒྱུ་ག་རེ་ཡོད། ང་ཚོར་དངུལ་མཁོ་བའི་སྐབས་རེད་” 
“མགྱོགས་པོར་རྒྱུག་དང༌།”ཁྱི་སྐྱག་གིས་བྲེལ་འཚབ་ངང་བཤད། 
“འདི་རང་དང་འབྲེལ་བ་ག་རེ་ཡོད་” 
“ངས་ཁྱེད་གཉིས་ལ་བཤད་པའི་བུ་མོ་དེའི་རེད་འདུག”
སྙིང་ནག་དང་རྫིག་རལ་གཉིས་ཀྱིས་བྲེལ་སྟབས་ངང་སོང༌། ཁྱི་སྐྱག་གིས་མར་བསྡད་དེ། རྦི་རག་ཧུབ་གང་བཏུང་རྗེས་ཐ་མག་ཅིག་འཐེན་བསམ་ནས་སྟོད་གོས་ཀྱི་ཁུག་མ་བསྔོགས་སྐབས། ཤོག་བུ་ཆུང་ཆུང་དེ་ལུས་ཡོད་པ་ཤེས། ཁོས་དགོད་ཙམ་གྱིས་ཤོག་བུའི་ངོས་ལ་བལྟས། ཐོག་མའི་ཚིག་ “ྋགོང་ས་མཆོག་”ཅེས་པ་དེ་མིག་ལམ་དུ་ཤར་བ་དང༌། ཁོས་ཕར་ལྟ་ཚུར་ལྟ་ཞིག་བྱས་ནས། གཟབ་ནན་ངང་བཀླགས་ 
ྋགོང་ས་མཆོག་ནས་གཞིས་ལུས་བོད་མིར་སྩལ་བའི་གསུང་འཕྲིན། 
ཆོལ་གསུམ་བོད་མི་ཡོངས་ལ་སྤྲིངས་པ། དེང་རྒྱ་མིའི་བྱེད་བབ་ལ་བརྟེན་ནས། བོད་མི་བསམ་མེད་ཁག་ཅིག་གིས་རྩྭ་ར་སོགས་དོན་ཆུང་ཙག་ཙིག་ཆེད། ཤ་ཁྲག་གཅིག་གྱུར་གྱི་ལ་རྒྱ་ལ་ཅི་མི་སྙམ་པར། རྒོལ་འཛིངས་དང༌འཆལ་སྤྱོད་ཀྱིས་རྐྱེན་པས། བཟའ་མི་ཡ་གྱར། བུ་ཚ་དྭ་ཕྲུག་ཏུ་ལུས་པ། བག་མེད་རོལ་རྩེད་ཀྱིས་དུས་འདའ་བ་སོགས་གོ་ཐོས་ལ་བློ་ཕམ་དང་། ཕྱིས་སུ་བོད་རིགས་གཅིག་གྱུར་གྱི་ལ་རྒྱར་བསམ་ནས། ནང་ཁུལ་མཐུན་སྒྲིལ་དམ་ཟབ་དང་། ཡ་རབས་ཀྱི་ཕྱོགས་སུ་འབུངས་ཐབས་བྱོས། ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས།” 
གསུང་འཕྲིན་གྱི་ཡིག་འབྲུ་ཆུང་ཡང༌། འབྲུ་ཚ་ཡིན་པས་ཁོས་གསལ་བར་ཀློག་ཐུབ་ཞིང༌། སློབ་གྲྭར་ལོ་ཁ་ཤས་ཕྱིན་པའི་ཤེས་ཚད་ལ་བརྟེན་ནས་ནང་དོན་རྣམས་ཀྱང་ཧ་གོ

“ཏོག་ཙམ་མིན་ན། བུ་མོ་དེས་གློག་བརྙན་ལྟ་བར་འཁྲིད་བྱུང༌།” སྙིང་ནག་གིས་ཀུ་རེའི་ངང་བརྗོད་བཞིན་རྐུབ་སྟེགས་ཐོག་བསྡད། 
“སྤྲོད་ཐུབ་སོང་ངམ་” “ཐུབ་སོང༌། ངས་ཚུར་ཇི་ལྟར་བླངས་པ་བཞིན། ཕར་རང་འཇགས་བླུགས་པ་ཡིན། ད་དངུལ་གང་འདྲ་བྱེད་ཀ” སྙིང་ནག་གིས་ཁྱི་སྐྱག་ལ་དྲིས། ཁྱི་སྐྱག་གིས་དགོད་ཙམ་ལས་ལན་གང་ཡང་མ་བཏབས། ཁོའི་སེམས་ནང་དངུལ་དགོས་ན། དོ་དགོང་གི་འཛིང་མོ་དེ་འཛིངས་དགོས་པ་གསལ་པོར་ཤེས་ཀྱང༌། དེ་ལྟར་བྱེད་རྒྱུ་ཐག་གཅོད་པར་ཁོ་ལ་མཚོན་ན། ཅི་འདྲའི་ཁག་པོ་ཞིག་རེད་ཨང༌།

གློ་བུར་དུ་རྫིག་རལ་ཁྱར་ཁྱོར་ངང་ཟ་ཁང་གི་སྒོ་ནས་འཛུལ་ཡོང་ཞིང༌། མི་ཚང་མས་ཁོ་ལ་བལྟས་ནས་ཧོན་ཐོར། ཁོའི་མགོ་ནས་ཁྲག་དམར་གདོང་གི་ངོས་སུ་བཞུར་འོང་ཞིང༌། མིག་གཡས་པའི་ཡ་ཐོད་དུ། སྐྲངས་འབུར་ཆེན་པོ་ཞིག་ཀྱང་འབུར་འདུག ཁྱི་སྐྱག་དང་སྙིང་ནག་གཉིས་ཀྱིས་ཚུལ་དེ་མཐོང་བ་དང༌། མགྱོགས་མྱུར་ཡར་ལངས་ཏེ། སྒོའི་ཕྱོགས་སུ་རྒྱུག 
“འགྲོ་མི་དགོས། ཁོང་ཚོ་བྲོས་ཚར་སོང༌།” རྫིག་རལ་གྱིས་ཁྲོ་ཉམས་ངང་བཤད། 
“སུ་རེད་”ཁྱི་སྐྱག་དང་སྙིང་ནག་གཉིས་ཀྱིས་དུས་གཅིག་ལ་དྲིས། 
“སྟག་ཁ་རལ་གྱི་ཨབ་ཕྲུག་གཉིས་པོ་རེད། ང་གསང་སྤྱོད་ནང་ནས་སྣང་མེད་དུ་ཡོང་དུས། ཁོ་གཉིས་ཀྱིས་གཞུས་བྱུང༌།” རྫིག་རལ་གྱིས་དེ་ལྟར་བརྗོད་བཞིན་རྦི་རག་ཤེལ་ཕོར་གང་འཐུང་ཐེངས་གཅིག་ལ་བཏུང་ནས་ཁྱི་སྐྱག་ལ་བལྟས་ཤིང༌། སྙིང་ནག་གིས་ཀྱང་བལྟས། 
ཁྱི་སྐྱག་གི་ཁ་ནས། “དོ་ནུབ་འཛིང་རྒྱུ་རེད་”ཅེས་སྨྲས། འོན་ཀྱང་ཁོའི་སྐད་ཤུགས་ཧ་ཅང་ཆུང༌།

ཆུ་ཚོད་དྲུག་པ་ཡོལ་ཙམ་ཡིན་པས་གཙུག་ལག་ཁང་གི་མདུན་དུ། ཕྱག་འཚལ་མཁན་དང༌། བར་སྐོར་དུ་སྐོར་བ་རྒྱག་མཁན་ཇེ་མང་དུ་སོང༌། བོད་པའི་ཚོང་ཁང་དང་ཁྲོམ་ཕལ་ཆེ་བ་བསྡུས་ཟིན་ནའང༌། རྒྱ་མི་ཚོང་པ་ཁག་ཅིག་གིས་ལས་རྟགས་རྫུན་མ་ཡིན་པའི་ཚོང་རྫས་ཁག་ཅིག་ལག་ཏུ་ཐོགས་ནས། སྒྲ་དག་ལ་མ་དག་ངང་“གཟིགས་གཟིགས། གོང་ཁེ་པོ་ཡིན་”ཞེས་སྐད་ཤུགས་ཆེན་པོས་རྗོད་བཞིན་བར་སྐོར་ལ་ཕྱི་སྐོར་གྱིས་འགྲོ་བཞིན་འདུག དབྱངས་ཅན་སྒྲོལ་དཀར་གྱིས་ད་ལྟ་ “ཁྲོམ་གཟིགས་སྒང་”ནས་ཉོས་མ་ཐག་པའི་ཤ་ཕྲན་བུ་དེ་འཁྱེར་ནས། བར་སྐོར་ལྷོ་ངོས་ཀྱི་ཁང་པ་ཞིག་ནང་འཛུལ། མོ་ཡར་འཛུལ་བ་དང་ཨ་རག་དཀར་པོའི་དྲི་མ་ངར་པོ་ཞིག་སྣ་ལམ་དུ་འཐུལ་འོང་བ་ལས། ཁང་པའི་ནང་དཀར་ཆ་དེ་ཙམ་མེད་སྟབས་གསལ་པོ་ཞིག་མ་མཐོང༌། 
“ཁྱེད་འོངས་སམ”་སྐད་གདངས་སྐྱོ་བོ་ཞིག་གིས་དྲིས། 
“ཡིན་”མོས་སྨྲས། མིག་རིམ་བཞིན་འདྲིས་པ་དང༌། ཁང་པའི་ནང་གསལ་བར་མཐོང༌། ཉལ་ཁྲི་གོབ་ཏོ་ཞིག་གི་ཐོག་གདོང་མདོག་སེར་ཞིང༌། མགོ་ལ་རྨ་རས་དཀྲིས་པའི་མི་ཞིག་ཉལ་ཡོད་པ་དང༌། དེའི་ཟུར་དུ་མི་གཟུགས་རིང་ལ་སྟོབས་ཆེ་བ། ཁའི་ཟུར་དུ་རྨ་རྗེས་རིང་པོ་ཡོད་པ་ཞིག་གིས་ཨ་རག་དཀར་པོའི་ཤེལ་དམ་ཞིག་བཟུང་ནས་བསྡད་འདུག དེའི་ཕར་ཕྱོགས་ཀྱི་ཉལ་ཁྲིའི་ཐོག་ཏུ་ཤ་རྒྱགས་ལ་གཟུགས་ཆུང་བའི་མི་གཅིག་དང༌། གཟུགས་རིང་ལ་ཤ་སྐམ་པའི་མི་གཅིག་བཅས་ཀྱིས་ཀྱང༌། ཐ་མག་འཐེན་ཞོར་ཨ་རག་འཐུང་གིན་ཡོད་པ་མཐོང༌། དབྱངས་ཅན་སྒྲོལ་དཀར་གྱིས་ཤ་ཕྲན་བུ་དེ་ཕྱིར་བཏོན་ནས་གྲིས་གཏུབས། 
“ཁྱེད་ལ་དངུལ་ག་ནས་བྱུང༌།” རྨས་མ་དེས་སྟོད་དགྱེ་ཙམ་གྱིས་བཤད། “གཞན་ནས་གཡར་བ་ཡིན་” 
“སྐྱག་རྫུན་མ་ཤོད། ཡང་ཁྱོད་ཀྱིས༌༌༌” 
“ང་ལ་སེམས་ཁྲལ་བྱེད་མི་དགོས། སེམས་བདེ་པོ་བྱོས” དུས་ཡུན་གང་ཙམ་རིང་དབྱངས་ཅན་སྒྲོལ་དཀར་གྱིས་“ཏིག་ཧྲུག་”བསྐོལ་བའི་སྣུམ་ཐབ་ཀྱི་སྒྲ་ལས་གཞན་མེད་པར་གྱུར།

དབྱངས་ཅན་སྒྲོལ་དཀར་གྱིས་ཏིག་ཧྲུག་བསྐོལ་ཟིན་ནས། རྨས་མ་དེར་སྤྲད། ཁའི་ཟུར་དུ་རྨ་རྗེས་ཡོད་པའི་མི་དེས་ཨ་རག་ཤེལ་དམ་ཆུང་ཆུང་གང་དེ་བཏུང་ཟིན་ནས། ཡང་བསྐྱར་གཅིག་ཁ་འབྱེད་པར་བརྩམས། 
“སྟག་ཁ་རལ། ད་ཚོད་བྱོས། དམག་ཆེན་མཇུག་སྒྲིལ་རྗེས་བཏུང་ཆོག་གི་རེད་” མི་གཟུགས་ཆུང་རྒྱགས་པ་དེས་སྨྲས། 
“ངས་བལྟས་ན། རྫིག་རལ་རྨས་ཟིན་པས། ཁོང་ཚོས་གཡོལ་ངེས་རེད་” མི་གཟུགས་རིང་སྐམ་པོ་དེས་བཤད། 
“གཡོལ་མདོག་ཁ་པོ་མ་རེད། ཁྱི་སྐྱག་ཁོ། གྲོགས་པོའི་ལ་རྒྱ་སྲོག་ལྟར་སྲུང་མཁན་ཞིག་རེད་” སྟག་ཁ་རལ་གྱིས་ཁའི་རྨ་རྗེས་ལ་ལག་པས་རེག་བཞིན་གདེང་ཚོད་ཡོད་པའི་ངང་བཤད་ཅིང༌། ཁོའི་དམར་པོར་གྱུར་པའི་མིག་གཉིས་ལས་འཁོན་འཛིན་གྱི་འོད་མདངས་འཕྲོ། 
“ཁྱི་སྐྱག་ཁོང་ཚོ་བཏུལ་ཐུབ་ན། ལྷ་སའི་ནང་ང་ཚོས་གང་བྱས་རེད། ཧ་ཧ་་་་་་” 
“ཧ་ཧ་་་་་”ཁོང་ཚོའི་དགོད་སྒྲས་ཏིག་ཧྲུག་ཟ་བཞིན་པའི་རྨས་མ་དེའི་གདོང་ལའང་འཛུམ་མདངས་བསྣན། 
“གྲོགས་པོའི་གོ་ཆོད་སོང༌།” 
“ཡིན་ད་ཡིན། གཞིས་ཀ་རྩེའི་འཁྲུག་རྩོད་དེའི་ནང༌། ཁྱེད་ཀྱིས་ང་བསྐྱབས་པ་རེད་པ། ཁྱེད་བློ་བདེ་པོ་གྱིས་” སྟག་ཁ་རལ་གྱིས་“སྟག་”རྟགས་ཅན་གྱི་ཨ་རག་ཤེལ་དམ་ཆུང་ཆུང་དེ། སྟོད་གོས་ཀྱི་ཁུག་མའི་ནང་བླུགས་བཞིན་དེ་ལྟར་བརྗོད་རྗེས། ཡར་ལངས་ཏེ། རྨས་མ་དེའི་དཔུང་པར་ཅག་ཙམ་དང༌། རོགས་གཉིས་ལ་ལྟ་ཙམ་གྱིས་“ང་ཚོ་འགྲོ”ཞེས་སྨྲས།

ལྔ།
ཉི་མ་ལ་རྩེར་ད་གིན་ནས་བཞུད་ཟིན་ཏེ། ནུབ་མཐའི་ཁྲག་ལྟར་དམར་བའི་མཚམས་སྤྲིན་དེ་ཡང་རིམ་གྱིས་ནག་ཤས་ཆེ་བ་ཞིག་ཏུ་འགྱུར་བ་ནི། ལྷ་སའི་གནས་སྟངས་དང་འདྲ། གློག་འོད་ཁྲ་ལམ་མེར་གསལ་བའི་གཞུང་ལམ་ཐོག་ཏུ། གཞོན་ནུ་ཕོ་མོ་ཆ་དང་ཆ་བྱས་ཏེ། ཞབས་བྲོའི་“མཚན་ཚོགས་”སུ་འགྲོ་བའམ། གློག་བརྙན་ལྟ་བར་འགྲོ་བཞིན་འདུག རྩེ་ཕོ་བྲང་གི་རྒྱབ་ངོས་ཀྱི་གློག་འོད་གསལ་ལ་མ་གསལ་ལས་མེད་པའི་ལམ་ཟུར་ཞིག་ཏུ། ཁྱི་སྐྱག་གིས་ཐ་མག་སྒམ་ཆུང་གསར་པ་ཞིག་ཁ་ཕྱེ་ནས་རྐང་གཅིག་འཐེན་གྱིན་སྙིང་ནག་ཁོང་ཚོར་བལྟས། སྙིང་ནག་གི་འོག་འཇུག་ཁྲ་ཁྲ་དེའི་སྒྲོག་ཁ་ཕྱེ་ཡོད་པས། བྲང་ངོས་ཀྱི་སྤུ་ནག་ཟིང་ཟིང་དག་དབུགས་ཀྱི་རྒྱུ་ཕྱོགས་དང་བསྟུན་ནས། འགུལ་ཙམ་འགུལ་ཙམ་བྱེད་པ་མཐོང་ཐུབ། ཁོའི་ཞྭ་མོ་ནག་པོ་དེ་རྫིག་རལ་ལ་གཡོགས་ཡོད་པས། ཞྭ་མོའི་འོག་ནས་རྨ་རས་དཀར་པོའི་སྣེ་ཞིག་མཐོང་ཐུབ་ལ་སྐད་ཆ་བཤད་ཀྱིན་མགོ་བོ་དགྱེ་དགྱེ་བྱེད་ཐེངས་རེར། དཔྲལ་བའི་སྐྲང་འབུར་ཆེན་པོ་དེ་ཡང་མངོན་འོང༌། 
“ཁྱེད་ཚོས་སྔོན་ནས་བརྗོད་པ་བཞིན། སྒོར་སྟོང་ཕྲག་གཅིག་སྤྲོད་དགོས་” རྫིག་རལ་གྱིས་རྒྱ་མི་གསུམ་པོ་དེར་ཕྱོགས་ནས་བརྗོད། རྒྱ་མི་ཁ་ཆེ་སྣ་ཉག་དེས་དགོད་ཙམ་གྱིས་“ང་ཚོའི་ལས་ཀ་མདང་ནུབ་ནས་ཚར་བ་རེད། དེ་ལ་སྒོར་ཉིས་བརྒྱ་སྤྲད་ཚར་བ་ཡིན་” 
“མདང་ནུབ་ཀྱི་མི་དེ་དང་འཛིང་གླ་སྒོར་ཉིས་བརྒྱ་ཏག་ཏག་རེད་” རྒྱ་མི་གཟུགས་རིང་ཞིང་ཕོ་ཉམས་དོད་པོ་དེས་བརྗོད། 
“ད་ལྟ་གནས་ཚུལ་འགྱུར་བ་ཕྱིན་པ་རེད། ཁོའི་རྒྱབ་རྩར་སྟག་ཁ་རལ་ཡོད་རེད་” 
“དེ་ང་ཚོར་འབྲེལ་བ་མེད་” 
“ག་རེ། གནས་ཚུལ་འདི་ཁྱེད་ཚོར་བརྟེན་ནས་བྱུང་བ་རེད་” སྙིང་ནག་གིས་རྫིག་རལ་གྱི་ཞྭ་མོ་ཕུད་ནས་རྨ་སྟོན་བཞིན་བརྗོད། 
“ང་ཚོས་མི་ཤེས་” རྒྱ་མི་གཞན་དེས་བརྗོད། 
“ཁྱེད་ཚོས་གནས་ཚུལ་ལ་གཞིགས་ནས་དངུལ་སྤྲད་ཆོག་བཤད་པ་མིན་ནམ་” སྙིང་ནག་གིས་བརྗོད། 
“གནས་ཚུལ་འདི་གསར་པ་རེད་” ཁ་ཆེ་སྣ་ཉག་དེས་བརྗོད་བཞིན་འགྲོ་རྩིས་བྱས། 
“དེ་ང་ཚོར་འབྲེལ་བ་མེད་” རྒྱ་མི་གཞན་དེ་གཉིས་ཀྱིས་ཀྱང་འགྲོ་རྩིས་བྱས། “དེ་གར་སྡོད་” ཁྱི་སྐྱག་རབ་ཏུ་ཁྲོས་ནས་རྒྱ་མི་ཁ་ཆེ་སྣ་ཉག་དེའི་དཔུང་པ་ནས་བཟུང༌། སྙིང་ནག་དང་རྫིག་རལ་གཉིས་ཀྱིས་ཀྱང་རྒྱ་མི་གཞན་དེ་གཉིས་བཀག 
“ང་ཚོ་གཅིག་པ་རེད། འདི་འདྲ་བྱེད་དགོས་དོན་ག་རེ་ཡོད་” 
“གནས་ཚུལ་ག་ལེར་བཤད་ཆོག་” 
“ང་ཚོས་རྩ་བ་ནས་སྤྲོད་ཀྱི་མིན་ལབ་མེད་” རྒྱ་མི་དེ་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་བརྗོད། 
“སྐད་ཆ་མ་མང། དངུལ་འཁྱེར་ཤོག་” ཁྱི་སྐྱག་གིས་བརྗོད། 
“དངུལ་སྤྲོད་དང་་” ཁ་ཆེ་སྣ་ཉག་དེས་ཕོ་ཉམས་དོད་པོ་དེར་སྨྲས། དེས་དངུལ་ཤོག་ཆག་གཅིག་སྙིང་ནག་ལ་སྤྲད། 
“ལྔ་བརྒྱ་ལས་མི་འདུག”་ སྙིང་ནག་གིས་དངུལ་ཡང་བསྐྱར་བརྩི་བཞིན་སྨྲས། “གཞན་རྣམས་ལས་ཀ་ཚར་རྗེས་སྤྲད་ཆོག” ཁ་ཆེ་སྣ་ཉག་དེས་དགོད་ཙམ་གྱིས་ཁྱི་སྐྱག་བལྟས་ནས་བཤད། ཁྱི་སྐྱག་གིས་ད་གཟོད་སྐམ་པ་ཆེན་པོ་ཞིག་དང་འདྲ་བའི་ལག་པས་རྒྱ་མི་དེ་གློད་ནས་ཡོང་ཞིང་སྙིང་ནག་དང་རྫིག་རལ་གཉིས་ཀྱང་ཁོའི་རྗེས་སུ་ཡོང༌། 
“གྲོགས་པོ། སྟག་ཁ་རལ་ཞེས་པ་དེ་ལངས་རྒྱུ་མེད་པ་བཟོ་དགོས་པ་སེམས་ལ་བཟུང་་” རྒྱ་མི་སྣ་ཉག་དེས་རྒྱབ་ཕྱོགས་ནས་སྐད་ཆེན་པོས་དེ་ལྟར་བརྗོད་པར་ཁྱི་སྐྱག་གིས་ཐ་མག་འཐེན་འཕྲོ་དེ་གཡུགས་ཞོར་ལག་པ་རྐྱོང་ཙམ་གྱིས་ཁས་ལེན་པའི་བརྡ་ཙམ་ལས་ཕྱི་མིག་ཙམ་ཡང་མ་བལྟས་པར་མདུན་དུ་བསྐྱོད། རྒྱ་མི་གསུམ་པོ་དེས་ཁོང་ཚོའི་རྗེས་སུ་ཡུན་རིང་བལྟས་ནས་བསྡད། ཁོང་ཚོས་ཕན་ཚུན་སྐད་ཆ་ཚིག་གཅིག་མ་བཤད་ནའང༌། ཁོང་ཚོའི་སེམས་གཏིང་གི་དམིགས་ཡུལ་གྱི་ཅོང་རོང་དེ། གློག་འོད་ཕྲ་མོ་ལས་མེད་པའི་མུན་ནག་གི་ཁོར་ཡུག་བཞིན། ཅི་འདྲའི་སྐྱི་གཡའ་དགོས་པ་ཞིག་ཡིན་པ་དེ་སུས་ཤེས་ཐུབ།

ལམ་གྱི་གཡས་གཡོན་དུ་ཡོད་པའི་སྤྲོ་སྐྱིད་ཁང་དག་གི་སྒོ་འགྲམ་དུ་དཔྱངས་པའི་ཚོན་མདོག་འདྲ་མིན་གྱི་གློག་སྒྲོན་རྣམས་ནི། སྨད་ཚོང་མ་ཁྱུ་གཅིག་གི་ཟུར་མིག་དང་འདྲ་བར་འབར་ཙམ་དང་ཟུམ་ཙམ་གྱིས་བཟོ་དབྱིབས་འདྲ་མིན་དུ་འགྱུར་ལྡོག་འགྲོ། སྤྲོ་སྐྱིད་ཁང་གི་ནང་ལོགས་ནས་འཁྲུག་ཆ་དོད་པའི་རོལ་དབྱངས་ཀྱི་སྒྲ་ཕྱི་ལ་གྲགས་འོང་བས། གཞུང་ལམ་ཐོག་ཏུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་གཞོན་ནུའི་སེམས་པ་དེ་ཕྱོགས་དབང་མེད་དུ་འགུགས་པར་བྱེད། ཁྱི་སྐྱག་ཁོང་ཚོས་ “ཟུར་གསུམ་སྤྲོ་སྐྱིད་ཁང་”གི་མདུན་དུ་འཁོར་ལོ་གསུམ་ཅན་གྱི་རྐང་འཁོར་ལས་བབས་ཏེ། རྐང་འཁོར་གཏོང་མཁན་ལ་གླ་སྤྲད་རྗེས་ནང་དུ་འཛུལ། ཁྱི་སྐྱག་ཁོང་ཚོ་མཐོང་བ་དང༌། ཆང་རག་འཐུང་བཞིན་པའི་འཁྱམ་པོ་གཞན་ཚོས། རྦི་རག་ཤེལ་དམ་དང་ཐ་མག་སྤུས་ལེགས་ཁོང་ཚོའི་མདུན་ལྕོག་སྟེང་སྤུངས། བུ་མོ་ཁ་ཤས་ཀྱིས་ཁོང་ཚོའི་མདུན་ལ་ཡོང་ནས། “ཅོ་ཅོ། ཞབས་བྲོ་འཁྲབས་རོགས་དགོས་སམ་”ཞེས་དྲིས་པར། རྫིག་རལ་གྱིས་ཉོབ་སྣང་དང་བཅས། “མི་དགོས། ཕར་རྒྱུག” ཞེས་སྨྲས་པས་བུ་མོ་དེ་དག་ཁ་སྐྱེངས་ནས་སོང༌། ཁྱི་སྐྱག་གིས་རྦི་རག་འཐུང་ཞོར། ཞབས་བྲོར་རོལ་བཞིན་པའི་མི་ཚོགས་ལ་བལྟས། རོལ་དབྱངས་ཀྱི་སྒྲོས་དང་བསྟུན་ནས་ཞབས་བྲོར་རོལ་བཞིན་པའི་མི་དེ་ཚོའི་ངོ་གདོང་ཡང༌། གློག་གི་འབར་ཟུམ་དང་བསྟུན་ནས་ཁོའི་མིག་ལ་མངོན་ཙམ་དང༌། མི་མངོན་ཙམ་བྱེད། ཁོས་མིག་ཤུགས་གཅིག་ཏུ་སྒྲིམ་ནས་མི་རེ་རེ་བཞིན་མིག་བཤེར་བྱེད་པའི་ཚུལ་ནི། གཅན་གཟན་ཞིག་གིས་རི་དྭགས་ཤིག་འཛིན་རྩིས་བྱེད་སྐབས་དང་ཤིན་ཏུ་འདྲ། ཁོས་དེ་ལྟར་མི་རེ་རེ་བཞིན་མིག་མྱུལ་བྱས་རྗེས་གཟུགས་རིང་ལ་སྟོབས་ཆེ་བའི་མི་གཅིག་ལ་བལྟས། མི་དེས་ཀྱང་ཁོ་ལ་བལྟས། ཁོང་ཁྲོ་དང་འཁོན་འཛིན་གྱི་མིག་མདངས་འདས་དོན་ལ་འཁོར། “ཁྱོད་དེར་སྡོད་དང༌།”འཇིགས་མེད་ཀྱིས་ཁྱི་སྐྱག་གི་རྒྱབ་ཕྱོགས་ནས་དེ་ལྟར་བཤད། དཀར་གཙང་ཁ་བས་གཡོགས་པའི་ལམ་ཟུར་དུ། ཁྱི་སྐྱག་གིས་འགྲོ་མཚམས་བཞག་སྟེ། ཁ་ཕྱིར་བསྐོར་ནས་བལྟས། 
“ཁྱོད་ཀྱིས་ངའི་གཅེན་མོ་དང་འབྲེལ་བ་གཅོད་དགོས” 
“ག་རེ་ཡིན་ནམ་” 
“ཁྱོད་ཀྱི་པ་ཕ། རོ་སྐྱེལ་མཁན་རེད། ངའི་གཅེན་མོ་ཁྱོད་དང་འགྲིག་ཐབས་མེད་” 
“ངེད་གཉིས་རང་དབང་རེད་” 
“ཨ་མས་གཡང་སྐྱིད་ལ་དེའི་དོན་དུ་པུས་མོ་བཙུགས་ནས་ཞུ་བ་བྱས་ཤིང༌། གཡང་སྐྱིད་ཀྱིས་ཀྱང་ཁས་ལེན་བྱས་པ་ཁྱོད་ཀྱིས་ཤེས་སམ་” 
“མི་ཤེས་” 
“ཨ་མས་ཁྱོད་ལའང༌། མཐེ་བོང་བསྟན་ནས་ཞུ་བ་འབུལ་རྩིས་འདུག འོན་ཀྱང་དེའི་གོང་དུ་ངས་ཁྱོད་གསོད་རྒྱུ་ཡིན་” ཁྱི་སྐྱག་གིས་བྱ་སྤུའི་སྟོད་ཐུང་གི་གོང་བ་ཡར་བསླངས་ཏེ། ཚིག་ལན་གཅིག་ཀྱང་མ་བཤད་པར་ཁ་ཕྱིར་བསྐོར་ནས་མདུན་དུ་སོང༌། 
“ཁྱོད་ཀྱིས་ངའི་གཅེན་མོ་དང་འབྲེལ་བ་གཅོད་རྒྱུ་ཁས་ལེན་དགོས་” ཁྱི་སྐྱག་གིས་མུ་མཐུད་མདུན་དུ་སོང༌། 
“དེ་གར་སྡོད་” འཇིགས་མེད་ཀྱིས་རྒྱབ་ནས་རྒྱུག་འོང་སྟེ། ཁྱི་སྐྱག་གི་མགོ་ལ་ཁུ་ཚུར་ཞིག་གཞུས་པ་དང་ཁྱི་སྐྱག་གངས་ཁྲོད་དུ་འགྱེལ། འོན་ཀྱང་ཁོས་ཡར་ལངས་ཏེ་མུ་མཐུད་མདུན་དུ་སོང༌། འཇིགས་མེད་ཀྱིས་གྲི་བཏོན་ནས་ཡང་བསྐྱར་ཁྱི་སྐྱག་གི་རྒྱབ་ནས་མཆོངས་འོང་བར། ཁྱི་སྐྱག་གིས་གཟུར་ཙམ་བྱས་པས། འཇིགས་མེད་ཁ་བའི་ཁྲོད་དུ་གྱེལ་ཞིང་གྲི་ལག་ནས་ཤོར། ཁྱི་སྐྱག་གིས་ལྟ་ཙམ་ཡང་མ་བྱས་པར་མུ་མཐུད་མདུན་དུ་བསྐྱོད། འོན་ཀྱང་འཇིགས་མེད་ཀྱིས་ཁོའི་རྐང་པ་ནས་འཐེན་པས་ཁྱི་སྐྱག་ཡང་བསྐྱར་འགྱེལ། སྐབས་དེར་འཇིགས་མེད་ཀྱིས་ཁ་བའི་ཁྲོད་ནས་གྲི་བསྒྲུགས་ཏེ། སྨྱོ་བ་ལྟར་མཆོང་འོང་བས། ད་གཟོད་ཁྱི་སྐྱག་གིས་བདེ་རྩལ་དོད་པོའི་ངང༌། འཇིགས་མེད་ཀྱི་གྲི་བཟུང་བའི་ལག་མགོ་དེ་ནས་ལག་གཅིག་གིས་བཟུང་བ་དང༌། ལག་པ་གཞན་པ་དེས་རང་གི་སྐེད་གྲི་འོད་ཆེམ་མེར་བཏོན། 
“ཨ་ཚའའ་་་” འཇིགས་མེད་ཀྱིས་ཁ་ལ་སྦར་མོས་བཀབས་ཏེ། ཕར་ལངས་ཤིང༌། ཁྲག་ཐོན་གྱིན་ཡོད་པ་ཤེས་པ་དང༌། ཁོ་རབ་ཏུ་ཁྲོས་ནས་མཆོང་འོང་མོད། ཁྱི་སྐྱག་ཡར་ལངས་ཟིན་ཏེ། མཆོང་འོང་བཞིན་པའི་འཇིགས་མེད་ཀྱི་བྲང་ལ་ཁུ་ཚུར་ས་རུབ་སོང་བསམ་པ་ཞིག་གཞུས། ཟླ་འོད་འོག་ཏུ་ཁོར་ཡུག་ཧྲིལ་པོ་གྲང་འཁྱགས་ཀྱིས་བསྡམས་ཤིང༌། ཁ་བའི་རོ་གོས་དཀར་པོས་གཡོགས་པ་ནི། དུར་ས་ཞིག་དང་གཉིས་སུ་མ་མཆིས། ཁ་བ་ལས་གྲང་ཞིང་རྩུབ་པའི་ལོ་ཟླ་རིམ་གྱིས་ཕར་འདས་པ་དང༌། ཁྱི་སྐྱག་གི་ཨ་མ་ཚེ་ལས་འདས་ཁར་ཁྱི་སྐྱག་གི་འདོད་མོས་ཡོད་མེད་ལ་མ་ལྟོས་པར། གྲོང་གསེབ་ཀྱི་བུ་མོ་སྒྲོལ་མ་མནའ་མར་བསུས། གྲི་རྩེ་དང་ཁྲག་གིས་དམར་བར་བྱས་པའི་འཁྱམས་པོའི་སྤྱི་ཚོགས་ཁྲོད་ཁྱི་སྐྱག་དང་འཇིགས་མེད་གཉིས་ལ་ “དཔའ་རྒོད་”ཀྱི་མིང་གྲགས་ཐོབ་ཀྱང༌། ཚུལ་ལྡན་དང་ཤ་ཁྲག་གཅིག་གྱུར་གྱི་ “ལ་རྒྱའི”མདུན་དུ་ཁོང་གཉིས་ཀྱི་རིན་ཐང་དེ་ཅི་འདྲའི་ཅོལ་ཆུང་ཞིག་རེད་ཨང༌།

དྲུག་པ།
རོལ་གཞས་ཀྱི་དུམ་བུ་གཅིག་ཚར་བ་དང༌། ཞབས་བྲོ་འཁྲབ་མཁན་རྣམས་འུར་འུར་ཟིང་ཟིང་ངང་རང་རང་གི་སྡོད་གནས་སུ་ངལ་གསོ་བར་ཡོང༌། ཁྱི་སྐྱག་གིས་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཏེ། སྟག་ཁ་རལ་ཕྱོགས་སུ་ཁྲོ་ཉམས་ཆེན་པོས་ལྟ་བཞིན་པའི་སྙིང་ནག་དང་རྫིག་རལ་གཉིས་ལ་བལྟས། 
“སྙིང་ནག རྒྱུག ཤེལ་དམ་གསུམ་འཁྱེར་ནས་” སྙིང་ནག་གིས་རྦི་རག་ཧུབ་གང་བཏུང་རྗེས། ཤེལ་དམ་གསུམ་འཁྱེར་ནས་སྟག་ཁ་རལ་ཁོང་ཚོ་ཡོད་སར་ཐད་ཀར་ཕྱིན། 
“འདིར་ཤེལ་དམ་གསུམ་ཡོད། འདི་བཏུང་ནས་“གཅིན་པ་”བྲོ་བ་དང་གསང་སྤྱོད་ལ་ཤོག” སྙིང་ནག་གིས་རྣམ་འགྱུར་གྲང་ཤུར་ཤུར་ངང་སྟག་ཁ་རལ་ལ་བལྟ་ཞོར་ཤེལ་དམ་མདུན་ཅོག་སྟེང་བཞག་ནས་བཤད། སྟག་ཁ་རལ་གྱིས་དགོད་ཙམ་ངང་། “ང་ཚོས་ཤེལ་དམ་ཁ་ཤས་འབུལ་དགོས་བསམ་ཀྱང༌། ཁྱེད་རང་གི་གྲོགས་པོ་རྫིག་རལ་གྱིས་འཐུང་ཐུབ་ཨེ་ཡོང་བསམ་བྱུང༌། 
ཧ་ཧ་་་་ ”སྟག་ཁ་རལ་དང་རོགས་པ་གཉིས་ཀྱིས་བགད། 
“རྫིག་རལ་གྱིས་ཤེལ་དམ་ཁ་ཤས་བཏུང་ཚར་ནས། “གཅིན་པ་”གཏོང་རོགས་ཤིག་ལ་སྒུག་འདུག” སྙིང་ནག་གིས་དེ་ལྟར་བཤད་རྗེས་ཕྱིར་ལོག་ཡོང༌། ཁོ་ཁྱི་སྐྱག་གི་འགྲམ་དུ་བསྡད་མ་ཐག་སྟག་ཁ་རལ་གྱི་ཨབ་ཕྲུག་སྐམ་རིང་དེས་ཤེལ་དམ་དྲུག་འཁྱེར་ནས་འོངས། ཁྱི་སྐྱག་གིས་རྣམ་འགྱུར་ཅི་ཡང་མ་བསྟན་པར་བསྡད། སྙིང་ནག་གིས་ “ཨ་ལས། སྟག་ཁ་རལ་གྱི་ཁ་རལ་ཡོད་སྟབས། བཏུང་མ་ཐུབ་པར་ཚུར་བསྐྱལ་བ་རེད་དམ། ཧ་ཧ་ཧ༌༌༌” ཚང་མས་བགད། ཐ་ན་མི་སྐམ་རིང་དེས་ཀྱང་མཉམ་དུ་བགད་ཤིང་ཁོང་ཚོའི་དགོད་སྒྲས་སྤྲོ་སྐྱིད་ཁང་ནང་གི་ཚང་མ་བལྟ་དགོས་པ་བཟོས། 
“མ་རེད། ཁྱེད་ཚོ་“གཅིན་པ་”གང་མགྱོགས་གཏོང་བར་ཕྱིན་ན་བསམ་ཏེ༌༌༌” 
“ང་ཚོ་“གཅིན་པ་”བྲོ་ནས་ལྒང་བུ་རྡོལ་གྲབས་འདུག” 
“འོ་ན་“གཅིན་པ་”གཏོང་བར་སོང་ན་འགྲིག ང་ཚོའང་འོང་གི་ཡིན་”མི་སྐམ་རིང་དེས་དེ་སྐད་བཤད་རྗེས་དགོད་ཙམ་གྱིས་སྟག་ཁ་རལ་ཕྱོགས་ལ་སོང༌། ཁྱི་སྐྱག་ཁོང་ཚོས་ཤེལ་དམ་དེ་དག་ལས་རེ་རེ་བླངས་ཏེ་བཏུང་ཞིང༌། མིག་སྟག་ཁ་རལ་ཕྱོགས་ལ་བལྟས། སྟག་ཁ་རལ་གྱིས་ཀྱང་ཤེལ་དམ་ཁོང་ཚོའི་ཕྱོགས་ལ་འཕྱར་ཙམ་གྱིས་བཏུང༌། འཁྲུག་ཆ་ཆེ་བའི་རོལ་གཞས་ཤིག་ཡང་བསྐྱར་གཏོང་འགོ་ཚུགས་པ་དང༌། ཞབས་བྲོ་འཁྲབ་མཁན་མི་ཚོགས་ཀྱིས་ཁོང་ཚོ་ཕན་ཚུན་མཐོང་མི་ཐུབ་པར་གྱུར། ཁྱི་སྐྱག་གིས་ཤེལ་དམ་ཞིག་ཁ་ཕྱེ་ནས་ཤེལ་ཕོར་གསུམ་ནང་བླུགས་རྗེས། སྙིང་ནག་དང་རྫིག་རལ་གཉིས་ལ་རེ་རེ་སྤྲད། ཁོང་ཚོ་སྐྱིད་ལ་ཁའི་རྩྭ་ལ་མཉམ་བཟའ་དང༌། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་གི་འཚོ་བ་བསྐྱལ་བ་ནས་ད་བར་འཐབ་འཁྲུག་ལན་མང་བྱས་ཤིང༌། འཐབ་འཁྲུག་རེ་མ་བྱས་གོང༌། ཁོང་ཚོས་ཕོར་བ་གཏུགས་ནས་ཆང་རག་གཙང་དག་རེ་འཐུང་བ་ནི། གོམས་གཤིས་ཤིག་ཡིན། 
“གཅིག་བྱས་ན། འདི་མཐའ་མ་ཡིན་ངེས་” ཁྱི་སྐྱག་གིས་མི་ཚེའི་ནང་བརྗོད་མ་མྱོང་བའི་ཚིག་དེ་བརྗོད་རྗེས། ཤེལ་ཕོར་དང་ཤེལ་ཕོར་ཏག་སྒྲ་དང་བཅས་གཏུགས་ཏེ། དབུགས་ཐེངས་གཅིག་ལ་བཏུང་ནས་རྫིག་རལ་དང་སྙིང་ནག་གཉིས་ལ་བལྟས། “ཁྱེད་རང་ནམ་རྒྱུན་དང་མི་འདྲ་བ་ག་རེ་བྱས་སོང༌།” “གང་ཡང་བྱས་མ་སོང༌།” ཁོང་གཉིས་ཀྱིས་རྦི་རག་ཞབས་ཏག་རྒྱབ།

ཟླ་འོད་མེད་ལ་སྤྲིན་པའང་མེད་པའི་ནམ་མཁར། སྐར་མ་འགའ་ཤས་ཆང་གིས་བཟི་བ་ལྟར། འོད་མདངས་འཚེར་འཚེར་བྱེད། སྤྲོ་སྐྱིད་ཁང་གི་གླུ་སྒྲ་ཐག་རིང་ནས་གསལ་ལ་མི་གསལ་ཞིག་ཐོས། 
“ང་ཚོ་ནི་སྤྱང་ཀི་ཡིན།། 
མཐོ་སྒང་གི་སྤྱང་ཀི་ཡིན།། 
རང་ཉིད་ཀྱི་ཚེ་སྲོག་ཆེད།། 
ལུག་གུ་ཡི་སྲོག་ལ་བརྒོལ།། 
ལུག་གུ་ཡི་ཤ་དྲོན་བཟའ།། 
ལུག་གུ་ཡི་ཁྲག་དྲོན་འཐུང༌།།” ཁོང་ཚོ་གསུམ་གྱིས་སུས་བརྩམས་མིན་མི་ཤེས་པའི་གཞས་དེ་གཏོང་བཞིན། ལམ་ཟུར་ཁུག་ཀྱོག་དེར་འོང༌། 
“འུརར་༌༌” རྒྱབ་ལོགས་ནས་གཅིག་འཕངས་འོང་བས་ཁྱི་སྐྱག་ཁོང་ཚོས་གཡོལ་ཙམ་གྱིས་བལྟས། 
“ཐི་ལིང༌།”དེ་ནི་སྟག་ཁ་རལ་ཁོང་ཚོས་གཡུག་འོང་བའི་ཤེལ་དམ་ཞིག་རེད། སྟག་ཁ་རལ་ཁོང་ཚོས་དྲག་ཏུ་བགད། རྫིག་རལ་རབ་ཏུ་ཁྲོས་ནས་མདུན་དུ་ཤོར་བས། སྙིང་ནག་དང་ཁྱི་སྐྱག་གཉིས་ཀྱིས་ཀྱང༌། ཁོའི་རྗེས་སུ་ཤོར་ཕྱིན། རྫིལ་རལ་གྱིས་མདུན་དུ་སྐྱོད་ཞོར། ལག་པའི་ཤེལ་དམ་དེ་སྔོན་ལ་ཡོད་པའི་མི་གཟུགས་རིང་སྐམ་པོ་དེ་ལ་དམིགས་ནས་གཞུས། མི་དེས་གཡོལ་ཙམ་བྱས་རྗེས། ཚུར་རྡོ་ཞིག་འཕངས། ཏག་ཏག་དེ་རྫིག་རལ་གྱི་མགོ་ལ་འཕོགས་ནས་“ཨ་ར་”ཞེས་པའི་སྐད་ངན་ཤོར་བ་དང་མཉམ་དུ་རྒྱ་གར་ཞྭ་མོ་དེ་ཡང་ས་ལ་ཐོར་ནས་གྱེལ། རྗེས་སུ་རྒྱུག་ཡོང་བཞིན་པའི་སྙིང་ནག་གིས་རྫིལ་རལ་གྱེལ་བ་མཐོང་མ་ཐག་རབ་ཏུ་ཁྲོས་ནས། རྫིག་རལ་གྱི་ཐོག་ལ་མཆོང་འོང་བའི་མི་སྐམ་རིང་དེ་ལ་ཁུ་ཚུར་ཞིག་གཞུས་པས། མི་དེ་ཡར་ལངས་རྩིས་བྱེད་བཞིན་པའི་རྫིག་རལ་གྱི་མདུན་དུ། ཤིང་སྡོང་བཞིན་དུ་གྱེལ། སྐབས་དེར་གཟུགས་ཆུང་རྒྱགས་པ་དེས། གྲི་འཕྱར་ནས་སྙིང་ནག་གི་ཐོག་ཏུ་ཤོར་འགྲོ་བ་དེ། སྟག་ཁ་རལ་དང་འཛིང་བཞིན་པའི་ཁྱི་སྐྱག་གིས་མཐོང་ནས། སྟག་ཁ་རལ་ལ་གཅིག་གཞུས་པ་དང་འབྲེལ་བདེ་རྩལ་དོད་པོའི་ངང༌། སྐེད་གྲི་བཏོན་ནས་གཟུགས་ཆུང་རྒྱགས་པ་དེར་བཙུགས་པས། ཏག་ཏག་མི་གཟུགས་ཆུང་རྒྱགས་པ་དེའི་དཔུང་པར་ཟུག་ནས་ཁྲག་དམར་ཛ་རེར་བཞུར། འོན་ཀྱང༌། རྒྱབ་ཕྱོགས་ནས་སྟག་ཁ་རལ་གྱིས་གྲི་ཞིག་ཁྱི་སྐྱག་གི་སྒལ་པར་དམིགས་ནས་འཛུགས་པར་འོང་བས། ཁྱི་སྐྱག་གིས་གཡོལ་ཙམ་བྱས་ཀྱང་གྲི་དེ་ཕྲག་པར་ཕོག ཁྱི་སྐྱག་རབ་ཏུ་ཁྲོས་ནས། རྐང་པས་སྟག་ཁ་རལ་གྱི་རྗེ་ངར་མཚམས་སུ་རྡོག་རྡོ་ཞིག་གཞུས་པས། སྟག་ཁ་རལ་གྱི་ཁ་ནས་ “ཨ་ར་”ཞེས་དབང་མེད་དུ་སྐད་ཤོར། ཁྱི་སྐྱག་གིས་ཀི་སྒྲ་དང་བཅས་གྲི་དམ་དུ་བཟུངས་ནས་མདུན་དུ་ཤོར་ཞིང༌། སྟག་ཁ་རལ་གྱིས་ཀྱང༌། ན་ཟུག་བཟོད་སྲན་གྱིས་ཚམ་ཚོམ་མེད་པར་ཤོར་འོང༌། ཁོས་གྲི་ཁྱི་སྐྱག་གི་བྲང་ལ་དམིགས་ནས་བསྣུན་པ་དང༌། ཁྱི་སྐྱག་གིས་གཡོལ་ཙམ་བྱས། སྟག་ཁ་རལ་གྱིས་གོ་སྐབས་དེ་བཟུང་ནས། ཁྱི་སྐྱག་གི་དཔུང་པའི་གྲི་ཕོག་ཤུལ་ལ་ཁུ་ཚུར་གཞུས། ཁྱི་སྐྱག་ན་ཟུག་མ་བཟོད་པར་རྨ་ཤུལ་དུ་ལག་པས་བཀབ། སྟག་ཁ་རལ་གྱིས་སྟག་རྒོད་ངར་མ་ཞིག་ལྟར། དཔའ་ངར་ཆེན་པོས་གྲི་འཕྱར་ནས་མཆོང་འོང་བས། ཁྱི་སྐྱག་གིས་གོམ་པ་ཁ་ཤས་ཕྱིར་བཤིག་གིས་གཡོལ་ནའང༌། སྟབས་མི་ལེགས་པ་ཞིག་ལ། ཁོའི་རྐང་པ་རྡོ་ཞིག་ལ་འཁོན་ནས་ས་ལ་འགྱེལ་ཞིང༌། ལག་པའི་གྲི་ཤོར། སྟག་ཁ་རལ་གྱིས་ངར་ཤུགས་ཆེན་པོས། མུ་མཐུད་དེ་ཤོར་འོང་བས་ཁྱི་སྐྱག་གིས་བྲེལ་སྟབས་ངང་ལག་སྙོབ་བྱས་ཏེ། རྡོ་ཞིག་བསྒྲུགས་ནས་འཕངས་ “ཨ་ར་” རྡོ་དེ་སྟག་ཁ་རལ་གྱི་མགོ་ལ་ཕོག་པས། ཁོ་སྡོང་རྒན་ཞིག་ལ་ལ་འགྱེལ་བ་ལྟར་གྱེལ། ཁོ་ཡར་ལངས་རྩིས་བྱེད་སྐབས། ཁྱི་སྐྱག་གི་གོས་ཐུང་རྐང་མགོའི་ནང་རྒྱུན་དུ་བཅངས་པའི་གྲི་ཆུང་རྣོ་ངར་ཅན་དེ། ཁོའི་སྐེའི་མཚམས་སུ་སླེབས་ཟིན། ཁྲག་རལ་ཡོག་ཡོག་ངང་འཛིང་བཞིན་པའི་ཁྱི་སྐྱག་དང་སྟག་ཁ་རལ་གྱི་དཔུང་རོགས་ཚོས་འཛིང་མཚམས་བཞག་ནས། དབུགས་ལྷེམ་ལྷེམ་ངང་ཁྱི་སྐྱག་ལ་བལྟས། གནས་ཚུལ་ཅི་ཞིག་ལྷགས་མིན་ནི། ཁྱི་སྐྱག་གི་ལག་པའི་གྲི་ཆུང་གི་འདེགས་འཇོག་ཅིག་ལ་རག་ལུས་ 
“རྒོལ་འཛིང་ལ་ཤིན་ཏུ་བློ་ཕམ་དང༌།” 
“ཁྱི་སྐྱག་ལགས། ངའི་གཅུང་པོ” 
“ལངས་རྒྱུ་མེད་པ་བཟོ་རྒྱུ་དེ་ཡིད་ལ་ཟུངས།”
 “ཕྲུ་གུ་རྩིས་ལེན་བྱེད་པར་ཡོང་རོགས་” ྋགོང་ས་མཆོག་གི་བཀའ་སློབ་དང༌། གཡང་སྐྱིད་ཀྱི་ངོ་གདོང༌། རྒྱ་མིའི་སྐད་ཆ། ད་དུང་རང་གི་ཕྲུ་གུ་གསོ་སྐྱོང་བྱེད་རྒྱུ་དང་བུ་ལོན་གསབ་རྒྱུའི་འགན་ཁུར་རྣམས། བྲག་ཅ་བཞིན་དུ་ཁྱི་སྐྱག་གི་རྣ་ལམ་དུ་གྲགས་འོང་ལ། གློག་བརྙན་བཞིན་དུ་མིག་ལམ་ན་ཤར་འོང༌། སྟག་ཁ་རལ་གྱིས་ཁྱི་སྐྱག་གཡེང་སྡོད་པའི་གོ་སྐབས་དེ་བཟུངས་ཏེ། གློ་བུར་གྲི་ལ་ལག་སྙོབ་ཀྱིས་ཁྱི་སྐྱག་ལ་བསྣུན། ཁྱི་སྐྱག་ཧོབ་ལངས་བྱས་ཤིང་ཡང་སྐྱར་ས་ལ་གྱེལ། སྙིང་ནག་དང་རྫིག་རལ་གཉིས་ཀྱིས་དེ་མཐོང་བ་དང་རབ་ཏུ་ཁྲོས་ནས། སྟག་ཁ་རལ་ཐོག་ཤོར། 
“དེ་འདྲ་མ་བྱེད་” ཁྱི་སྐྱག་གིས་སྙིང་ཁར་ཟུག་པའི་གྲི་སྣེར་ལག་པས་འཆང་བཞིན། ཁྱར་ཁྱོར་ངང་ཡར་ལངས་ཏེ་“ང་ཚོ། ང་ཚོ་ཚང་མ་ཤ་ཁྲག་གཅིག་པ་རེད་”ཅེས་བཤད་ཅིང་ཁྱི་སྐྱག་ས་ལ་གྱེལ། 
“ཁྱི་སྐྱག”སྙིང་ནག་དང་རྫིག་རལ་གཉིས་ཀྱིས་ཁྱི་སྐྱག་ལ་འཐམ། སྟག་ཁ་རལ་གྱིས་ཧོན་ཐོར་བའི་ངང་ཁྱི་སྐྱག་ལ་བལྟས། ཁོའི་ཁོང་ཁྲོ་དང་འཁོན་འཛིན་མཐའ་དག་ཡལ་ཟིན། 
“ཁྱི་སྐྱག འགྲོ སྨན་ཁང་ལ་” སྟག་ཁ་རལ་གྱིས་བཤད། རྫིག་རལ་དང་སྙིང་ནག་གཉིས་ཀྱིས་ཀྱང༌། “ཤོག ང་ཚོ་སྨན་ཁང་དུ་སྐྱེལ་ཏོ་” 
“ཕྱིན་མ་ཕྱིན་མེད་པ་ངས་ཤེས་” ཁྱི་སྐྱག་གིས་སྟོད་གོས་ཀྱི་ཁུག་མའི་ནང་ནས། ྋགོང་ས་མཆོག་གི་གསུང་འཕྲིན་ཤོག་བྱང་དེ་ག་ལེར་བླངས་ཏེ། སྟག་ཁ་རལ་ལ་སྤྲོད་ཞོར། “འཇིགས་མེད། ད་ནས་བཟུང༌། འཚོ་བ་འདི༌༌༌མ་སྐྱེལ༌༌༌ མ་སྐྱེལ་རོགས་” སྟག་ཁ་རལ་གྱིས་ཅི་ཡང་མ་སྨྲས། ཁོ་ངུ་བཞིན་པ་འདྲ། མིག་ཆུ་མེད་པའི་ཕོ་རྒོད་ཀྱི་ངུ་སྟངས་ཤིག་ངུ་བཞིན་པ་འདྲ། 
“སྙིང་ནག ང་ལ༌༌༌ ང་ལ་ཐ་མག་ཅིག་༌༌༌སྤྲོད་དང༌།” སྙིང་ནག་གིས་མིག་ཆུ་ཁྲུམ་ཁྲུམ་དུ་བཞུར་བཞིན། ཐ་མག་རྐང་གཅིག་ཁྱི་སྐྱག་གི་ཁའི་ནང་དུ་བཅུག རྫིག་རལ་གྱིས་མེ་སྒྲོན། ཁྱི་སྐྱག་གིས་སྣ་ཁུང་ནས་དུ་བ་སྔོ་འཕྱུར་འཕྱུར་ཞིག་ག་ལེར་བཏང་རྗེས། “ད་གིན༌༌༌ད་གིན་གྱི་གཞས་དེ༌༌༌གཅིག་ཐོངས་དང༌།” 
“ང་ཚོ་སྤྱང་ཀི་ཡིན།། 
མཐོ་སྒང་གི་སྤྱང་ཀི་ཡིན།། 
རང་ཉིད་ཀྱི་ཚེ་སྲོག་༌༌༌༌༌༌” ངུ་ངག་གི་གཞས་དེའི་འགྱུར་ཁུག་དང༌། ཐ་མག་གི་དུ་བའི་མཉམ་དུ། ཁྱི་སྐྱག་གི་རྣམ་ཤེས། ཐེངས་གཅིག་ཀྱང་མཐོང་མྱོང་མེད་པའི་རང་གི་བུ་མོའི་ཕྱོགས་སུ་འཁོར་ཞིང༌། གཡང་སྐྱིད་ཀྱི་ཕྱོགས་སུ་ལྡིང༌། རླུང་ཡན་གྱིས་ཤིང་ལོ་སེར་པོ་འགའ་ཕྱོགས་དང་ཕྱོགས་སུ་འཁྱེར་འོང་ཞིང༌། སྙིང་ནག་དང་རྫིག་རལ་གྱི་མིག་ཆུས། ཁྱི་སྐྱག་གི་ངོ་གདོང་བརླན། ཐ་མག་གི་མེ་ལྕེ་ཁྱི་སྐྱག་གི་མཆུ་ལ་ཐུག་ཀྱང༌། ཁོ་འགུལ་ཙམ་ཡང་མ་བྱས། དུས་གཏན་དུ༌༌༌༌།། །།

2 comments:

  1. བཀུར་འོས་དྲ་བདག་ལགས། ཁྱེད་ཀྱི་དྲ་ཚིགས་འདི་བཞིན་བོད་མིའི་སྤྱི་ཚོགས་སུ་དགའ་བསུ་ཐོབ་བཞིན་ཡོད་པ་ནི་མཚམས་འདྲི་ཞུ་འོས་ལགས། འདིར་གུས་པ་ནི་ www.sonamawa.com ཞེས་པའི་མིང་བྱང་འོག་གློག་ཀླད་དང་ཁ་པར་། མཉེན་ཆས་དང་། དྲི་བ་དྲིས་ལན་སྐོར་གྱིས་རྩོམ་ཡིག་སྤེལ་མཁན་ཞིག་ཡིན་ལ། ལས་ཞོར་དང་དུས་ཚོད་སྟོང་པའི་ནང་དྲ་ཚིགས་ཇུས་འགོད་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱི་ཟིན་བྲིས་དྲ་བ་དེ་ཚད་ལྡན་གྱི་དྲ་ཚིགས་ཤིག་ (དཔེར་ན་ www.chungtse.com ཐོག་)དང་དེང་དུས་གློག་ཀླད་ཙམ་དུ་མ་ཟད་ tablet, ipad, iphone, andriod སོགས་ཀྱི་ནང་ཆ་སྙོམ་པོར་ཤར་དགོས་བསམ་ན། གུས་པས་རིན་གོང་མཁེ་པོའི་ཐོག་ཞབས་ཞུ་ཡོད། གུས་པའི་བཟོ་བཀོད་བྱས་པའི་ལས་ཀར་གཟིགས་ན། http://design.sonamdawa.com འབྲེལ་བ་བྱེད་ས། iphoeniz@gmail.com ཁ་པར་ཨང་། +91 9805941078

    ReplyDelete
  2. བསོད་ནམ་ཟླ་བ་ལགས། ཁྱེད་ལ་ཐད་ཀར་ཡིག་འབྲེལ་ཞུ་གི་ཡིན། ཐུགས་རྗེ་ཆེ།

    ReplyDelete