2015-07-30

སྙན་ངག་པ་ཞིག་དང་ཁོང་གི་སྙན་ངག

ཁ་སྒང་བསམ་གཏན་རྒྱ་མཚོ་དང་ཕྲན། ས་གནས་ཧྥ་རན་སིའི་རྒྱལ་ས། པར་པ། ཁེ་ལའེ་མོང་སེ། ༢༠༡༣
༄༅།། སྙན་ངག་པ་ཞེས་པའི་ཚིག་འདི་ནི་མི་དང་སྙན་ངག་གཞི་གཅིག་པར་སྟོན་པའི་ཐ་སྙད་ཅིག་རེད། ཐ་སྙད་དེའི་གྲུབ་ཚུལ་སྟབས་བདེའི་ཨང་རྩིས་ཀྱིས་གསལ་བར་བྱས་ན།

    “མི་+སྙན་ངག་=སྙན་ངག་པ་” རེད།

འོན་ཀྱང་དངོས་ཡོད་འཚོ་བའི་ནང་དུ་ཨང་རྩིས་དེ་དེ་འདྲའི་སྟབས་བདེ་ཞིག་མ་རེད། ང་ཚོའི་མི་མང་པོ་ཞིག་སློབ་འབྲིང་དང་མཐོ་སློབ་འགྲིམས་སྐབས་“སྙན་ངག་པ་”ཆགས་འགྲོ་བ་དང་། དེ་ནས་འཚོ་བ་དངོས་ནང་ཞུགས་ཏེ། ལས་ཀ་ཐོབ་པ་དང་བཟའ་ཟླ་བརྙེད་པ། བྱིས་པ་བཙའ་བ་སོགས་ཀྱི་མཇུག་ཏུ། དེ་འདྲའི་སྙན་ངག་པ་ཕལ་མོ་ཆེ་སྙན་ངག་པ་མིན་པར་གྱུར་འགྲོ། དེར་བརྟེན་གོང་གི་སྟབས་བདེའི་ཨང་རྩིས་དེ་

“མི་+སྙན་ངག་=སྙན་ངག་པ - འཚོ་བ་= མི”རེད། དེར་བརྟེན་སློབ་གྲྭའི་རྩོམ་གཞུང་ཁག་ཏུ་འཚོ་བའི་ཉམས་མྱོང་ནི་རྩོམ་རིག་གི་འབྱུང་ཁུངས་རེད་ཅེས་བསྐྱར་ཟློས་ཡང་ཟློས་སུ་བཤད་པ་དེ། དོན་དུ་འཚོ་བའི་ཉམས་མྱོང་ནི་རྩོམ་རིག་གི་གཤེད་མ་ཡིན་ཞེས་བརྗོད་ཆོག་པ་ལྟ་བུར་གྱུར།

གོང་གསལ་གནད་དོན་དེའི་ཐོག་ནས། དགའ་སྣང་ཡོད་པ་ཙམ་གྱིས་སྙན་ངག་པར་གྱུར་དཀའ་ལ། འབྲི་སྟངས་ཤེས་པ་ཙམ་གྱིས་སྙན་ངག་འཁྱོངས་དཀའ་བ་དེ་གསལ་བར་མཚོན་པ་ཡིན། དོན་དུ་སྙན་ངག་དང་མི་གཞི་མཉམ་དུ་བསྲེས་ཏེ་སྙན་ངག་པ་ཁོ་རང་སྙན་ངག་དང་། དེའི་སྙན་ངག་དེ་ཉིད་དུ་གྱུར་མཚམས་དོན་དམ་གྱི་སྙན་ངག་པ་ཞེས་བརྗོད་ཆོག་པ་འདྲ་ཞིང་། ངག་ལ་དབང་འབྱོར་ཁ་སྒང་བསམ་གཏན་རྒྱ་མཚོ་ནི་དེ་འདྲའི་སྙན་ངག་པ་ཞིག་རེད་ཅེས་ཁོ་བོས་སྨྲ་བར་སྤོབས།


ཁ་སྒང་བསམ་གཏན་རྒྱ་མཚོ་ལགས་ཐོག་མར་ཕྲན་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་བྱེད་སྐབས་མཇལ་ཞིང་། སྐབས་དེར་ཁོང་སློབ་ལོ་ཡོལ་བའི་བོད་མི་གསར་འབྱོར་བ་ཚོར་དམིགས་བསལ་གྱི་སློབ་སྦྱོང་གོ་སྐབས་སྤྲོད་ཡུལ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དགེ་རྒན་གནང་གི་འདུག དེ་དུས་ངེད་གཉིས་འབྲེལ་འདྲིས་ཟབ་མོ་གང་ཡང་བྱུང་མེད་རུང་ཁོང་གིས་ཕྲན་ལ་ཤེས་རིག་དུས་དེབ་ནང་པར་སྐྲུན་བྱ་རོགས་ཞེས། སྙན་ངག་མེ་ལོང་མའི་རྒྱན་ཁག་གི་ཁྱད་པར་ཞིབ་པར་གསལ་བའི་རྩོམ་ཡིག་ཅིག་གནང་བ་དེ་བློ་ལ་འགྲོ་པོ་བྱུང་།


བར་སྐབས་ཤིག་ནས་བཙན་བྱོལ་སྤྱི་ཚོགས་ནང་དྲ་རྒྱ་དར་ཞིང་། དེ་དང་མཉམ་དུ་རྩོམ་པ་པོ་གསར་པ་མང་པོ་ཞིག་གི་རྩོམ་ཡིག་ཀྱང་ཉིན་རེ་ཉིན་རེར་ཐོན་ཡོང་། དེ་དག་གི་ནང་ནས་སྙན་ངག་གི་ཕྱོགས་ནས་གྲངས་འབོར་དང་སྤུས་ཚད་གཉིས་ཀ་ལེགས་པ་ཞིག་ནི་“འབའ་སྲས་”ཀྱི་སྙན་ངག་རེད། འོན་ཀྱང་“འབའ་སྲས་”སུ་ཡིན་པ་དང་། གང་ན་ཡོད་པ་སོགས་ནི་མ་ཤེས་ལ་རྩད་གཅོད་ཀྱང་མ་བྱས།


ཕྱི་ལོ་ ༢༠༡༡ ལོར་ཁོ་བོ་ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་དང་རིག་གཞུང་སློབ་ཆེན་དུ་ལས་ཀ་བྱེད་སྐབས། ཉིན་གཅིག་ཉེ་ཁོར་གྱི་ཚོང་ཁང་ཆེན་པོ་ཞིག་ཏུ་རང་མཁོའི་ཅ་དངོས་འགའ་ལ་མིག་མྱུལ་བྱེད་བཞིན་པའི་སྐབས་སུ། རྒྱབ་ཕྱོགས་ནས་ངའི་མིང་ནས་འབོད་མཁན་ཞིག་བྱུང་བ་སུ་ཡིན་སྙམ་ནས་བལྟ་སྐབས་བསམ་གཏན་རྒྱ་མཚོ་ལགས་རེད་འདུག་ཅིང་། ཁོང་ཚོང་ཁང་དེའི་ནང་ཕྱག་ལས་གནང་གི་ཡོད་གསུངས། དེ་ནས་བཟུང་བསམ་གཏན་རྒྱ་མཚོ་ལགས་དང་། ཆབ་བྲག་ལྷ་མོ་སྐྱབས། ཟླ་བ་ཚེ་རིང་ངེད་ཚོ་ཐེངས་ཁ་ཤས་མཉམ་འཛོམས་ཀྱིས་ཞིམ་པའི་ཟས་སྣར་རོལ་ཞོར་རྩོམ་རིག་དང་ལོ་རྒྱུས། ཆབ་སྲིད་སོགས་གླེང་མྱོང་། གླེང་མོལ་གྱི་བརྒྱུད་རིམ་ནང་ནས་ངས། ཚོང་ཁང་ནང་དུ་ལས་ཀ་བྱེད་མཁན་གྱི་ཁ་སྒང་བསམ་གཏན་རྒྱ་མཚོ་དང་། དྲྭ་ལམ་དུ་སྙན་ངག་སྣ་མང་སྤེལ་མཁན་གྱི་“འབའ་སྲས་”གཉིས་མི་གཅིག་ཡིན་པ་ཤེས།

སྙན་ངག་པ་རྗིམ་ མོར་རི་སོན་(Jim Morrison)གྱིས་
“ངའི་སྙན་ངག་གིས་གང་ཞིག་མངོན་འགྱུར་ཡོང་བར་དམིགས་ཡོད་ཚེ། དེ་ནི་སྐྱེ་བོ་རྣམས་ཀྱི་མཐོང་རྒྱ་དང་ཚོར་རྒྱའི་ཚད་བཀག་ལས་གྲོལ་བར་བྱེད་རྒྱུ་དེ་ཡིན” (If my poetry aims to achieve anything, it's to deliver people from the limited ways in which they see and feel.) ཞེས་གསུངས་ཡོད། 

ཁ་སྒང་བསམ་གཏན་རྒྱ་མཚོ་ལ་མཚོན་ན་གསུང་འདི་ནི་ཤིན་ཏུ་ནས་འབྱོར་བ་ཞིག་རེད་སྙམ། ཐེངས་གཅིག་ངས་ཟས་སྟོན་སྟབས་བདེ་ཞིག་ཏུ། བསམ་གཏན་རྒྱ་མཚོ་དང་ཟླ་བ་ཚེ་རིང་། ནོར་བུ་བཅས་བོས། ཟ་མ་ཟོས་ཚར་རྗེས་ང་ཚོ་ཉེ་ཁོར་གྱི་གླིང་ཁ་ཞིག་ཏུ་སོང་ཞིང་། འགྲོ་ཞོར་འགྲོ་ཞོར་དུ་བསམ་གཏན་རྒྱ་མཚོ་ཡུལ་ལྗོངས་དང་སྤྲིན་པ་སོགས་ལ་ལྟ་བཞིན་སྙན་ངག་གིས་བཟི་འགོ་ཚུགས། ང་ཚོ་ལ་མཚོན་ན་ཁོར་ཡུག་ཡོད་ཚད་རྒྱུན་ལྡན་ཏེ་“ཚད་བཀག་”ཅན་ཡིན་རུང་། བསམ་གཏན་རྒྱ་མཚོར་དེ་ཚོ་ཚང་མ་བཀག་རྒྱ་ལས་གྲོལ་བ་རེད། འདི་ལྟར་བསམ་གཏན་རྒྱ་མཚོས་སྙན་ངག་བྲིས་འོང་བ་རེད། འདི་ལྟར་འབའ་སྲས་ཀྱིས་སྙན་ངག་གྱེར་འོང་བ་རེད། ཁོང་གི་སྙན་ངག་འབྲི་ས་ནི་རྒྱས་སྤྲོས་ཅན་གྱི་གློག་ཀླད་དེ་འདྲ་མ་ཡིན་པར། ལག་ཐོགས་ཁ་པར་རང་ཡིན་པ་དང་། སྙན་ངག་འབྲི་བའི་ཁོར་ཡུག་ཀྱང་ལྗོངས་བཀོད་མཛེས་ཤིང་ཁུ་སིམ་པའི་ས་གནས་དག་མིན་པར། ནམ་རྒྱུན་རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་སྟེ། མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར། ཁྲོམ་གཞུང་། གླིང་ཁ། རང་ཁྱིམ་སོགས་རེད།

བསམ་གཏན་རྒྱ་མཚོས་སྙན་ངག་འབྲི་བ་ཙམ་མ་ཡིན་པར། རྒྱུན་དུ་ལས་ཞོར་དུ་དྲ་ལམ་བརྒྱུད་སྙན་ངག་འཁྲིད་པ་དང་། སྙན་ངག་གི་དུས་དེབ་རྩོམ་སྒྲིག་བྱེད་པ། སྐད་འཕྲིན་ནང་བོད་གཞིས་བྱེས་གཉིས་ཀྱི་སྙན་ངག་པའི་བར་དུ་བགྲོ་གླེང་གོ་སྒྲིག་བྱེད་པ། པེ་རི་སིའི་གཟའ་མཇུག་བོད་སྐད་སློབ་གྲྭའི་བོད་ཕྲུག་ཚོར་དང་བླངས་ངང་བོད་ཡིག་ལོ་ནས་ལོ་བསྟུད་དེ་སློབ་པ་སོགས་བོད་མི་ཤེས་ཡོན་ཅན་ཞིག་དང་བོད་ཀྱི་སྙན་ངག་པ་ཞིག་གི་འགན་ཁུར་བཞིན་འདུག་ལ། རང་གི་ཁྱིམ་དུའང་། ཕྲུ་གུ་ཚོར་བོད་སྐད་བོད་ཡིག་དང་ཞལ་འདོན་སློབ་པ་སོགས་ཕ་རྒན་ཆོས་སེམས་ཅན་ཞིག་གི་འགན་ཁུར་བཞིན་པ་ང་རང་གིས་དངོས་སུ་མཇལ།

ང་རང་གི་མཐོང་ཚུལ་ལ། བསམ་གཏན་རྒྱ་མཚོའི་སྙན་ངག་གིས་ཕྱོགས་ཀུན་ནས་བསམ་གཏན་རྒྱ་མཚོ་མཚོན་ཐུབ་འདུག དེ་ནི་ཁོང་གི་སྙན་ངག་གི་གཞི་རྩའི་རིན་ཐང་དེ་རེད། སྙན་ངག་པ་མང་པོ་ཞིག་གིས། རང་མི་འབྲི་བར་གཞན་འབྲི་བ་དང་། མཐོང་ཐུབ་པ་དག་མི་འབྲི་བར་མཐོང་མི་ཐུབ་པ་དག་འབྲི། ཐག་ཉེ་ས་མི་འབྲི་བར། རྒྱང་རིང་ས་འབྲི་ཁུལ་བྱེད། འོན་ཀྱང་མར་བབས་ནས་བཤད་ན། རང་ཉིད་མཚོན་མི་ཐུབ་མཁན་གྱི་སྙན་ངག་པ་ཅིག་གིས། རང་ཉིད་གནས་སའི་ཁོར་ཡུག་དང་སྤྱི་ཚོགས། མི་རིགས། རྒྱལ་ཁབ་ཀྱི་གནས་སྟངས་མཚོན་ཐབས་ནམ་ཡང་མེད།

དབྱིན་ཇིའི་སྙན་ངག་པ་གྲགས་ཅན་ཤལ་ལེ་(Percy Bysshe Shelley)ཡིས་
“སྙན་ངག་པ་ནི་མུན་ནག་གི་ནང་དུ་གནས་བཅས་ཏེ་རང་གི་ཁེར་གནས་ལ་སྤྲོ་བ་སྐྱེད་ཆེད་སྙན་པའི་གླུ་དབྱངས་གྱེར་མཁན་གྱི་འཇོལ་མོ་རེད་”( A poet is a nightingale, who sits in darkness and sings to cheer its own solitude with sweet sounds.)ཅེས་གསུངས་ཡོད། 
བསམ་གཏན་རྒྱ་མཚོ་ལགས་ཀྱིས་མཚོན་པའི་བོད་ཀྱི་སྙན་ངག་པ་དང་། རྩོམ་པ་པོ། མཁས་པ། མཁས་དབང་མང་པོ་ཞིག་ནུབ་ཕྱོགས་སུ་སླེབས་རྗེས། རང་གི་ཚེ་གང་སྦྱངས་པའི་སྐད་ཡིག་དང་རིག་གཞུང་། རྩོམ་རིག་རྣམས་ཧ་ལམ་བེད་སྤྱོད་བྱེད་ས་མེད་པར་གྱུར། ཉེ་ཁོར་གྱི་སྤྱི་ཚོགས་དང་སྐད་ཡིག རིག་གཞུང་རྣམས་རང་གི་སྐད་ཡིག་རིག་གཞུང་གི་འཁོར་རྒྱུག་ལ་ཆེད་དུ་འཕྱ་མཁན་གྱི་མུན་ནག་ལྟ་བུ་རེད་ལ། མུན་ནག་གི་སྤྱི་ཚོགས་དེའི་ནང་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ་མང་པོ་ཞིག་གོ་རྒྱུ་མེད་པར་གྱུར། འོན་ཀྱང་བསམ་གཏན་རྒྱ་མཚོས་ཁོར་ཡུག་དེར་མགོ་བསྒུར་ནས་མ་བསྡད་པར། སྙན་ངག་ལ་བརྟེན་ནས་རང་གི་འཚོ་གནས་ལ་དོན་སྙིང་བསྐྲུན་པ་དང་། སྙན་ངག་ལ་བརྟེན་ནས་གཞན་ལ་སྤྲོ་བ་སྤེལ་ཡོད་ལ། ཐ་ན་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ཡོད་ཅེས་བཤད་ཆོག


ཁོང་གི་སྙན་ངག་གི་ཚིག་སྦྱོར་བདེ་ཞིང་ཚིག་འགྲོས་སྙན། དཔེ་དོན་འབྱོར་ལ་མཚར་ཉམས་ཆེ། རྒྱུན་དུ་སྲོལ་རྒྱུན་སྙན་ངག་གི་རྩོམ་ཐབས་བཀོལ་ཡང་། གསར་གཏོད་ཀྱི་རྣམ་པ་མེད་པ་མིན། ནང་དོན་ནི་རང་ཉིད་དང་རང་ཉིད་ཀྱི་ཉེ་ཁོར་གྱི་གནས་ཚུལ་དང་དྲན་ཚུལ་གཙོ་བོར་བྱས་ཤིང་། ཕོ་མོའི་འདོད་སྲེད་བརྗོད་བྱར་བྱས་པའང་མི་ཉུང་།


དེང་སང་གཅིག་ནས་བོད་མིའི་ཁྲོད་ཧ་ལམ་བོད་ཡིག་འབྲི་ཤེས་ཚད་ཀྱིས་“སྙན་ངག་”འབྲི་ཁུལ་གྱིས་དོན་དུ་སྙན་ངག་གི་མུ་གེ་བསྐྲུན་པ་དང་། གཉིས་ནས་མཁས་པ་དང་རྩོམ་པ་པོའི་གདན་གྲལ་དུ་ཚུད་པར། ངེས་པར་དཔྱད་རྩོམ་འབྲི་དགོས་པ་དང་། དེ་ཡང་ལོ་རྒྱུས་དང་ཆབ་སྲིད་ཀྱི་དཔྱད་རྩོམ་འབྲི་དགོས་པའི་སྲི་ངན་ལངས་བཞིན་པའི་དབང་གིས་དེང་སང་བོད་ཕྱི་ནང་གཉིས་ཀར་སྙན་ངག་པའི་དབུ་འཕང་དམའ་བའི་སྐབས་རེད། འོན་ཀྱང་ཇི་སྐད་དུ་ཨ་རིའི་སྲིད་འཛིན་རྗོན་ ཀེ་ཎ་ཌེས་(John F. Kennedy)
“དབང་ཆས་སྐྱེ་བོ་ཁེངས་དྲེགས་ཀྱི་ཕྱོགས་སུ་འཁྲིད་དུས། སྙན་ངག་གིས་ཁོར་ཞན་ཆ་དྲན་སྐུལ་བྱེད། དབང་ཆས་སྐྱེ་བོའི་བསམ་རྒྱ་ཆུང་དུ་གཏོང་དུས། སྙན་ངག་གིས་འཚོ་གནས་ཀྱི་སྣེ་མང་རང་བཞིན་དང་ཕྱུག་ཚད་གསལ་འདེབས་བྱེད། དབང་ཆས་རུལ་སུངས་སུ་གྱུར་དུས། སྙན་ངག་གིས་དག་པར་བྱེད་དོ།” (When power leads man toward arrogance, poetry reminds him of his limitations. When power narrows the area of man's concern, poetry reminds him of the richness and diversity of existence. When power corrupts, poetry cleanses.)ཞེས་གསུངས་པ་ལྟར། 

དོན་དམ་པའི་སྙན་ངག་ནི་མིའི་རིགས་ཀྱི་ཞན་ཆ་མཐོང་བྱེད་ཀྱི་མེ་ལོང་དང་། མཐོང་རྒྱ་སྐྱེད་བྱེད་ཀྱི་རྒྱང་ཤེལ། བསམ་རྒྱ་སྐྱེད་བྱེད་ཀྱི་ལེགས་བཤད་ཡིན་པས། བསམ་གཏན་རྒྱ་མཚོའམ་འབའ་སྲས་ལྟ་བུའི་སྙན་ངག་པ་དག་གི་རིན་ཐང་རིམ་པས་ཇེ་མཐོར་འགྱུར་ངེས་རེད།


རྒྱ་མཚོར་འབབ་པའི་ཆུ་ཡི་ཐིགས་པ་ཁ་བའི་རྡུལ་ལ་ཐུག་པ་དེས།།

སྙིང་ལ་སིམ་པའི་ངག་གི་སྙན་པ་བླ་སྲོག་བཞུ་བའི་རྒྱུན་རེད་ཟེར།།

སེམས་མེད་ཉི་འོད་ལོ་མང་བགྲོད་ནས་ཆུ་སྐྱེས་འཛུམ་པར་བྱེད་པ་འདིས།།

སེམས་ལྡན་སྙན་ངག་སྲིད་མཐར་སོང་ནས་སྙིང་ཁ་ཐེར་འབུམ་བཞད་ཅེས་སྨྲ།།



གང་གི་རྣམ་དཀར་གྱི་བྱ་བ་སྤྱི་དང་བྱེ་བྲག་སྙན་ངག་གི་འཕྲིན་ལས་ཕྱོགས་དུས་ཀུན་ཏུ་རྒྱས་པའི་སྨོན་འདུན་དང་བཅས་གུས་ཆུང་ཚེ་རིང་པས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷ་ར་དང་། གྲོང་ཁྱེར་སིད་ཎིའི་དབར་འགྲུལ་བཞུད་ཀྱི་སྐབས་སུ་བྲིས་ཏེ་ཕུལ་བ་ལགས།། །།

No comments:

Post a Comment