2018-03-10

ཇོ་ཁང་མེ་སྐྱོན་སྐོར།

༡) བོད་ནང་རྩ་ཆེ་ཤོས་སུ་བརྩི་བའི་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་ངམ། ཇོ་ཁང་ལ་ཉེ་དུས་མེ་སྐྱོན་ཚབས་ཆེན་བྱུང་བ་དེ་ནི། བོད་མི་སྤྱི་དང་། འཛམ་གླིང་གི་ནང་པ་ཡོངས་ཀྱིས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། 
༢) ད་རེས་རྒྱ་ནག་གཞུང་གིས་མེ་སྐྱོན་འབྱུང་རྐྱེན་ག་རེ་ཡིན་མིན་དང་། གནོད་འཚེ་ཆེ་ཆུང་ཇི་ཙམ་ཕོག་ཡོད་མེད་གསལ་ཁ་བཏོད་མེད་ཀྱང་། ཇོ་ཁང་གི་རྒྱ་ཕིབས་ལ་མེ་ཧ་ཅང་ཤུགས་ཆེན་པོ་མཆེད་སྟངས་དང་། མེ་མཆེད་པའི་དུས་ཡུན་རིང་ལོད་ལ་གཞིགས་ན། འཚིག་སྐྱོན་ཆེན་པོ་བྱུང་ཡོད་པ་ཚོད་དཔག་ཐུབ་པ་ཞིག་རེད།
༣) རྒྱ་ནག་གཞུང་གིས་ཇོ་ཁང་དང་། བོད་ཀྱི་དགོན་སྡེ་ཁག་ཏུ་དམག་མི་ཧ་ཅང་མང་པོ་ཞིག་ཆེད་མངགས་ལོ་ནས་ལོ་བསྟུད་དེ་བཞག་ཡོད། དེའི་རྒྱུ་མཚན་གཙོ་བོ་གཅིག་ནི། དགོན་སྡེ་དང་ལྷ་ཁང་ལ་མེ་སྐྱོན་བྱུང་ན་ལམ་སང་གསོད་ཐུབ་པའི་ཆེད་དུ་བཞག་པ་ཡིན་ཟེར་གྱི་ཡོད་པ་རེད། འོན་ཀྱང་ད་རེས་ཇོ་ཁང་ལ་ཕྱི་དྲོ་ཆུ་ཚོད་ ༦ ཡོལ་ཙམ་ནས་དགོང་དྲོ་ ༨ ཡོལ་ཡོལ་བར་མེ་གསོད་ཐུབ་མེད་པ་དང་། མེ་གསོད་བཞིན་པའི་བརྙན་ཁྱབ་པ་ཁག་ལ་བལྟས་ན། དམག་མིར་མེ་གསོད་ཀྱི་ཡོ་ཆས་དང་། མེ་ཐུབ་ཀྱི་གྱོན་གོས་སོགས་མེད་པ་དེའི་ཐོག་ནས། དོན་དངོས་སུ་དམག་མི་དེ་དག་རྒྱ་གཞུང་གིས་བཤད་པ་ལྟར་མེ་སྐྱོན་སྔོན་འགོག་གི་ཆེད་དུ་བཞག་པ་མིན་པ་གསལ་པོར་གྱུར་པ་མ་ཟད། མེ་སྐྱོན་བྱུང་ན། དེར་གདོང་ལེན་བྱེད་ཕྱོགས་ཀྱི་གྲ་སྒྲིག་ཧ་ཅང་ཞན་པོ་ཡིན་པ་མཐོང་ཐུབ།
༤) ད་རེས་ཇོ་ཁང་གི་རྟེན་གཙོ་ཇོ་བོ་ཤཀྱ་མུ་ནེའི་སྐུ་བརྙན་ལ། འཚིག་སྐྱོན་བྱུང་མེད་པའི་སྣང་ཚུལ་མངོན་པ་དེ་ནི་དགའ་འོས་པ་ཞིག་ཡིན། འོན་ཀྱང་ཇོ་བོར་འཚིག་སྐྱོན་མ་བྱུང་ན། གཞན་ཚང་མ་འཚིག་ནའང་སྐྱོན་མེད་ཤག་ཤག་གི་བཤད་སྟངས་དང་བྱེད་སྟངས་ནི་ཧང་སངས་དགོས་པ་ཞིག་རེད། ཇོ་ཁང་ནང་ཇོ་བོ་ཤཀྱ་མུ་ནེ་ལས་གཞན་རིན་ཐང་ཧ་ཅང་ཆེ་བའི་ལྡེབས་རིས་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཕྱག་བཟོ་ལས་བྱུང་བར་གྲགས་པའི་སེང་གེའི་གདོང་དབྱིབས་འདྲ་མིན། ཆོས་རྒྱལ་གྱི་ཁྲུངས་བན་ངོ་མཚར་ཅན། དཔལ་ལྡན་ལྷ་མོ་ཞི་དྲག་གི་སྐུ་བརྙན་དང་སྐུ་གསོབ། དེ་མིན་གྱི་རྟེན་རྫས་རྩ་ཆེན་ཤིན་ཏུ་མང་པོ་ཇོ་ཁང་གི་བར་ཐོག་དང་སྟེང་ཐོག་ཏུ་བཞུགས་སུ་གསོལ་ཡོད། ལྷག་པར་མེ་སྐྱོན་མངོན་གསལ་དུ་བྱུང་སའི་རྒྱ་ཕིབས་དེ་གའི་གཡས་གཡོན་གྱི་ཁང་མིག་ཁ་ཤས་ནང་། གསེར་བྲིས་ཀྱི་བཀའ་འགྱུར་དང་བསྟན་འགྱུར། གླེགས་ཤིང་དང་གླེགས་ཐག་སྡོམ་བྱེད་ཀྱི་སྣེ་གུ་གསེར་དཀར་པོ་ལས་བཟོས་པ་སོགས་ངོ་མཚར་ཤིན་ཏུ་ཆེ་བ་མང་པོ་བཞུགས་ཡོད་པས། བོད་མི་རིགས་ཀྱིས་མི་རབས་ནས་མི་རབས་བར་སྲུང་སྐྱོབས་དང་ཉར་ཚགས་བྱས་པའི་རྟེན་རྫས་འདི་ཚོར་འཚིག་སྐྱོན་བྱུང་བ་ནི། ལོ་རྒྱུས་ཀྱི་རིན་ཐང་དང་། རིག་དངོས་ཀྱི་རིན་ཐང་། ཞིབ་འཇུག་གི་རིན་ཐང་སོགས་ཕྱོགས་གང་ནས་བལྟས་ཀྱང་ཕངས་སེམས་སྐྱེ་དགོས་པ་ཞིག་རེད།
༥) རྟེན་གཙོ་བཞུགས་སའི་གཙང་ཁང་དབུས་མ་རང་གི་དབང་དུ་བྱས་ནའང་། མེ་སྐྱོན་བྱུང་རྗེས་མཇལ་ཁ་གཏོང་སྐབས་སྐུ་རྒྱབ་ཏུ་གོས་ཆེན་གྱི་རས་ཡོལ་ཞིག་འཐེན་སྟངས་ལ་གཞིགས་ན། ཇོ་བོའི་སྐུ་རྒྱབ་ཏུ་སྐྱོན་ཞིག་ཏན་ཏན་བྱུང་མེད་དམ་སྙམ་ཞིང་། དེ་ཡང་ཇོ་བོ་བཞུགས་སའི་གཙང་ཁང་དབུས་མ་དེར་མེ་སྐྱོན་བྱུང་སྐབས་སམ། འབྱུང་ལ་ཉེ་སྐབས། ཛ་དྲག་ངང་ཇོ་བོ་རིན་པོ་ཆེའི་སྐུ་བརྙན་དེ་ཕྱོགས་གཞན་དུ་སྤོས་པ་ཡིན་སྲིད་པ་རེད། དེ་ལྟར་སྤོ་སྐབས་ཇོ་བོའི་སྐུ་རྒྱབ་ཀྱི་མཛེས་རྒྱན་ཁག་ལ་གནོད་སྐྱོན་ཕོག་པ་ཡིན་སྲིད་ལ། དེ་དག་ལ་མེ་སྐྱོན་ཕྲན་བུ་ཕོག་པའང་ཡིན་སྲིད། དེ་ནི་ཚོད་དཔག་ཙམ་ཡིན།
༦) ལྷ་ལྡན་གཙུག་ལག་ཁང་དུ། ཉིན་རེར་དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་སྒོར་མོ་དང་། མཆོད་མེ། ཞལ་གསེར། མཇལ་དར། ན་བཟའ་གོས་ཆེན། དྲི་བཟང་། མཆོད་འབྲུ། ཡུལ་སྐོར་བར་འཛིན་བྱང་བཙོང་པའི་རིན་སོགས་བརྩིས་ན། མང་དུས་སྒོར་འབུམ་ཁ་ཤས་དང་། ཉུང་དུས་ཁྲི་ཁ་ཤས་ཡོང་གི་ཡོད་ཅིང་། དེ་དག་མང་ཚོགས་ཀྱིས་ཕུལ་བའི་དམིགས་ཡུལ་ལྟར། གཙུག་ལག་ཁང་གི་ཕྱི་ནང་གི་བཀོད་པ་འཛིན་སྐྱོང་དང་ཉར་ཚགས། སྲུང་སྐྱོབས་ཀྱི་ཆེད་དུ་བཏང་ཡོད་ན། སྲིད་གཞུང་དང་ཚོགས་སྡེ་གང་ལའང་རེ་མི་དགོས་པར། ད་ལྟའི་མེ་སྐྱོན་ལྟ་བུའི་གནས་ཚུལ་ཕྲ་མོ་ཙམ་ཡང་ཡོང་མི་ཐུབ་པ་ཞིག་ཏན་ཏན་བཟོ་ཐུབ་པ་ཡིན། འོན་ཀྱང་མང་ཚོགས་ཀྱིས་ཕུལ་བའི་དངུལ་དངོས་དེ་དག་གཞུང་གིས་ལེན་རྐྱང་བྱེད་པ་མ་ཟད། ཐ་ན་མཆོད་མེ་ལྷག་འཕྲོས་ཁག་ཀྱང་བཙོང་སྟེ་དེའི་ཡོང་འབབ་གཞུང་གིས་འཁྱེར་འགྲོ་བ་འདི་ཚོ་ནི་བོད་མི་རིགས་དང་བོད་ཀྱི་ནང་ཆོས། བོད་ཀྱི་རིག་གཞུང་ལ་བཤུ་བཞོག་བར་མེད་དུ་གཏོང་བཞིན་པའི་དཔེ་མཚོན་གསལ་པོ་རེད། ཇོ་བོ་རིན་པོ་ཆེའི་མདུན་གྱི་གསེར་ཀོང་དང་། ལྷུང་གཟེད། དབུ་རྒྱན་གསར་རྙིང་། མཆོད་རྫས་སོགས་ཡོངས་རྫོགས་བོད་མི་དད་ལྡན་མང་ཚོགས་ཀྱིས་འགྲོ་སོང་བཏང་སྟེ་བསྐྲུན་པ་ལས། སྲིད་གཞུང་གིས་བསྐྲུན་པ་གཅིག་ཀྱང་མེད། ང་ཚོ་བོད་མི་ཚོས་གནད་དོན་དེ་ཚོ་མཁྱེན་དགོས་པ་གལ་ཆེ། ཕྲན་ཆུང་ཚེ་རིང་གིས་བྲེལ་སྟབས་སུ་སྤེལ།། །།

1 comment:

  1. Hello Chung Tsering, are you the same that taught at INALCO - Paris? I studied Tibetan for five years with Heather Stoddard and Nicolas Tournadre. Then I did 45 years of research upon the Ngorpa Kalachakra. I'd like to speak to you about very interesting results I've found about situating Shambhala. I speak Tibetan if you'd like to make Skypes with me. I saw a 2015 article by Françoise Robin that said you lived in Australia now. My family is in Perth. I'm American-Norwegian and live in France.

    Best regards from Geir Smith.

    Peupei ming: འཇམ་དབྱངས་མཁས་གྲུུབ།

    ReplyDelete