2009-07-23

ཆར་འབེབས་དབང་པོ། སྔགས་འཆང་ཡེ་ཤེས་རྡོ་རྗེའི་རང་རྣམ།

སྒྱུར་མཁན་གྱི་གསལ་བཤད་ཚིག་གསུམ། 
ཕྱི་རྒྱལ་གྱི་སྨན་པ་མར་ཤལ་ཝུབ་ཟེར་བ་ཕྲན་ཐུག་པར་ཡོང་སྟེ་མོ་རང་གིས་བྲིས་ པའི་ RainMaker ཟེར་བའི་དེབ་ཅིག་བོད་ཡིག་ཏུ་བསྒྱུར་རོགས་ཟེར། ངས་དུས་ཁོམ་མེད་ལུགས་ཇི་ལྟར་བཤད་ཀྱང་ཁོང་གིས་ཨུ་ཚུགས་བྱས་པར་མ་ཟད། བོད་གཞུང་ནང་སྲིད་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་༼དེང་སྐབས་དཔལ་འབྱོར་ལས་ ཁུངས་ཀྱི་བཀའ་བློན་༽ཀྱིས་ཀྱང་དེ་ལུགས་རེ་སྐུལ་དང་ངོ་ཆེན་གནང་བས་བདག་གིས་ བསྒྱུར་བར་ཁས་བླངས། ཁས་བླངས་པ་ལྟར་ལས་ཞོར་དུ་བསྒྱུར་ཟིན་རྗེས་ ༢༠༠༥ ལོའི་ལོ་མཇུག་ཏུ་རྩོམ་པ་པོར་རྩིས་སྤྲོད་བྱས་ཐོག །ས་མིང་དང་དོགས་གནད་ཁག་ཅིག་ཟུར་འདོན་གྱིས་དངོས་སུ་པར་སྐྲུན་མ་བྱས་གོང་དེ་ དག་ལ་ཞིབ་འཇུག་གིས་གསལ་པོ་བཟོ་གལ་ཞེས་མངགས། འོན་ཀྱང་དེ་ནས་བཟུང་གོང་གསལ་བསྒྱུར་སྐུལ་གནང་མཁན་ཕྱི་རྒྱལ་བ་རྒད་མོ་དེ་ མཐོང་ཐོས་རྩ་བ་ནས་མེད་པར་གྱུར། དེ་རིང་དགོང་དྲོ་གློག་ཀླད་ཁ་ཕྱེ་སྐབས་ཡིག་མཛོད་རྙིང་པའི་ནང་ནས་འགྱུར་རྩོམ་ འདི་རྙེད་པས། སེམས་ལ་ཚོར་སྣང་བཤད་མི་ཤེས་པ་ཞིག་བྱུང། དེ་འཕྲལ་ལམ་སེང་ཡིག་གཟུགས་བསྒྱུར་ཏེ་འདིར་བཀོད་པ་ལགས། འགྱུར་འདིར་དག་བཅོས་བྱེད་དགོས་པ་ཁ་ཤས་ད་དུང་ལྷག་ཡོད་པས་ལུང་འདྲེན་སོགས་ལ་བཀོལ་མི་རུང། འདྲ་པར་དང་རི་མོ་རྣམས་ད་ལྟ་འགོད་ཐུབ་མ་སོང།
མ་འོངས་དུས་ཁོམ་བྱུང་སྐབས་བཀོད་ཆོག ། དཀར་ཆག སྔོན་གླེང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་མཛད། གླེང་བརྗོད། དང་པོ། གླེང་བརྗོད། གཉིས་པ། ལེའུ་དང་པོ། དགུང་ལོ་ཆུང་དུས། ལེའུ་གཉིས་པ། དགོན་པའི་ནང༌། ལེའུ་གསུམ་པ། སྒོམ་སྒྲུབ་དང་བསྙེན་མཚམས། ལེའུ་བཞི་པ། འགྲུལ་བཞུད་དང་ཆར་འབེབས། ལེའུ་ལྔ་པ། འཕོ་བ་དང༌། རྒྱ་ནག་གི་བཙན་འཛུལ། བོད་ནས་བཙན་བྱོལ་དུ་ཡོང་བ། ལེའུ་དྲུག་པ། རྒྱ་གར་ནང་གི་འཚོ་བ། ལེའུ་བདུན་པ། དགོན་པ་བཏབ་པ། མཇུག་བསྡུའི་གཏམ། ཡེ་ཤེས་རྡོ་རྗེ་རིན་པོ་ཆེར་སྒོམ་གྱི་སྐོར་བཅར་འདྲི་ཞུས་པ། ལྷན་ཐབས། ྋགོང་ས་མཆོག་གིས་མཛད་པའི་ནང་ཆོས་ངོ་སྤྲོད། མཇུག་གཏམ། དེ་རིང་གི་བོད། སློབ་དཔོན་རོ་བྷར་ཊི་ ཨེ་ཨེབ། ཐོའར་མན་གྱིས་བརྩམས།






སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་སྔོན་གླེང༌།


བོད་ཀྱི་ནང་ཆོས་ནི་ཆོས་མཐུན་གྱི་མི་ཚེ་སྐྱེལ་སྟངས་སྣ་ཚོགས་ཚུད་པའི་སེམས་རྒྱུད་ཡར་རྒྱས་གཏོང་ཐབས་ཕྱུག་པོ་ཞིག་རེད། འདི་ནི་གང་ཟག་སྒེར་པ་སོ་སོའི་ཁམས་དང་མོས་པ་མི་འདྲ་བ་ལ་བརྟེན་ནས་བྱུང་བ་ཙམ་མ་ཡིན་པར། སྤྱི་ཚོགས་ཀྱི་དགོས་མཁོ་མི་འདྲ་བ་ལ་བརྟེན་ནས་བྱུང་བའང་ཡིན། དགོན་པའི་འདུས་སྡེ་ནི་ག་དུས་ཡིན་རུང་གལ་ཆེའི་རྨང་གཞི་ཞིག་ཡིན་ནའང༌། རྒྱ་གར་ནས་བོད་དུ་ནང་པའི་ཆོས་ཐོག་མར་དར་འཕེལ་བྱུང་བ་ནས་བཟུང་སྒྲུབ་པ་ཉམས་ལེན་བྱེད་མཁན་ཚོར་ཡང་འགན་ཁུར་ཆེན་པོ་ཡོད། དེབ་འདིའི་ནང་གནས་ངེས་མེད་དུ་སྒོམ་སྒྲུབ་བྱེད་མཁན་གྱི་རྗེས་སུ་ཞུགས་པའི་སྐྱེས་བུ་ཞིག་གི་རྣམ་ཐར་འཁོད་ཡོད། ཁོང་གིས་གནས་གཅིག་ནས་གཞན་གཅིག་ཏུ་འགྲིམས་བཞིན་བྲག་ཕུག་དང༌། འབྲོག་དགོན་དག་ཏུ་ས་གནས་མི་སེར་གྱི་མཐུན་རྐྱེན་སྦྱར་མིན་ལ་ལྟོས་ཏེ་སྒོམ་སྒྲུབ་བྱ་ངེས་ཡིན། དེའི་ལན་དུ་མི་སེར་ཚོས་ཁོང་ལ་ཁོང་ཚོའི་བདེ་རྩའི་ཆེད་རིམས་གྲོ་བསྒྲུབ་རྒྱུའི་རེ་སྐུལ་བྱེད་ཅིང༌། ཆར་པ་འབེབ་ཟློག་ཐུབ་པའི་ཁོང་གི་མཐུ་རྩལ་ཁྱད་པར་བ་དེར། གང་དུ་ཕྱོགས་གཅིག་ནས་ཐན་པ་དང་གཞན་ཞིག་ནས་སེར་བ་དྲག་པོས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་འབྱུང་ངེས་པའི་བོད་ནང༌། དམིགས་བསལ་གྱི་གཙིགས་མཐོང་ཆེན་པོ་ཡོད། འདི་ག་རྒྱ་གར་ནང་སྔགས་པ་ཡེ་ཤེས་རྡོ་རྗེས། ཁོང་ལ་ཐོབ་པའི་གདམས་པ་རྣམས་གཅེས་འཛིན་བྱ་ཆེད་ཟིལ་གནོན་བཀའ་བརྒྱད་གླིང་དགོན་པ་ཕྱག་བཏབ་ཅིང༌། གདམས་པ་འདིའི་ཁོངས་བོད་དུ་ནང་ཆོས་གསར་སྤེལ་མཛད་མཁན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་སཾ་བྷ་བས་བསྟན་པའི་གདམས་པ་དང༌། དེ་བཞིན་བོད་གཅིག་གྱུར་མཛད་མཁན་ྋརྒྱལ་མཆོག་ལྔ་པ་ཆེན་པོའི་ཐུགས་དམ་ཉམས་བཞེས་ལས་འཕྱུང་བའི་ཟབ་ཆོས་བཅས་རྙིང་མ་བའི་གདམས་པ་དང་ཉམས་ལེན་ཚུད་ཡོད། བོད་ཀྱི་ལོ་རྒྱུས་ཐོག་གི་གཉན་འཕྲང་ཅན་གྱི་ད་ལྟའི་དུས་སྐབས་སུ། བོད་ཀྱི་མི་རིགས་དང་དེའི་ཆོས་ལུགས་གཉིས་ཀ་ཉེན་ཀའི་གནས་སུ་ལྷུང་ཡོད་པར་བརྟེན། ཕྱག་སྲོལ་འདི་བཞིན་རྒྱུན་འཛིན་བྱ་རྒྱུ་ནི་གལ་འགངས་ཆེན་པོ་རེད། རྒྱུ་མཚན་འདི་ལ་བརྟེན་ངོས་ནས་སྔགས་པ་ཡེ་ཤེས་རྡོ་རྗེའི་འབད་བརྩོན་རྣམས་ལེགས་མཐར་སོན་པའི་རེ་བ་ཡོད། ཏཱ་ལའི་བླ་མས། ཕྱི་ལོ་ ༡༩༩༢ ཟླ་ ༧ ཚེས་ ༣༠ ལ།། །།




གླེང་བརྗོད། དུམ་བུ་དང་པོ།
གུས་མོ་རྒྱ་གར་དང་ཤར་རྒྱུད་མཐའ་ཁུལ་དུ་དུས་ཡུན་ཟླ་བ་བཅུ་བཞི་ཅན་གྱི་འགྲུལ་བཞུད་འགོ་འཛུགས་བྱེད་སྐབས་ཕྱི་ལོ་ ༡༩༨༣ ལོར་བཀུར་འོས་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཆོག་རྒྱ་གར་ནང་ཐོག་མར་ཞལ་མཇལ་བྱུང༌། དེ་ཡང་འགྲུལ་བཞུད་ཀྱི་ཚུགས་བབས་ས་དང་པོ་ནི། རྒྱ་གར་བྱང་ཁུལ་གྱི་རི་ངོས་སུ་ཆགས་པའི་དྷ་རམ་ས་ལ་ཡིན་ཞིང༌། དེའི་དམིགས་ཡུལ་ནི་དེར་བལྟ་བསྐོར་དང༌། རང་གི་དགེ་རྒན་དང་མཉམ་དུ་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་དང་མཉམ་ལས་བྱེད་པའི་ཆེད་ཡིན། ཉིན་གཅིག་གླེང་མོལ་བྱེད་སྐབས་རིན་པོ་ཆེའི་མཚན་གླེང་སློང་བྱུང་ཞིང༌། གུས་མོའི་དགེ་རྒན་སྨན་པ་ཡེ་ཤེས་དོན་ལྡན་གྱིས་རིན་པོ་ཆེའི་སྐུ་གཟུགས་ཉམས་ཤུགས་ཆེ་བའི་སྐོར་གསན་ཚུལ་གསུངས་བྱུང༌། གུས་མོས་ཕྱག་རོགས་ཞུ་དགོས་མིན་འདྲི་སྐབས། ཁོང་གིས་གུས་མོའི་ངོས་ནས་གསེར་ཁབ་ཅིག་ཕུལ་ན་ལེགས་ལུགས་ཀྱི་དགོངས་འཆར་གནང་བྱུང༌། ཕྱི་ལོ་ ༡༩༧༠ པའི་འགོ་སྟོད་ནས་བཟུང་རང་བཞིན་གྱི་སྨན་བཅོས་དང་གསེར་ཁབ་གཉིས་ནི་གུས་མོའི་ཆེད་ལས་ཡིན་པར་བརྟེན་དེ་ནི་འོས་ཤིང་འཚམས་པ་ཞིག་ཏུ་མངོན། སུད་སིའི་མི་གཅིག་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཇལ་བར་བསྐྱོད་པ་དང་སྟབས་འཁེལ་བས། ཁོང་གིས་གུས་མོར་རླུང་བསིལ་ལྡང་བའི་རི་སྟེང་ལ་ཡོད་པའི་ཁོང་གི་བཞུགས་ཁང་དུ་འཁྲིད་བྱུང༌། ངས་རང་གི་ལྷམ་ཕུད་ནས་རྒྱ་ཁྱོན་ཆུང་ལ་རྒྱས་སྤྲོས་མེད་པའི་ཁོང་གི་བཞུགས་ཤག་ནང་འཛུལ་སྐབས། རིན་པོ་ཆེའི་སྐུ་མདུན་དུ་མི་མང་པོ་བཅར་ཏེ་བླངས་དོར་གྱི་སློབ་སྟོན་ཞུ་བཞིན་ཡོད་པ་མཇལ། ཁོང་གི་བྱམས་བརྩེ་ཞི་འཇམ་གྱི་ཞལ་རས་ངོས་སུ་ཕྲུ་གུའི་མིག་ལྟར་འོད་མདངས་ཆེ་བའི་སྤྱན་གཉིས་མཆིས་ཤིང༌། ཞལ་ལས་ཡང་ནས་ཡང་དུ་འཛུམ་དམུལ་བ་དང་བཞད་མོ་བཞད་ཀྱིན་མི་ཚོའི་དྲི་བར་ལན་འདེབས་གནང་གི་འདུག་པས། གཟི་བརྗིད་ཆེན་པོ་ཞིག་ཏུ་སྣང༌། གུས་མོ་བསིལ་གྲིབ་འོག་ལངས་སྡོད་མུར་འདི་སྣང་གི་སྣང་བ་འགག་པར་གྱུར། རིན་པོ་ཆེས་སྐབས་སྐབས་སུ་གུས་མོར་ཞིབ་གཟིགས་གནང་ཆེད་གཡས་གཡོན་ལ་ཡོ་བ་གནང་ཞིང༌། མི་རིང་བར་ངེད་གཉིས་ཕྲུ་གུ་ཆུང་ཆུང་གཉིས་དང་འདྲ་བར་ཁུ་སིམ་གྱི་རྩེད་འཇོ་ཞིག་ལ་རོལ་འགོ་ཚུགས། ཁོང་གིས་དྲི་བ་ཁག་ལ་མུ་མཐུད་ལན་འདེབས་གནང་ཞོར་ངེད་གཉིས་ཕན་ཚུན་འཛུམ་དམུལ་རེས་བྱས་ཤིང༌། ཁོང་གིས་དྲི་བ་ཁག་ལ་དགོངས་པ་ཟབ་བཞེས་ཀྱིས་བཀའ་ལན་གནང་གི་ཡོད་པར་བརྟེན། རྩེད་མོ་འདིས་ཁོང་གི་གཟབ་ནན་ངང་གནད་དོན་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་རྒྱུར་བར་ཆད་བཟོས་མེད། འཚོ་བྱེད་ཡེ་ཤེས་དོན་ལྡན་ལགས་ཀྱིས་གུས་མོར་རིན་པོ་ཆེ་ནི་སྙན་གྲགས་ཅན་གྱི་ཆར་པ་འབེབས་ལྡོག་དང་གནམ་གཤིས་ལ་ཁ་ལོ་བསྒྱུར་རྒྱུར་དབང་འབྱོར་བ་ཞིག་ཡིན་ལུགས་གསུངས་མྱོང་ཞིང༌། གུས་མོས་དྲན་སོས་ཚོད་ནས་ངའི་སྐྱེ་སྐར་ལ་རྟག་པར་ཆར་པའམ་ཁ་བ་འབབ་ཅིང༌། ངའི་མི་ཚེའི་ནང་བྱུང་བའི་གལ་ཆེའི་དོན་རྐྱེན་དང་ཆོས་ཕྱོགས་ཀྱི་བྱ་བ་མང་པོ་ཞིག་ལ་འབྱུང་ཁམས་ཀྱི་མཚན་མ་གསལ་བ་དེ་ར་འཕྲོད་བྱུང་སྟབས། དོན་དེས་གུས་མོ་ཡིད་འཕྲོག་ཅིང་ཁོང་མཇལ་འདོད་ཆེན་པོ་བྱུང༌། ངེད་གཉིས་ཀས་ཕན་ཚུན་འཛུམ་དམུལ་ཞིང༌། དེར་བཅར་མཁན་མཐའ་མ་དེ་སོང་རྗེས། རིན་པོ་ཆེས་གཤམ་དུ་ཡོད་པའི་འབོལ་གདན་ལ་ཡང་མོར་གཞུ་བ་གནང་སྟེ་གུས་མོ་ཁོང་གི་འགྲམ་དུ་བཅར་དགོས་པའི་འབོད་བརྡ་གནང་བ་ལྟར་བཅར་བ་ཡིན། དེར་ད་དུང་དབྱིན་སྐད་དང་བོད་སྐད་ཁྲལ་ཁྲུལ་ཤེས་པའི་མི་ཞིག་འདུག་པ་དེའི་རོགས་རམ་དང༌། གུས་མོའི་འཇིག་རྟེན་ཡོངས་ཁྱབ་ཀྱི་སྐད་བརྡ་སྟེ་ལག་བརྡ་ལ་བརྟེན་ནས། ངས་རང་ཉིད་དེར་ཡོང་དོན་ཞུས་པ་ཡིན། དེ་ཡང་ངས་གང་མྱུར་རང་ཉིད་ངོ་སྤྲོད་དང་སྦྲགས་ཁོང་གི་ཐུགས་འདོད་ཡོད་ན་གུས་མོ་ཞབས་འདེགས་ཞུ་བར་བཅར་ལུགས་ཞུས་པར། ཁོང་གིས་ཐུགས་མོས་ཡོད་པའི་བརྡ་ལ་ལམ་སེང་མཁྲིག་མ་བསྟན་ཏེ་རྩ་ལ་བརྟག་དཔྱད་བྱེད་བཅུག་བྱུང༌། སྨན་བཅོས་ཞུས་རྗེས་རིན་པོ་ཆེས་ཕན་སྐྱེད་ཕྲན་བུ་བྱུང་བར་ཐུགས་སྣང་བྱུང་སྟེ། སང་ཉིན་ཡང་བསྐྱར་ཡོང་རོགས་ཞེས་གསུངས་བྱུང༌། དེ་ལྟར་སང་ཉིན་དེ་ཉིན་ལྟར་ལ་འགྱུར། དེར་བརྟེན་ཉིན་ལྟར་སྔ་དྲོ་ངས་གྲོང་གསེབ་ནང་གི་བོད་མི་མང་པོར་སྨན་བཅོས་དང༌། ཕྱི་དྲོ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་མཇལ་ཆེད་རི་སྟེང་དུ་བསྐྱོད་ཀྱི་ཡོད། དུས་ཡུན་འདིའི་རིང་ངེད་གཉིས་དབར་ཡིད་དབང་འཕྲོག་པའི་གླེང་མོལ་ཐེངས་ཁ་ཤས་བྱུང༌། ཁོང་ནི་གུས་མོའི་སྨན་བཅོས་ཡོ་བྱད་ཆུང་རྩག་བླུག་སྒམ་དེ་དང༌། གློག་འོད་ཟེར་མདའ་གཉིས་ཀྱིས་ཐུགས་ཡིད་འཕྲོག་ཅིང༌། དེ་དུས་དགོད་སྒྲས་ཁེངས་པའི་དུས་སྐབས་མང༌། ཉིན་གཅིག་ཁོང་གིས་རྣམ་འགྱུར་སྒམ་ནན་ངང་གུས་མོར། ཁང་མིག་གཅིག་ལྷ་ཁང་དང་ཁང་མིག་གཅིག་སྡོད་ཁང་དུ་བྱེད་པའི་ཁོང་གི་ད་ཡོད་ཁང་པ་དེ་ཉིད། ྋརྒྱལ་མཆོག་ལྔ་པ་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཟབ་ཆོས་བཤད་སྒྲུབ་བྱེད་སའི་དགོན་པ་ཚད་ལྡན་ཞིག་ཏུ་བསྒྱུར་རྒྱུ་ནི་རང་གི་ལས་འགན་ཡིན་ལུགས་གསུངས་བྱུང༌། དོན་དངོས་སུ་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་དོན་འདི་རེ་སྐུལ་གནང་ཡོད། དེར་བརྟེན་གུས་མོས་རང་འགུལ་ངང་ཁོང་གི་སྐུ་ཚེའི་ལོ་རྒྱུས་འབྲི་རྒྱུའི་གྲོས་འགོ་བཏོན་པ་ཡིན། དེ་ལྟར་བྱས་ན་དགོན་པ་དེ་ཉིད་ཀྱི་སྐོར་མང་ཚོགས་ཀྱིས་ཤེས་རྟོགས་ཟབ་མོ་ཡོང་རྒྱུར་མ་ཟད། དུས་མཚུངས་མི་ཞིག་གིས་ཆོས་ཕྱོགས་སུ་མི་ཕྱེད་པའི་དད་པས་ཚེ་བློས་བཏང་བྱས་པའི་ལོ་རྒྱུས་བག་ཆགས་ཅིང་ཡིད་སེམས་འགུལ་བ་འདི་ཉིད་ཀྱིས་སྐྱེ་བོ་མང་པོའི་དོ་སྣང་ཡང་འདྲེན་ཐུབ་པར་བརྟེན། དགོས་ཚོགས་དུ་མ་དང་ལྡན་པ་ཞིག་ཆགས་རྒྱུ་རེད། བོད་ཀྱི་སྐོར་གཏན་ནས་མི་ཤེས་པའམ་ཉུང་ངུ་ཞིག་ལས་མི་ཤེས་པའི་མང་ཚོགས་སྤྱིར་བཏང་བ་ཚོས། སོ་སོའི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་དང་ཡིད་དབང་འཕྲོག་པའི་རིག་གཞུང་གི་སྐོར་ཤེས་རྟོགས་ཡོང་རྒྱུུ་དང༌། དེ་བཞིན་ནང་ཆོས་ལ་དོན་གཉེར་རྣལ་མ་ཡོད་པ་ཚོས་སྤྱིར་བཏང་གི་རྣམ་པ་འདི་བརྒྱུད་དེ་རྩ་ཆེའི་སློབ་སྟོན་ཐོབ་ཐུབ་རྒྱུ་ཡིན་ལུགས་ཞུས་པར། བསམ་ཚུར་དེར་ཁོང་གིས་མཉེས་ཚོར་ཆེན་པོ་གནང་བྱུང༌། ཁོང་ལ་སྨན་བཅོས་ཞུས་རྗེས་དྲག་སྐྱེད་ཧ་ཅང་ཡག་པོ་བྱུང་སྟབས། ངེད་གཉིས་ཀྱིས་ལམ་སེང་ལས་ཀ་འདི་འགོ་འཛུགས་བྱས། ངས་དབྱིན་སྐད་ཕྲན་བུ་ཤེས་པའི་མི་ཞིག་ཐབས་འཚོལ་ཐུབ་ཅིང༌།དུས་དེར་གུས་མོས་ཐབས་འཚོལ་ཐུབ་པའི་མི་གཅིག་པུ་དེ་རེད་དེར་བརྟེན་སྔ་དྲོ་འཚོ་བྱེད་ཡེ་ཤེས་དོན་ལྡན་དང་ལྷན་དུ་ལས་ཀ་བྱས་ཏེ་ནད་པར་བལྟས་ཟིན་རྗེས་གཟའ་འཁོར་དྲུག་རིང་རིན་པོ་ཆེ་དང་ཉིན་ལྟར་མཇལ་འཛོམས་ཞུས་ཏེ། མཚན་མོ་ཕྱི་པོ་བར་ལས་ཀ་བྱས་པ་ཡིན། ངས་ལོ་རྒྱུས་འདི་བཞིན་གང་ཐུབ་ཐུབ་ཀྱིས་བཅོས་ལྷད་མེད་པ་ཞིག་འབྲི་འདོད་ཡོད་སྟབས། དུས་སྐབས་མང་ཆེ་བར་རིན་པོ་ཆེས་གང་གསུངས་པ་རྣམས་དང༌། གུས་མོར་བཀའ་ལན་གང་གནང་བ་རྣམས་སྒྲ་འཇུག་བྱས་པ་ཡིན། དུས་ཡུན་དེའི་རིང་རྒྱ་གར་ནང་གི་བོད་མིའི་གཞིས་སྒར་ཁག་ཚང་མའི་འགོ་འཛིན་དང༌། འཛམ་གླིང་ས་གནས་ཁག་གི་བོད་མིའི་སྐུ་ཚབ་དོན་གཅོད་ཁ་ཤས་བཅས་ཡོད་པའི་ལོ་འཁོར་ཚོགས་ཆེན་ཞིག་ཚོགས་ཤིང༌། ཚོགས་འདུ་འཚོགས་ཡུལ་ཟློས་གར་སློབ་གྲྭའམ་དེང་སྐབས་བོད་གཞུང་ཟློས་གར་ཚོགས་པ་ཞེས་འབོད་པ་དེར། མཛད་སྒོ་ཆེན་པོ་ཞིག་གནང་རྒྱུ་རེད་འདུག །རིན་པོ་ཆེས་ཉིན་དེར་ཁོང་ལ་ཆར་པ་འགོག་དགོས་པའི་རེ་བ་བཏོན་ཚུལ་གསུངས་བྱུང་བས། གུས་མོ་ཡང་ལྷན་དུ་བསྐྱོད་རྒྱུའི་རེ་བ་བཏོན་པར། ཁོང་གིས་(འགྲིག་དང་འགྲིག་)ཅེས་གསུངས་བྱུང༌། སང་ཉིན་དེར་གུས་མོ་རི་ངོས་སུ་འཛེགས་ཏེ། རིན་པོ་ཆེའི་བཞུགས་ཤག་བརྒྱུད་ནས་ཚོགས་འདུ་འཚོགས་ཡུལ་ཟློས་གར་སློབ་གྲྭར་བསྐྱོད། དེར་འཕྲེད་ཞེང་ལ་ཕི་ཊི་བཅོ་ལྔ་ཙམ་ཡོད་པའི་གུར་ཕུབས་ཏེ་གང་སར་རྐུབ་སྟེགས་སྒོར་དབྱིབས་སུ་བསྒྲིགས་འདུག །རིན་པོ་ཆེས་གུར་གྱི་ཁོར་ར་ཁོར་ཡུག་ཏུ་ཕེབས་ཞོར། ནམ་མཁར་ཞལ་ཕྱོགས་ཏེ་ཞལ་འདོན་གནང་བཞིན་བདུག་སྤོས་དམིགས་བསལ་བདུག་ནས་ཆོས་ལུགས་ཀྱི་བྱེད་སྒོ་འགོ་འཛུགས་གནང༌། དེ་ཉིན་ནམ་མཁའ་སྐྱ་ཞིང་ཐིབས་ལ་གང་སར་ཆར་སྤྲིན་ལྡང༌། ཐག་རིང་ནས་འབྲུག་སྒྲ་གྲགས་བཞིན་འདུག །ངས་གུར་གྱི་སྟེང་ངོས་ནམ་མཁའི་སྤྲིན་པ་རྣམས་དཀྱིལ་ནས་མཐའ་རུ་སོང་སྟེ། སྔོ་མདོག་གི་ནམ་མཁའ་མངོན་འགོ་ཚུགས་ཚུལ་མཐོང་སྐབས་ཧང་སངས་བྱུང༌། དེ་ནས་མི་རིང་བར་གུར་གྱི་ཉེ་འཁོར་ས་ཆ་རྣམས་ཉི་འོད་དང་ལྟ་ན་སྡུག་པའི་སྔོ་མདོག་གི་ནམ་མཁས་ཁྱབ་པར་གྱུར། ཉིན་དགུང་གུས་མོ་ྋགོང་ས་ཏཱ་ལའི་བླ་མའི་ཕོ་བྲང་གི་ཉེ་འགྲམ་གྲོང་གསེབ་ཏུ་གྲྭ་པ་ཞིག་ལ་སྨན་བཅོས་བྱེད་པར་བསྐྱོད་པ་ཡིན། དེ་ཡང་གུས་མོ་གུར་གྱི་མཐའ་འཁོར་དེ་ནས་ཐོན་སྐབས་ཉི་འོད་ཀྱི་ཁྲོད་ནས་ཡོང་ཡང༌། གྲྭ་པར་སྨན་བཅོས་ཆེད་མར་གྲོང་གསེབ་ནང་ཆར་པའི་ཁྲོད་དུ་བབས་དགོས་བྱུང༌། ཆུ་ཚོད་ ༢།༣༠ ཙམ་དུ་གུས་མོ་ཆར་པའི་ཁྲོད་དུ་རི་ངོས་སུ་འཛེགས་ནས་ཟློས་གར་སློབ་གྲྭར་ཡོང་བ་ཡིན། དེ་དུས་ས་ཁུལ་གཞན་ཚང་མ་ཆར་ཟིམ་དང་ཆར་སྤྲིན་གྱིས་ཁེངས་ཀྱང༌། གུར་གྱི་ཉེ་འཁོར་དུ་སྔོ་ཞིང་དྭངས་པའི་ནམ་མཁའ་དང༌། དཀར་གཙང་གི་སྤྲིན་པས་ཁྱབ་འདུག་པས། གནམ་གཤིས་གཙང་མ་འདི་སུའི་མཐུ་ལ་བརྟེན་ནས་བྱུང་མིན་ནི་གསལ་པོར་སྣང༌། སང་ཉིན་དེར་གུས་མོ་གྲོང་གསེབ་ནང་རྐང་ཐང་དུ་བསྐྱོད་ཞོར་ཡ་མཚན་ཆེན་པོས་མི་ཚོར། ཁ་སང་ཡེ་ཤེས་རྡོ་རྗེ་རིན་པོ་ཆེས་ཉིན་གང་ཆར་པ་འགོག་སྐབས་ང་རང་མཉམ་དུ་ཡོད་ཚུལ་བརྗོད་སྐབས། མི་སུ་གཅིག་ཀྱང་ཡ་མཚན་སྐྱེས་མ་སོང༌། ངས་མི་ཁ་ཤས་ལ་ཡེ་ཤེས་རྡོ་རྗེའི་ལོ་རྒྱུས་ནི་ཡིད་ཆེས་དཀའ་བའི་རྟོགས་བཟོ་ཞིག་ཏུ་མངོན་ངེས་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་རང་གི་བསམ་གཞིགས་ལ་བཀག་རྒྱ་བཟོས་སྟབས། བདེན་དོན་གསར་པ་གསར་རྙེད་དང་འབྱུང་སྲིད་པའི་རང་བཞིན་ཡོད་ཚད་ཉམས་སུ་མྱོང་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད། ཨ་རིར་རང་ཁྱིམ་དུ་ལོག་ནས་ཟླ་བ་དྲུག་ཙམ་སོང་རྗེས་ཀྱི་ཕྱི་ལོ་ ༡༩༨༥ ལོའི་ལོ་གསར་གྱི་སྐབས་སུ། གུས་མོར་མཁས་དབང་ཀ་རན་ བྷ་ལེན་ཁ་མཇལ་བྱུང༌། དེ་རྗེས་ལམ་སེང་དེབ་འདི་འབྲི་འགོ་བཙུགས་པ་ཡིན། ཌོག་ཊར་མར་ཤལ་ ཝུབ་ཀྱིས་རྒྱ་གར་གྱི་མེག་ལོར་གྷན་ཇི་ནས། ཕྱི་ལོ་ ༡༩༩༢ ལོའི་ཕྱི་ཟླ་གསུམ་པར་སྤེལ།།




གླེང་བརྗོད། དུམ་བུ་གཉིས་པ།
ཕྱི་ལོ་ ༡༩༨༥ ལོའི་ལོ་གསར་གྱི་ཉིན་ང་ལ་ཌོག་ཊར་མར་ཤལ་ ཝུབ་ཀྱི་ཞལ་པར་ཞིག་འབྱོར་ཞིང༌། ཞལ་པར་ནང་ཁོང་མོ་ནིའུ་ཡོག་གྲོང་ཁྱེར་དུ་སླེབས་ཡོད་ཚུལ་གསུངས་བྱུང༌། ངས་བོད་ཀྱི་གྲགས་ཅན་སྨན་པ་དང་ནང་པའི་གྲྭ་པ་འཚོ་བྱེད་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐོར་ཐོས་པ་དང་མཇལ་རྗེས་ཀྱི་ཕྱི་ཟླ་ ༡༡ ནས་ངེད་གཉིས་དབར་ཞལ་པར་ཐོག་གླེང་མོལ་འབྱུང་མུས་ཡིན། དེ་ཉིན་གུང་གསེང་ཡིན་སྟབས་ཌོག་ཊར་ཝུབ་ཀྱིས་གུས་མོ་ཁོང་མོ་བཞུགས་ཡུལ་ཤར་རྒྱུད་སྡོད་ཁང་ཁུལ་དུ་ཉིན་དགུང་ཞལ་ལག་ལ་མགྲོན་འབོད་གནང་བྱུང༌། ཁོང་མོ་ཐོག་མར་མཇལ་སྐབས། ང་ནི་དུས་ཀྱི་རྒྱ་ལས་འཐེན་ཏེ་འཇིག་རྟེན་གཞན་ཞིག་གི་ནང་བཀག་སྐྱིལ་བྱས་པ་ལྟ་བུའི་ཚོར་སྣང་བྱུང༌། དེ་ནི་མཛེས་སྡུག་གི་འཇིག་རྟེན་ཁྱད་དུ་འཕགས་པ་ཞིག་སྟེ། ལོ་ངོ་སྟོང་ཕྲག་མང་པོ་སོན་ཞིང་ང་སྡོད་ཡུལ་གྲོང་ཁྱེར་ནིའུ་ཡོག་དང་རྦད་དེ་མི་འདྲ་བ་ཞིག་རེད། ཁོང་མོའི་ཞལ་རས་ནི་རྒས་ཉམས་མེད་པ་ཞིག་ཏུ་སྣང༌། འཚོ་བྱེད་འདི་ཡིས་གུས་མོར་རང་ཉིད་རྒྱ་དཀར་ནག་དང༌། བོད། པུ་རུ། ཡུ་རོབ་བཅས་སུ་འགྲུལ་བཞུད་དང་ཕྱག་ལས་གནང་བའི་སྐོར་གསུངས་པར་ཉན་བཞིན་ངའི་ཡིད་དབང་མེད་དུ་འཕྲོག་སོང༌། ཁོང་གི་འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་རྒྱུའི་ཆོད་སེམས་ཀྱིས་ངའི་ཡིད་དྲངས་ཤིང༌། སེམས་འགུལ་གྱིས་རྟིང་རྩ་ཡང་འགུལ་བྱུང༌། དེ་རྗེས་ཀྱི་ཟླ་བའི་ནང་ངེད་གཉིས་ཀྱི་མཛའ་བརྩེ་གོང་དུ་འཕེལ་བ་དང་བསྟུན་རོ་ཌི་ཨའི་ལན་ཌི་ནང་ཡོད་པའི་ཁོང་གི་རྒྱས་སྤྲོས་མེད་པའི་བཞུགས་གནས་སུ་བཅར་ཞིང༌། ཁོང་མོས་ང་ལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་སྐུ་པར་བསྟན་པར་མ་ཟད། ཁོང་ལ་བཅར་འདྲི་ཞུས་པའི་ཁོང་མོ་སྒེར་གྱི་སྒྲ་འཛིན་འཁོར་ཐག་ལ་ཉན་རྒྱུའི་ཆོག་མཆན་གནང་བྱུང༌། ཁོང་གི་སྐུ་ཚེ་དང་གདམས་ངག་སྐོར་གྱི་ལོ་རྒྱུས་ཉན་སྐབས། ངས་སེམས་གཏིང་ནས་ཁོང་ནི་དཀོན་མཆོག་གི་སྐྱེ་བོ་རླབས་ཆེན་ཞིག་ཡིན་པ་ཤེས་བྱུང༌། གུས་མོ་མཐོ་སློབ་ཏུ་ཡོད་སྐབས་ཀྱི་དབྱར་དུས་སུ། ཡི་ཤུའི་དགོན་པ་ཞིག་ཏུ་བསྡད་དེ་ལས་ཀ་བྱས་ཤིང༌། དེར་ངས་ཆོས་ཕྱོགས་ཀྱི་མི་ཚེ་དང་ཆོས་ལུགས་རིག་པ་དང་འབྲེལ་བའི་གསུང་རབ་ཀྱི་འཛིན་གྲྭ་ཞིག་ཏུ་བཅར་བ་ཡིན། ང་ལ་ཡི་ཤུའི་བཙུན་མ་ཞིག་གི་ས་ནས་ཆོས་ཕྱོགས་ཀྱི་སློབ་སྟོན་ཐོབ་ཅིང༌། ཁོང་གིས་ང་ལ་ཌེ་ཛར་ཊི་ཧཕ་དྷར་དང༌། ཨ་ཝི་ལ་ཡི་ ཨེ་སེ་ཊི་ ཊེ་ར་ས། ལི་སུའེ་སེའི་ ཨེ་སེ་ཊི་ ཐེ་ར་སེ། ཨེ་སེ་ཊི་ ཨའུ་གུ་སེ་ཊིན་དང༌། ཨེ་སེ་ཊི་འཇོན་ལྟ་བུའི་ལྐོག་གྱུར་གྱི་ཡི་ཤུའི་གྲགས་ཅན་ཆོས་པ་ཚོའི་ལོ་རྒྱུས་ངོ་སྤྲོད་གནང་བྱུང༌། དམ་པའི་ཡིག་ཚང་དང་ཉིན་རེའི་མང་ཚོགས་ཀྱིས་འཛིན་སྐྱོང་བྱས་པའི་དགོན་པའི་རླུང་ཁམས་ཀྱིས་ཁྱབ་པའི་ཞལ་འདོན་གྱི་ཁྲོད་དུ། ངས་སྒོམ་ཆེན་རྩེ་ཕུད་ཐོ་མ་སེ་ མེར་ཊོན་གྱིས་མཛད་པའི་དཔེ་དེབ་ཚང་མ་བཀླགས་ལ། རང་ཉིད་ཁོང་གི་དད་ལྡན་བུ་མོ་ཞིག་ཏུ་སེམས་བཞིན་མཆིས། ཕྱི་ལོ་ ༡༩༧༨ དང་ ༡༩༨༡ ལོར་ང་རང་རྒྱ་གར་དུ་བསྐྱོད་དེ། ཡུལ་པུ་ཊ་པར་ཏིའི་ཤྲི་ས་ཏིཡ་ ས་ཡི་ བྷ་བྷ་མཆོག་གི་ལམ་སྟོན་འོག་ཞལ་འདོན་དང༌། སྒོམ་སྒྲུབ། ཤར་ཕྱོགས་པའི་ལྟ་གྲུབ། ཆོས་ལུགས་དཔྱད་བསྡུར་བཅས་ལ་སློབ་གཉེར་བྱེད་མྱོང༌། ང་རང་ཕྱིར་ལོག་སྐབས་ངའི་ཆོས་ཕྱོགས་ཀྱི་སློབ་དཔོན་ཧིལ་ཌ་ ཆལ་ཌོན་དང་མཉམ་དུ་ཡི་ཤུའི་དགོན་པ་་་་ལ་ཡོང་ཞིང༌། དེ་ནས་ངས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྐོར་ཐོས་ལ་ཞལ་མཇལ་ཞུས་ཏེ་གང་གི་བྱིན་རླབས་ཐོབ་བྱུང༌། དེ་བཞིན་བོད་ཀྱི་སྦྱིན་སྲེག་སྐོར་ཐེངས་དང་པོར་གོ་ཐོས་བྱུང༌། ངས་ཉན་པའི་ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་གསུང་དེ་ནི། ཡི་ཤུ་དང༌། ཧིན་དུ། ཧི་མ་ལ་ཡའི་བྲག་ཕུག་གི་གསང་སྔགས་ཀྱི་རྣལ་འབྱོར་བ་དང༌། རྒྱ་གར་གྱི་ནགས་དང་ནགས་ཚལ་གྱི་རྒྱལ་སྲས་རྣལ་འབྱོར་བ་རྣམས་ལས་བྱུང་བའི་ལྐོག༌གྱུར་རིང་ལུགས་དང་སྒོམ་སྒྲུབ་ཀྱི་གསུང་རབ་དག་གི་རླབས་ཆེན་གྱི་སྲོལ་རྒྱུན་ཞིག་རེད། ངའི་སེམས་ནང༌། འདི་ན་རླབས་ཆེན་གྱི་ནུས་མཐུ་དང་རླབས་ཆེན་གྱི་ལོ་རྒྱུས་ལྡན་པའི་རྣལ་འབྱོར་བ་རྣལ་མ་ཞིག་དང༌། ཆོས་པ་རྣལ་མ་ཞིག་འདུག་སྙམ། དེར་བརྟེན་ཌོག་ཊར་ཝུབ་ཀྱིས་ཁོང་དང་མཉམ་དུ་དེབ་འདི་འབྲི་རྩོམ་དགོས་སྐོར་གསུངས་སྐབས། རིན་པོ་ཆེའི་ལོ་རྒྱུས་དང་གདམས་ངག་གིས་བོད་ཀྱི་ནང་ཆོས་ཀྱི་གསང་སྔགས་རྣལ་འབྱོར་བའི་ལོ་རྒྱུས་དང༌། གདམས་པ་བཅོས་ལྷད་མེད་པ་ལེགས་པར་མཚོན་གྱི་ཡོད་པ་ཤེས་ཀྱི་ཡོད་པར་བརྟེན། ངས་སྙིང་ཐག་པ་ནས་དགའ་མོས་ཡོད་པའི་རྣམ་འགྱུར་བསྟན་པ་ཡིན། ཁོང་མོ་དང་མཉམ་དུ་དེབ་འདི་འབྲི་སྐབས། ངེད་གཉིས་ཀྱི་འགྲེལ་བརྗོད་འབྲི་བའི་དགོས་མཁོར། རྒྱ་ནག་གིས་བོད་དུ་བཙན་འཛུལ་བྱས་ཚུལ་ལ་ཉམས་ཞིབ་བྱེད་དགོས་བྱུང༌། ངེད་གཉིས་ཀྱིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་བོད་ནང་གི་དགོན་སྡེ་དྲུག་སྟོང་ལྷག་གཏོར་བ་དང༌། གྲྭ་བཙུན་གྱི་བརྒྱ་ཆ་དགུ་བཅུར་མནར་གཅོད་བཏང་བ་དང་བསད་པའི་སྐོར་བཀླགས་པ་ཡིན། འཛམ་གླིང་འདིའི་ཁོངས་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་མི་དམངས་དང་ཁོང་ཚོའི་རིག་གཞུང་ལ་ཅི་ཞིག་བྱུང་མིན་ཐོས་པ་དེས། ངེད་གཉིས་ཧོན་འཐོར་ཞིང་ཁོང་ཁྲོ་ཆེན་པོ་ལངས་བྱུང༌། གུས་གཉིས་ཀྱི་ལེགས་སྐྱེས་ཡིན་པའི་སྤྱིར་བཏང་གི་དེབ་འདི་ཉིད། བོད་ཀྱི་ནང་ཆོས་འཛམ་གླིང་ཡོངས་སུ་དར་འཕེལ་གཏོང་བའི་འགྲོ་བ་མི་གཉིས་ཀྱི་ཚུལ་དུ་གྱུར་ཅིག །བོད་ཀྱི་གནའ་བོའི་དགོན་སྡེ་དང་བྲག་ཕུག་གི་སྔགས་ཀྱི་རྣལ་འབྱོར་བ་འདི་ཉིད་ཀྱི་བདེན་པ་རྣམས་དུས་ནམ་ཡང་གསོན་པོར་གནས་ཏེ། སྐྱེ་རྒུའི་སྙིང་དང་སེམས་ཀྱི་ནང་དུ་གཡོ་འགུལ་བྱེད་པར་སྨོན། ྋགོང་ས་ཏཱ་ལའི་བླ་མ་མཆོག་དང༌། ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་རྣམ་གཉིས། དེ་བཞིན་ཌོག་ཊར་མར་ཤ་ ཝུབ་ཀྱིས་གུས་མོར་དེབ་འབྲི་བ་དང་མཐའ་སྐྱེལ་བའི་ལས་དོན་ནང་ཞུགས་ཆོག་པ་གནང་བར་བཀའ་དྲིན་ཆེ་ཞུ། དེབ་འདི་བོད་མི་དམངས་ཀྱི་ཆེ་མཐོང་དང་དཀོན་མཆོག་གི་ཆེད་དུ་བྲིས་ཤིང༌། དེ་བཞིན་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རླབས་ཆེན་གྱི་དགོན་སྡེ་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་དབར་ཕན་ཚུན་ཤེས་རྟོགས་དང་ཤེས་བྱ་སྤེལ་རེས་བརྒྱུད་གོ་རྟོགས་གོང་སྤེལ་གཏོང་རྒྱུའི་ཐོ་མ་སེ་ མེར་ཊོན་གྱི་རྨི་ལམ་ལ་དེབ་འདིས་ལེགས་སྐྱེས་འབུལ་ཐུབ་པ་ཡོང་རྒྱུ་ནི་གུས་མོའི་རེ་བ་ལགས། སློབ་དཔོན་ཀ་རན་ བྷ་ལེན་ཁ ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས། ༡༩༩༢ ལོའི་ཟླ་བ་ ༤ པར།




ངོ་སྤྲོད།
ལྡི་ལི་ནས་བྱང་ངོས་སུ་རོབ་རྩིས་བྱས་ན་ཆུ་ཚོད་བཅོ་བརྒྱད་ཙམ་བསྐྱོད་ན་སླེབས་ཐུབ་སའི་རི་སྟེང་དང་དྷོ་ལ་དྷར་གྱི་རི་རྒྱུད་ཀྱི་གཤམ་ཀང་ར་རྫོང་མཐོང་སར་ཆགས་ཡོད་པ་དེ་ནི་བཞུགས་སྒར་དྷ་རམ་ས་ལ་རེད། རི་གྲོང་འདི་ནི་དབྱིན་ཇི་བས་དུས་རབས་བཅུ་དགུའི་ནང་བསྐྲུན་ཅིང༌། ཕྱི་ལོ་ ༡༩༤༧ ལོར་དབྱིན་ཇི་བ་རྣམས་རྒྱ་གར་ནས་མཐར་སྐྲོད་བཏང་བ་རེད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་གཞུང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ྋགོང་ས་ཏཱ་ལའི་བླ་མ་དང༌། བོད་ནས་ཁོང་གི་ཆིབས་ཞབས་སུ་འབྲངས་པའི་བོད་མི་ཚོར་སྲིད་དོན་སྐྱབས་བཅོལ་བའི་གནས་བབས་ཕུལ་ཞིང༌། ཁོང་གིས་དྷ་རམ་ས་ལར་བཙན་བྱོལ་བོད་གཞུང་གསར་འཛུགས་བསྐྱངས། དེང་སྐབས་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་རོབ་རྩིས་ ༡༡༠༠༠༠ ཙམ་གནས་སྡོད་བྱེད་ཅིང༌། དེ་ཡང་ཕལ་མོ་ཆེ་བོད་མིའི་གཞིས་སྒར་ཁག་ཏུ་གནས་སྡོད་བྱེད། ལོ་རྒྱུས་འདིའི་གཞུང་སྲིངས་སྟངས་ནི། གཞི་རྒྱ་ཆེ་བའི་བཅར་འདྲིའི་སྒྲ་ཐག་ཕབ་བཤུ་བྱས་པ་སྤྱད་དེ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེས་ཌོག་ཊར་མར་ཤལ་ཝུབ་ལ་གསུངས་པའི་ཚུལ་དུ་བཀོད་ཅིང༌། འགྲེལ་བརྗོད་ཁག་ནི་རྩོམ་པ་པོས་བྲིས་པ་ཞིག་ལགས་སོ།།




ལེའུ་དང་པོ། དགུང་ལོ་ཆུང་དུས།
༄༅།། རྒྱ་ནག་གི་བཙན་འཛུལ་བྱས་རྐྱེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ནས་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་མ་ཕེབས་ཀ་མེད་བྱུང་སྐབས། ཁོང་གིས་དྷ་རམ་ས་ལར་བཙན་བྱོལ་བོད་གཞུང་འཛུགས་གནང་མཛད་པ་རེད། ཏཱ་ལའི་བླ་མ་མཆོག་ནས་ཡེ་ཤེས་རྡོ་རྗེ་རིན་པོ་ཆེར་དྷ་རམ་ས་ལར་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞིའི་ཡ་གྱལ་གཅིག་སྟེ། རྙིང་མ་བའི་དགོན་པ་ཞིག་འཛུགས་དགོས་པའི་རེ་སྐུལ་གནང་ཞིང༌། དེ་འདྲ་བྱུང་ན་དེར་བོད་ཀྱི་ཆོས་རྒྱུད་ཚང་མ་ཚང་བ་ཞིག་ཆགས་རྒྱུ་རེད། དེ་ལྟར་དྷ་རམ་ས་ལ་དེ་ཉིད་བཙན་བྱོལ་བོད་མིའི་རྒྱལ་སར་གྱུར་ཅིང༌། ཏཱ་ལའི་བླ་མ་མཆོག་ནི་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་རེད། བོད་ཀྱི་ནང་པ་ཚོས་ད་ལྟའི་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་ནང་ཆོས་ཀྱི་རྒྱུན་དར་སྤེལ་སླད་དུ་ཡང་སྲིད་ཐེངས་བཅུ་བཞི་ཕེབས་པར་ཡིད་ཆེས་ཞུ་གི་ཡོད། འཇིགས་སྐྲག་ཆེ་བའི་ནུབ་ཕྱོགས་ཀྱི་བཙན་རྒྱལ་རིང་ལུགས་དང༌། འཐབ་བྱུས་ཀྱི་ཆ་ནས་རིན་ཐང་ཆེ་བའི་བོད་ཀྱི་ས་ཆས་ཨུ་རུ་སུའམ་རྒྱ་གར་ལ་དཀའ་རྙོག་བཟོ་རྐྱེན་བྱས་ཤིང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁོ་རང་ཚོའི་བསམ་ངོར་བོད་(བཅིངས་འགྲོལ་གཏོང་བར་)སྙམ་བཞིན་དུ་དབང་དུ་བསྡུས་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་ཡུལ་ནི། བོད་འདི་ཉིད་ཆབ་སྲིད་དང་རིག་གཞུང་གཉིས་ཐད་ནས་མེས་རྒྱལ་དང་ཟླ་སྒྲིལ་གཏོང་རྒྱུ་དེ་རེད། ཡིན་ནའང་བོད་ལ་མཚོན་ན། བཅིངས་འགྲོལ་ཞེས་པ་ནི་ཆོས་ཕྱོགས་ཀྱི་རང་དབང་སྟེ། འཁོར་བའི་སྡུག་བསྔལ་དང༌། ཟག་བཅས་ཀྱི་ཕུང་པོ་ནས་རྣམ་ཤེས་རང་དབང་དུ་གྲོལ་དགོས་པ་ཡིན་པས། གོ་དོན་འདིའི་དབང་དུ་བྱས་ན། བོད་དང་རྒྱ་ནག་གི་ལྟ་གྲུབ་ནི་ཕན་ཚུན་མི་མཐུན་པར་གྱུར་ཡོད། དེར་བརྟེན་མཛེས་སྡུག་ལྡན་པའི་གངས་རི་དང་དགོན་པ་སྟོང་ཕྲག་མང་པོས་མཛེས་པར་བྱས་པའི་བོད་ལྗོངས་སུ། རྒྱ་ནག་དམར་ཤོག་ཚོགས་པའི་དེང་རབས་ཀྱི་དམག་དཔུང་ལྷགས་ཤིང༌། ཕྱི་ལོ་ ༡༩༤༩ ལོའི་དབྱར་དུས་སུ་དམག་དཔུང་གིས་ཨ་མདོར་བཙན་འཛུལ་བྱས་རྗེས། བོད་ཤར་རྒྱུད་ཀྱི་ཁམས་ཀྱི་ས་མཚམས་སུ་བཅར་འགོ་ཚུགས། ནང་ཁུལ་སྲིད་དོན་གྱི་རྩོད་རྙོག་ལངས་པ་དང༌། དེ་བཞིན་འཛམ་གླིང་ནང་མང་ཚོགས་ལ་གཏོར་སྐྱོན་ཆེ་ཤོས་ཨང་ལྔ་པ་ཡིན་པའི་ས་ཡོམ་གྱི་གནས་ཚུལ་བྱུང་སྟབས། རྒྱ་ནག་གིས་བོད་ལ་བཙན་བཟུང་རྒྱ་སྐྱེད་བྱ་རྒྱུ་ནི་དམིགས་བསལ་གྱིས་ལས་སླ་པོ་ཞིག་རེད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མིས་ཕྱི་ལོ་ ༡༩༥༠ ལོར་ཁམས་ནང་འཛུལ་ཞིང༌། ཕྱི་ལོ་ ༡༩༥༡ ལོའི་ལོ་མཇུག་ཏུ་དམག་དཔུང་ ༢༠༠༠༠(ཧ་ལམ་གཏན་སྡོད་ཡུལ་མིའི་ཕྱེད་ཀ་དང་གྲངས་ཚད་མཉམ་)ཡིས་ཧ་ལམ་གཏན་འཛུགས་དམག་མི་མེད་པའི་བོད་རྒྱལ་ཁབ་ཀྱི་རྒྱལ་ས་ལྷ་ས་བཙན་བཟུང་བྱེད་འགོ་བཙུགས། བོད་གཞུང་ལ་བཙན་ཤེད་ཐོག་ནས་འབྲུ་རིགས་རྒྱ་ནག་གི་ཀྲོན་ ༢༠༠༠ ཐེངས་གཉིས་(གཡར་)བཅུག་ཅིང༌། དེས་གྲོང་ཁྱེར་གྱི་དཔལ་འབྱོར་སྒྲོམ་གཞིར་གནོད་སྐྱོན་ཐེབས་ཏེ་བོད་རིགས་མི་སེར་ཁྲོད་མུ་གེ་ཆེན་པོ་དང་ཉམ་ཐག་མང་པོ་བྱུང༌། དེར་བརྟེན་བོད་མིས་ངོ་རྒོལ་བྱས་ཤིང༌། བསྟན་སྲུང་དང་བླངས་དམག་ཅེས་པའི་འགོག་རྒོལ་ཚོགས་པ་ཐེངས་དང་པོར་བཙུགས། ཕྱི་ལོ་ ༡༩༥༥ ལོར་ཁམས་དང་ཨ་མདོའི་གྲོང་གསེབ་ས་ཁུལ་དུ་མི་དམངས་བཅིངས་འགྲོལ་དམག་གི་ལས་བྱེད་སིམ་འཛུལ་བྱས་ཏེ། (དམངས་གཙོའི་བཅོས་སྒྱུར་)ཞེས་པའི་ལས་འགུལ་སྐུལ་སློང་བྱས། ཁོང་ཚོས་བོད་རིགས་མི་སེར་གྱི་རྒྱུ་ནོར་གཞུང་བཞེས་བཏང་སྟེ་མི་དམངས་སྤྱི་ཁང་བཙུགས། རྒྱ་ནག་གིས་བོད་མི་ཚོར་མེ་མདའི་ཁ་འོག་ཏུ་ལས་འགུལ་དང་ལྟ་གྲུབ་བཙན་ཤེད་ཀྱིས་ཁས་ལེན་བྱེད་བཅུག་པ་ཙམ་དུ་མ་ཟད། བོད་ཕྲུག་མང་པོ་རང་གི་ཕ་མའི་ས་ནས་བཙན་འཁྲིད་བྱས་ཏེ་ཁོང་ཚོ་རྒྱལ་ཁབ་སྲུང་མཁན་དུ་གསོ་སྐྱོང་བྱས། ཐེངས་འདིར་མང་ཚོགས་ལ་ཁྲིམས་གཅོད་བྱས་པ་ནི་འབྱུང་འགྱུར་གྱི་གོད་ཆག་ཆེན་པོ་དེའི་སྔོན་བརྡ་ལྟ་བུར་གྱུར། རྒྱ་ནག་གིས་བཙན་འཛུལ་ཐོག་མར་བྱེད་སྐབས་ནས། ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་དང་མི་མཐུན་པ་སེལ་ཆེད་དང་ཕྱི་རྒྱལ་གྱི་རོགས་རམ་ཐོབ་པའི་ཆེད་དུ། རྒྱ་ནག་དང་རྒྱ་གར་ལ་སྲིད་དོན་གྱི་གཟིགས་བསྐོར་གནང་བས་མཚོན་སྐུ་ངལ་གྲངས་མེད་བསྐྱོན་པ་གནང་ཡང་ལམ་ལྷོང་མ་བྱུང༌། ཕྱི་ལོ་ ༡༩༥༧ ལོར་འབར་མདེལ་གཡུག་མཁན་དང་ལྕགས་ཁྲབ་འཁོར་ལོས་རྒྱབ་བརྟེན་བྱས་པའི་རྒྱ་ནག་གི་དམག་དཔུང་ ༡༥༠༠༠༠ བརྒལ་བས། ཁམས་ནང་རྒོལ་བཅོམ་བྱས་ཏེ། གཙོ་བོ་བུད་མེད་དང༌། བྱིས་པ། རྒན་རྒོན་བཅས་གནས་སྡོད་བྱེད་པའི་གྲོང་གསེབ་མང་པོ་གཏོར་བཅོམ་བྱས། མང་ཚོགས་ཀྱི་མཐོང་སར་དམར་གསོད་གྲངས་མེད་དང༌། དེ་བཞིན་གྲོང་གསེབ་རྨེག་མེད་དུ་བཅོམས་པ་དེས་འཕྲོས་ལྷག་མང་ཚོགས་ཚོར་འཇིགས་སྣང་བསླངས་ཡོད། ཕྲུ་གུར་རང་གི་ཕ་མར་མེ་མདའ་རྒྱག་བཅུག་པ་དང༌། གལ་ཏེ་དེ་ལྟར་མ་བྱས་ཚེ་ཉེས་བརྡུངས་སམ་མནར་གཅོད་གཏོང་གི་ཡོད། གྲྭ་པ་ཚོར་མང་ཚོགས་ཀྱི་མཐོང་སར་བཙུན་མར་འཁྲིག་པ་སྤྱོད་བཅུག་པ་དང་དེ་མིན་དམའ་འབེབས་མང་པོ་ཡང་བྱས་ཡོད། བོད་མི་མང་པོ་ཁྲིམས་ཞིབ་མ་བྱས་པར་བཙོན་འཇུག་བྱས་པ་སྟེ། མི་གྲངས་ ༡༧༣༢༢༡ བཙོན་ཁང་གི་རྭ་བར་བཅུག་པ་དང༌། དེའི་ཐོག་མི་གྲངས་ ༣༤༢༩༧༠ རྣམས་ལྟོགས་གྲིར་འཆི་ཡོད། དེ་མིན་གྱི་མནར་གཅོད་ཀྱི་རྣམ་པ་དཔེར་ན། མཛུབ་མོ་ནས་བསྡམས་ཏེ་གནམ་བཏགས་རྒྱག་པ་དང༌། ཆུ་འཁོལ་མ་བཤོ་བ། བཙན་ཤེད་ཀྱིས་བོད་མི་མང་པོར་སྐྱེ་སྒོ་འགོག་བཅུག་པ། མིག་དང༌། ཁ། ལྕེ། མཚན་མ་འཚིག་བཅུག་པ། མི་མང་པོའི་མགོ་བོ་བཅད་པ་དང༌། ལུས་པོ་ལྷུ་ལག་འཕྲལ་བ། མེར་བསྲེགས་པ་དང་གསོན་པོར་ས་སྦས་གཏོང་བ་སོགས་བྱས་ཡོད། རོབ་རྩིས་བྱས་ན་རྒྱ་ནག་གིས་གྲྭ་པ་བརྒྱ་ཆ་དགུ་བཅུ་ཐེ་བའི་བོད་མི་ས་ཡ་ ༡་༢ བསད་ཡོད་ཅིང༌། འཇིམ་སྐུ་དང༌། རི་མོ། རིག་དངོས་བཅས་ཆོས་ཕྱོགས་ཀྱི་དངོས་པོ་བརྒྱ་ཆ་བརྒྱད་ཅུ་ཚུད་པའི་དགོན་སྡེ་དྲུག་སྟོང་བརྒལ་བར་གཏོར་སྐྱོན་བཏང་ཡོད་ཅིང༌། དུས་དེར་བཙན་བྱོལ་བོད་མི་ཚོས་བཙན་བྱོལ་ནང་དྷ་རམ་ས་ལར་ཡར་རྒྱས་འགྲོ་བཞིན་པའི་བོད་གཞུང་བཙུགས་ཡོད།


* * * * * * * * * * * *


ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་ནི་དུས་རབས་མང་པོའི་རིང་ཕ་ཚ་བུ་རྒྱུད་ཀྱི་ཐོག་ནས་གནམ་གཤིས་ཁ་ལོ་སྒྱུར་མཁན་ཁྱིམ་ཚང་ཞིག་ནས་བྱོན་པ་རེད། ལྷག་པར་ཡེ་ཤེས་རྡོ་རྗེའི་ཐད་ཀའི་རྒྱུད་ཁུངས་མི་འགྱུར་རྡོ་རྗེ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་དང་དུས་མཉམ་ཡིན་ཞིང༌། ཁོང་ནི་ལོ་ངོ་མང་པོའི་རྗེས་ཡེ་ཤེས་རྡོ་རྗེས་འཆད་ཉན་མུ་མཐུད་དེ་གནང་སའི་དགོན་པའི་མཁན་པོ་རེད། ཡེ་ཤེས་རྡོ་རྗེ་ནི་དམིགས་བསལ་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་ཞིག་ཡིན་ཞིང༌། ཁོང་གིས་ཆར་པ་འབེབ་པའམ་ཟློག་ཆེད་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཚང་མར་ཕེབས་མྱོང་ཡོད། ཡེ་ཤེས་རྡོ་རྗེ་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་ཞིག་ཡིན་པའི་ཡོངས་གྲགས་ཀྱི་ངོས་འཛིན་དང་པོ་ནི་དགུང་ལོ་ལྔ་ལ་སོན་སྐབས་བྱུང་བ་རེད། དེ་ཡང་ཉིན་གཅིག་ཁོང་རང་གི་ཡབ་དང་གཅེན་པོའི་ལྷན་དུ་རི་ལ་ཕེབས་སྐབས། བུ་ཆུང་ཁོང་ཉིད་གར་སོང་ཆ་མེད་དུ་གྱུར། ཁོང་གི་ཡབ་ནི་སྨན་རྩིས་གཉིས་ལ་མཁས་གྲགས་ཆེ་བ་ཞིག་ཡིན་སྟབས། ཁོང་གང་དུ་ཡོད་མེད་རྩིས་བསྐྱོན་པར། དུས་ཐུང་དེ་ཙམ་ནང་ཕྲུ་གུ་ཞིག་འཛེགས་ཐུབ་མི་སྲིད་པའི་རི་ཞིག་གི་རྒྱབ་ངོས་བྲག་ཕུག་ཅིག་ནང་ཡོད་པ་མཁྱེན་སྐབས་ཡ་མཚན་པར་གྱུར། བུ་དེའི་ལུས་ལ་ཐག་པ་བཀོན་ཆེད། ཡེ་ཤེས་རྡོ་རྗེའི་གཅེན་པོས་རི་མོའི་ནང་གསལ་བ་ལྟར། རི་རྩེ་ནས་ཐག་པར་འཁྱུད་དེ་བྲག་ཕུག་ནང་བབས། ཁོང་གི་གཅེན་པོ་ཉེ་སར་བཅར་བའི་སྒྲས་ཡེ་ཤེས་རྡོ་རྗེར་འཇིགས་སྣང་ཆེན་པོ་བསླངས་པར་བརྟེན་བྲག་ཕུག་གི་གཡབ་ཁར་གོམ་པ་སྤོས་ཏེ་གཡང་ལ་མཆོངས་རྩིས་གནང་སྐབས། ཁོང་གི་གཅེན་པོས་ལམ་སེང་བཟུང་ཞིང་དེ་ནས་ཁོང་གཉིས་ཀ་ཡར་སྐྱོན་ཆག་མེད་པར་འཐེན་ཐུབ་པ་བྱུང༌། གེགས་བར་འདི་བྱུང་རྗེས། ཡེ་ཤེས་རྡོ་རྗེའི་རང་ཁྱིམ་དུ་ཞབས་བརྟན་མང་པོ་བྱས་པ་དང༌། ཞབས་བརྟན་བྱེད་སྐབས་ཁོང་ཡབ་ཀྱི་པང་པའི་ནང་བཞུགས་པ་ད་ལྟའང་དྲན་སོས་ཀྱི་ཡོད། དགུང་ལོ་ལྔ་ལ་གནས་ཚུལ་དེ་བྱུང་རྗེས། ཡབ་ཀྱིས་བླ་ཆེན་དུ་མའི་ཞབས་ལ་གཏུགས་ཏེ་ཁོང་དམིགས་བསལ་གྱི་སྤྲུལ་སྐུ་ཞིག་ཡིན་མིན་ལུང་བརྟག་ཞུས་པ་ལྟར། བླ་ཆེན་མང་པོ་ཕེབས་ཏེ་ཁོང་ལ་དམིགས་བསལ་གྱི་བརྟག་དཔྱད་གནང་ཞིང༌། བརྟག་དཔྱད་དེ་དག་ཚང་མ་ནས་ཁོང་བཟང་མཐར་སོན་པར་བརྟེན། སྤྲུལ་སྐུར་ངེས་རྙེད་བྱུང་བའི་དགའ་སྟོན་རྒྱ་ཆེན་པོ་བྱས།།


* * * * * * * * * * * * *


ད་ནི་ཡེ་ཤེས་རྡོ་རྗེ་རིན་པོ་ཆེས་རང་རྣམ་གསུངས་པར། ང་ནི་བོད་མེ་སྟག་ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔ་དང༌། ཕྱི་ལོ་ ༡༩༢༦ ལོར་བོད་ཤར་རྒྱུད་ཁམས་ཀྱི་ས་ཁུལ་སྨར་ཁམས་སུ་སྐྱེས། ངའི་ནང་སྤུན་མཆེད་བུ་སྤུན་གཉིས་དང་བུ་མོ་གཅིག་ཡོད། ངའི་ཕའི་མིང་ལ་ཨོ་རྒྱན་རྡོ་རྗེ་དང་མའི་མིང་ལ་བསོད་ནམས་སྒྲོལ་མ་ཟེར་ཞིང༌། ཁོང་གཉིས་ཀྱང་ཁམས་ཀྱི་ས་ཁུལ་ནས་རེད། ངའི་མི་ཚང་གི་མིང་ལ་འདོམ་པ་ཚང་ཟེར་ཞིང༌། སྨར་ཁམས་ཀྱི་ས་ཆ་ལྷ་རོང་ཞེས་པ་ནས་ཡིན། འདོམ་པ་ཚང་གི་རྒྱུད་འཛར་ནི་ཁྱིམ་མི་བརྒྱུད་དེ་སྤེལ་བ་ཞིག་རེད། དེ་ཡང་གལ་ཏེ་བུ་གཉིས་ཡོད་ན། གཅིག་གྲྭ་པ་བྱས་ཆོག་ཅིང༌། གལ་ཏེ་བུ་གཅིག་ལས་མེད་ན། དེས་མི་རྒྱུད་སྤེལ་དགོས་པའི་དབང་གིས་གྲྭ་པ་བྱས་ཆོག་གི་མེད། ངའི་ནང་མི་ཚང་མ་མི་རྒྱུད་འདིའི་ཁོངས་ཚུད་ཡོད། ངའི་སྤུན་རྒན་ཤོས་གྲྭ་པ་བྱས་ཤིང༌། ང་རང་མདོ་སྔགས་ཆོས་གླིང་དགོན་གྱི་མཁན་པོ་གོང་མའི་སྤྲུལ་སྐུར་ངོས་འཛིན་བྱས་སྟབས། སྐྱེ་ཕྲེང་གོང་མས་མཛད་པ་བཞིན་དགོན་པའི་ཁྲི་འཛིན་བྱ་རྒྱུ་ནི་ངའི་ལས་འགན་རེད། ངའི་སྤུན་ཆུང་བས་ཁྱིམ་ཚང་གི་ལས་ཀ་བྱེད་ཆེད་ཕ་མའི་མཉམ་དུ་བསྡད། ང་ཚོའི་མི་རྒྱུད་ཀྱིས་དུས་རབས་མང་པོའི་རིང་སེར་བ་འགོག་གི་ཡོད་ཅིང༌། མན་ངག་འདི་ནི་ཕ་ཚ་བུ་རྒྱུད་དུ་སྤེལ་ནས་བྱུང་བ་ཞིག་རེད། ངའི་ཕ་མེས་ཤིག་སྟེ། རྣལ་འབྱོར་བ་བཀྲ་ཤིས་ཟེར་བ་ཡང་ྋརྒྱལ་མཆོག་ལྔ་པ་དང་དུས་མཉམ་གྱི་ཉམས་ལེན་པ་ཆེན་པོ་ཞིག་ཡིན་ཞིང༌། དོན་དངོས་སུ་ངའི་ཆོས་ཕྱོགས་ཀྱི་མན་ངག་བརྒྱུད་པ་རྣམས་ཁོང་ནས་འགོ་ཚུགས་པ་ཞིག་རེད། ཁོང་ནི་ཚེ་བློས་བཏང་གི་རྣལ་འབྱོར་བ་དངོས་གནས་ཤིག་ཡིན། དེ་ཡང་ཁོང་ནང་གི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ཏེ་ཉམས་རྟོགས་མཐོ་པོར་སོན་ཡང༌། ཕྱི་ཚུལ་དུ་ཕལ་བའི་ཚུལ་མཛད་མཁན་ཞིག་རེད། སྲིད་གཞུང་གིས་ཁོང་བཞུགས་ཡུལ་གྲོང་གསེབ་ཏུ་ཁྲལ་བསྡུ་མཁན་བཏང་ཞིང༌། དེ་ཚོས་མི་སེར་གྱིས་ཁྲལ་ཀ་ཀོར་མེད་པར་བསྡུ་འབུལ་ཡོང་ཆེད་དྲག་ཤུགས་ཐེངས་ཁ་ཤས་སྤྱད་སྟབས། ཁོང་གིས་སྲིད་གཞུང་གི་གནང་སྟངས་དེ་ནི་ནོར་བ་རེད་དགོངས་ནས། ཁྲལ་འབུལ་གྱི་མིན་ཞེས་གསུངས་པ་རེད། ཁོང་གིས་ཁྲལ་འབུལ་རྒྱུ་ཁས་ལེན་མ་གནང་བར་བརྟེན། སྲིད་གཞུང་གིས་ཁོང་འཛིན་བཟུང་བྱེད་པར་སྐོར་སྲུང་བ་མངགས། སྐོར་སྲུང་བ་སླེབས་རྗེས་དེའི་ཁྲོད་ཀྱི་མི་བཅོ་ལྔ་སྐོར་གྱིས་མེ་མདའ་དང་རལ་གྲི་ཐོགས་ཏེ་ཁོང་གི་བཞུགས་ཁང་གི་མཐའ་བསྐོར་བ་དང༌། དེ་ནས་སྐོར་སྲུང་བ་བཅུ་བཞུགས་ཁང་གི་ནང་འཛུལ་ཏེ་སྔོགས་བཤེར་བྱེད་སྐབས། ཁོང་གི་སྐུ་ཟླ་དང་ཕྲུ་གུ །དེ་མིན་གྱི་ནང་མི་རྣམས་རྙེད་ནས་ཀ་བར་བསྡམས་སྐྱིག་བྱས། དེ་དུས་རྣལ་འབྱོར་བ་བཀྲ་ཤིས་ནི་བཞུགས་ཁང་གི་ཐོག་བརྩེགས་གཉིས་པར་ཞལ་འདོན་གནང་བཞིན་བཞུགས་ཡོད། མི་གཅིག་གིས་ཁོང་གི་ཁྱིམ་མིར་རྣལ་འབྱོར་བ་བཀྲ་ཤིས་ལ་མར་བབས་ཤོག་ཅེས་བརྗོད་དགོས་ལུགས་བཤད་ཅིང༌། དེ་ལ་བཀྲ་ཤིས་ཀྱིས་(དང་པོ། ངའི་ཕྲུ་གུ་ཚང་མ་དང༌། བཟའ་ཟླ། དེ་མིན་གྱི་ནང་མི་ཚང་མ་གློད་དགོས། དེ་ནས་ཁྱེད་ཚོའི་ནང་ནས་མི་གཅིག་ཡར་ཡོང་ན་ངས་སྐད་ཆ་བཤད་ཆོག་)ཅེས་བརྗོད། དེར་བརྟེན་སྐོར་སྲུང་བའི་ནང་གི་མི་ཁ་ཤས་ཤིག་མཚོན་ཆ་འཁྱེར་ནས་ཡར་བསྐྱོད་དེ་ཁོང་བོས་ཤིང༌། ཁོང་ཚོས་ཁྲལ་འབུལ་དགོས་པའི་སྐོར་བརྗོད་སྐབས་ཁོང་གིས་ཅི་ཡང་མ་གསུངས་པར་སྡོམ་རས་མ་གཏོགས་གོས་ཚང་མ་ཕུད་ནས་ཕར་རྒྱུག་ཚུར་རྒྱུག་གནང་། དོན་དངོས་སུ་ཁོང་གིས་རླུང་སྒོམ་གྱིན་ཡོད་ཅིང༌། མི་རིང་བར་རི་མོའི་ནང་ཇི་ལྟར་གསལ་བ་བཞིན་ཁོང་ཁང་པའི་རྩེ་ཐོག་གི་མཁའ་དབྱིངས་སུ་འཕུར་ཞིང་ལྡིང༌། སྐོར་སྲུང་བ་རྣམས་ཧ་ཅང་ཡ་མཚན་ཐོག་ཁོང་སྐྱེས་བུ་དམ་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ནས། ལུས་པོ་བསྒུར་ཏེ་འགྱོད་བཤགས་ཡང་ཡང་ཞུས། ཁོང་ཚོས་ཁོང་གི་མདུན་དུ་ཕྱག་བཙལ་ཞིང་སེམས་ཤིན་ཏུ་སྐྱོ་ནས་(ང་ཚོས་ནོར་འཁྲུལ་བྱས་པ་འཐོལ་ལོ་བཤགས་)ཞེས་ཞུས་ཏེ། ཁོང་རྣལ་འབྱོར་བ་དམིགས་བསལ་ཞིག་ཡིན་པས་གུས་བཀུར་ཞུ་དགོས་པའི་ཁྱབ་བསྒྲགས་བྱས། བཤད་སྲོལ་ལ་རྣལ་འབྱོར་བ་བཀྲ་ཤིས་ཀྱིས་བྱ་གླགས་ཤིག་ཏུ་སྤྲུལ་ཏེ་བྱའི་རྣམ་པའི་ཐོག་ནས་དུད་འགྲོ་ལས་ཅན་འགའ་ཞིག་ལ་ཕན་ཐོགས་དང༌། ཆོས་གསུངས་ཏེ་ཐར་ལམ་དུ་བཀོད་ཐུབ་པ་བྱུང་རྗེས། སླར་མིའི་གཟུགས་སུ་ཕེབས་པར་གྲགས་ཤིང༌། འདི་ནི་ངའི་རྒྱུད་པ་གོང་མ་ཐོག་མར་འགོ་ཚུགས་སྟངས་ཀྱང་ཡིན།




ལེའུ་གཉིས་པ། དགོན་པའི་ནང་།


རང་ལོ་ལྔའི་ཐོག་ང་རང་ཡང་སྲིད་དམིགས་བསལ་ཞིག་ཏུ་ངོས་འཛིན་བྱུང་རྗེས། རྨར་ཁམས་ཀྱི་མདོ་སྔགས་ཆོས་གླིང་དགོན་པར་བསྐྱལ་ནས་དམིགས་བསལ་གྱི་ཐོབ་དབང་སྤྲད་བྱུང་་བ་ལྟར། འབྲི་ཀློག་སྦྱངས་ཐོག་འདོན་ཆོས་ཚང་མ་བློ་འཛིན་གྱིས་བློ་རྒྱུགས་མཐར་ཕྱིན་པ་འབུལ་ཐུབ་པ་བྱུང༌། དེ་ཡང་དགོན་པར་སྡོད་རིང་ངས་དཔེ་ཆ་བློ་འཛིན་དང༌། ཆོ་ག་ཕྱག་ལེན་སོགས་སྦྱངས་ཤིང༌། ལོ་ངོ་བཅོ་ལྔར་སོན་སྐབས་བློ་རྒྱུགས་འབུལ་ཐུབ་པ་བྱུང༌། ངའི་དགེ་རྒན་གྱི་མཚན་ལ་པདྨ་རྡོ་རྗེ་ཟེར། ང་ཕྲུ་གུ་ཞིག་ཡིན་པའི་ཆ་ནས། མི་ཚོར་ཀུ་རེ་དང་རྩེད་མོ་སྣ་ཚོགས་རྩེ་རྒྱུར་དགའ་ཞིང༌། ཐ་ན་གྲྭ་པར་ཁ་གཙགས་ཀྱང་བྱེད་མྱོང༌། ངའི་དགེ་རྒན་ཧ་ཅང་ཚ་པོ་ཡོད་པར་བརྟེན། ལོ་བཅོ་ལྔར་སོན་སྐབས་སུའང་ང་ཁོང་ལ་ཧ་ཅང་སྐྲག་གི་ཡོད། སྐྲག་སྣང་ཇེ་ཆེར་སོང་བའི་དབང་གིས་ངས་སློབ་སྦྱོང་གང་བྱས་དྲན་མི་ཐུབ་པར་བརྟེན། བློ་འཛིན་བྱེད་ཚད་ཧ་ཅང་འགོར་པོར་གྱུར། ངའི་དགེ་རྒན་ནི་དགོན་པ་བཞག་སྟེ་ལྷ་སར་ལོག་རྩིས་བྱེད། དེའི་རྒྱུ་མཚན་ནི་ང་ལ་ཐུག་ཡོད་པ་ངས་རྗེས་ལ་ཤེས་བྱུང༌། དེ་ཡང་མཚན་མོ་ཞིག་ང་ལ་རྨི་ལམ་ཞིག་བཏང་བའི་ནང་མཁའ་འགྲོ་མ་ཞིག་ཤར་ཏེ། བློ་འཛིན་བྱེད་མི་ཐུབ་པའི་ཐད་སློབ་སྟོན་དང༌། སློབ་གཉེར་ལ་ཡིད་གཟབ་བྱེད་དགོས་ལུགས་གསུངས་བྱུང༌། ང་གཉིད་ལས་སད་རྗེས་དཔེ་ཆར་བལྟས་ཏེ་བློ་འཛིན་བྱེད་སྐབས། བློ་འཛིན་ཧ་ཅང་བྱེད་བདེ་པོ་ཡིན་པའི་ཚོར་སྣང་བྱུང༌། ངས་ཟླ་བ་གཅིག་གི་ནང་དུ་ཤོག་ངོས་ ༡༨༠ བློ་འཛིན་བྱས་ཤིང༌། དེ་ནས་རྨི་ལམ་གཞན་ཞིག་བཏང་བའི་ནང་མཁའ་འགྲོ་མ་དེས། ད་ཆ་རྒྱུགས་འབུལ་ཞུ་རྒྱུ་དུས་ལ་བབས་ཡོད་པའི་སྐོར་གསུངས་བྱུང༌། ངས་རང་གི་དགེ་རྒན་ལ་རྒྱུགས་འབུལ་ཞུས་ན་འགྲིག་མིན་བཀའ་འདྲི་ཞུས་པར། ཁོང་གིས་ངས་རྒྱུགས་སྤྲད་ཆོག་ཡོད་པར་ཡིད་ཆེས་གནང་གི་མི་འདུག །ཡིན་ནའང་ངས་གྲ་སྒྲིག་ཟིན་ཡོད་ལུགས་ཞུས་པས་ཁོང་གིས་མོས་མཐུན་གནང་བྱུང༌། མཁན་པོའམ་བཤེས་གཉེན་གྱིས་དཔེ་ཆའི་ནང་གི་ཚིག་ཕྲེང་ག་རེ་བཏོན་ནའང༌། སློབ་མས་དེ་རྗེས་ཀྱི་དཔེ་ཆའི་ཚིག་རྣམས་ལམ་སེང་བློ་ཐོག་ནས་ངེས་པར་འདོན་ཐུབ་པ་དགོས་སྟབས། འདི་རིགས་ནི་སློབ་མར་རྒྱུགས་བཞེས་གནང་ཕྱོགས་དམིགས་བསལ་གྱི་རིགས་ཤིག་རེད། དམིགས་བསལ་གྱི་སྒྲུབ་མཆོད་ཅིག་གི་སྐབས་སུ་ངའི་དགེ་རྒན་གྱིས་ངའི་གདོང་ལ་སྒམ་ནན་ཆེན་པོས་གཟིགས་ཤིང༌། ཁོང་གི་ཞལ་ལ་རྒྱ་ཡོད་སྟབས་འཇིགས་རྔམ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། ཁོང་གི་ཐུགས་ནང་ང་ཏན་ཏན་ཡིག་རྒྱུགས་འཕྲོད་ཀྱི་མ་རེད་དགོངས་ཡོད་པ་རེད། ནམ་རྒྱུན་ཞབས་བརྟན་ཚར་རྗེས་ངས་གྲྭ་པ་གཞན་དང་མཉམ་དུ་རྩེད་མོ་རྩེ་ཡི་ཡོད་ཅིང༌། འོན་ཀྱང་དེ་ཉིན་ང་ཤག་ལ་ཁ་ཐུག་ལོག་པ་ཡིན། ང་སྡོད་སའི་ཤག་ལ་ཁང་མིག་སྐྱ་འབྲེལ་གཉིས་ཡོད་པའི་གཅིག་གི་ནང་རྒན་ལགས་དང༌། གཞན་དེའི་ནང་ང་རང་སྡོད་ཀྱི་ཡོད་ཅིང༌། དེ་ཉིན་རྒན་ལགས་ཀྱང་ང་སྡོད་ཡུལ་དུ་ཕེབས་ནས་ང་ལ་ཕྱག་བཙལ། ནམ་རྒྱུན་དགེ་རྒན་གྱིས་བླ་སྤྲུལ་ཞིག་ལ་ཉེས་རྡུང་གཏོང་སྐབས། ཕྱག་གསུམ་འཚལ་དགོས་ཀྱི་ཡོད་པས། ངའི་སེམས་ནང་རང་ལ་ཉེས་ཆད་རག་རྒྱུ་རེད་དྲན་བྱུང༌། འོན་ཀྱང་ངའི་དགེ་རྒན་ཤིན་ཏུ་མཉེས་པོ་བྱུང་སྟེ་ཤུམ་གྱི་འདུག ཁོང་གིས་(ངས་རྟག་པར་ཁྱེད་རང་མི་ཧ་ཅང་གླེན་རྟགས་ཅན་ཞིག་རེད་བསམ་གྱི་ཡོད་པས་མཐོལ་གཤགས་ཞུ་རྒྱུ་ཡིན། འོན་ཀྱང་ད་ཆ་ང་རང་གྱོད་པ་ཧ་ཅང་སྐྱེས་ཤིང༌། ད་ནས་བཟུང་ངས་ཁྱེད་ལ་དཔེ་འཁྲིད་ཡག་པོ་ཞུས་ཆོག་)ཅེས་གསུངས། དགེ་རྒན་གྱིས་གསུངས་གསལ་ལ། ངས་སློབ་གཉེར་ལ་གཟབ་ནན་མ་བྱས་པའི་དབང་གིས་ཁོང་ང་ལ་རེ་བ་བརླག་ཅིང༌། གལ་ཏེ་ང་རྒྱུགས་སྤྲོད་མ་ཐོན་ཚེ། ཁོང་གི་མཚན་སྙན་ཉམས་ངེས་ཡིན་པར་མ་ཟད་ངོ་ཚ་པོ་ཡོང་རྒྱུར་བརྟེན། དགོན་པ་བཞག་སྟེ་ལྷ་སར་བསྐྱོད་རྒྱུའི་འཆར་གཞི་བཏིང་ནས། ཐ་ན་འགྲུལ་བཞུད་ཀྱི་ཆེད་དུ་རྟ་ཡང་ཉོ་སྒྲུབ་གནང་ཚར་འདུག །ད་ཆ་ང་རྒྱུགས་ཐོན་པར་བརྟེན་ཁོང་གིས་འདི་དག་ཚང་མ་མ་གསང་བར་ང་ལ་མཐོལ་གཤགས་གནང་བྱུང༌། ཁོང་གིས་དགོན་པ་ནས་ཐོན་རྒྱུའི་བསམ་བློར་འགྱུར་བ་བཏང་སྟེ་ང་ལ་དཔེ་འཁྲིད་གནང་ཆེད་བཞུགས་རྒྱུའི་ཐུགས་ཐག་བཅད་ཅིང་རྟ་ཚང་མ་ཡང་བསྡུས་ཏེ་བཙོང་སོང༌། དེ་ནས་བཟུང་དགོན་པའི་ནང་གི་མི་ཚོས་ང་ལ་གུས་ཞབས་བྱེད་འགོ་ཚུགས་ཤིང༌། ཁོང་ཚོས་ང་ལ་དད་མོས་ཧ་ཅང་ཆེན་པོ་བྱས་ཏེ་དུས་ཆེན་ཁག་ལ་འཕྲད་པར་ཡོང་གི་འདུག །ཐ་ན་བླ་མ་མཐོ་གྲས་དེ་འདྲ་ཡང་ང་ཐུག་པར་ཕེབས་ཤིང༌། ཐག་རིང་གི་གཉེན་ཉེ་ཚོས་ཀྱང་ལག་རྟགས་འཁྱེར་ཏེ་ཡོང་གི་འདུག །ང་དགོན་པར་ལོ་བཞི་བསྡད་ཅིང༌། དེའི་རིང་རྒྱུགས་སྤྲོད་མཐར་ཕྱིན་པའི་དགའ་སྟོན་མང་པོ་བྱས། ཉིན་གཅིག་ངས་ཐག་རིང་རྒྱ་ནག་དང་བོད་ཤར་ཕྱོགས་སུ་གནས་སྐོར་ལ་བསྐྱོད་དེ་ལོག་ཡོང་བའི་འབྲི་གུང་བཀའ་རྒྱུད་ཀྱི་གཅོད་པ་གསུམ་དང་མཇལ་བས། ཡིད་འགུལ་ཆེན་པོ་ཐེབས་བྱུང༌། ངས་རང་གིས་རང་ལ་(གལ་ཏེ་ཁྱེད་རང་ཆོས་པ་རྣམ་དག་ཅིག་བྱེད་སྙིང་འདོད་ན། ཁོང་ཚོར་མིག་དཔེ་བལྟ་དགོས་)ཞེས་བརྗོད་པ་ཡིན། དེ་ནི་ངའི་ཆོས་འབྲེལ་གྱི་མི་ཚེའི་སྐྱོག་མཚམས་ཤིག་སྟེ། ངས་དེ་ནས་ཁོང་ཚོ་ནང་བཞིན་ཞིག་བྱ་རྒྱུའི་བློ་ཐག་བཅད་པ་ཡིན། ངས་མི་གཞན་ལ་མ་བརྟེན་པར་རང་ཉིད་ལ་བརྟེན་རྒྱུ་གལ་ཆེར་མཐོང་སྟབས། ལམ་སེང་དགོན་པ་ནས་ཐོན་རྒྱུའི་གྲ་སྒྲིག་བྱས། མི་སེར་མང་ཆེ་བས་དགོན་པར་དངོས་རྫས་འབུལ་གྱི་ཡོད་ཅིང༌། ཞལ་འདེབས་འདི་ལ་བརྟེན་ནས་དགོན་པ་འཚོ་གནས་དང་ཡར་རྒྱས་ཡོང་རྒྱུར་ཕན་ཐོགས་བྱུང་ཡོད། ངས་མི་ཚེ་སྐྱེལ་ཐབས་འདི་ནི་རྒྱུ་ནོར་གསོག་ཐབས་ཤིག་ཡིན་པར་མཐོང་བས། མི་གཞན་པའི་དངུལ་དངོས་བེད་སྤྱོད་བྱེད་པ་ལས། རང་ཉིད་ཀྱིས་བསགས་པའི་དངུལ་དངོས་བེད་སྤྱོད་བཏང་ན་ལེགས་པར་མཐོང་བྱུང༌། ངས་དགེ་བ་མིན་པའི་དངོས་པོ་མང་པོ་གསོག་འདོད་མེད། དེ་བཞིན་དགོན་པའི་ནང་མི་གཞན་པས་གང་བྱས་བྱེད་དགོས་པ་ལས། རང་གིས་བྱེད་འདོད་པ་དེ་བྱེད་ས་མེད། དེར་བརྟེན་སོ་སོའི་དོན་དུ་བསམ་བློ་ཐ་དད་དུ་གཏོང་བའི་གོ་སྐབས་མེད། དགོན་པའི་ནང་ངའི་མི་ཚེ་ཆ་ཚང་མི་གཞན་གྱི་དད་རྫས་ལ་བརྟེན་དགོས་ཀྱི་ཡོད་ཀྱང༌། ངས་དེ་ཚོའི་ཆེད་དུ་གང་ཡང་བྱེད་ཐུབ་ཀྱི་མེད། ངའི་ལུང་པའི་ནང་མི་འཆི་འདས་བྱུང་ཚེ། བླ་ཆེན་ཚོར་བསྔོ་རྟེན་འབུལ་གྱི་ཡོད་ཅིང༌། དེ་ལྟར་བྱས་ཏེ་བླ་ཆེན་ཚོས་འདས་པོའི་རྣམ་ཤེས་ལ་ཕན་གྲོགས་གནང་གི་ཡོད། ངས་རང་གིས་རང་ལ། དུས་ད་ལྟ་བར་རང་ཉིད་ལ་ནུས་པ་མེད་པས་མི་གཞན་པའི་དཀོར་རྫས་མང་པོ་བསགས་འདུག་སྙམ་ཞིང༌། རང་ཉིད་ལ་དེ་འདྲའི་ནུས་པ་མེད་པར་གཞན་ལ་ཕན་ཐོགས་གང་ཡང་བྱེད་མི་ཐུབ་པར་བརྟེན། རང་གིས་དགེ་བ་མིན་པའི་ལས་མང་པོ་བསགས་པའི་སྣང་བ་འཁོར་བྱུང༌། སྟོན་པ་སངས་རྒྱས་ཀྱི་ཞལ་ནས་ཆོས་རྣམ་དག་ཅིག་བྱེད་ན། བདོག་པ་ཐམས་ཅད་སྤོངས་དགོས་པ་དང༌། འཇིག་རྟེན་གྱི་དངོས་པོར་ཞེན་ཆགས་བྱ་མི་རུང་ཞེས་གསུངས་ཡོད། ངས་དགོན་པའི་ནང་རྒྱུ་ནོར་མང་པོ་ཡོད་པའི་ངེས་པ་རྙེད་པས། གལ་ཏེ་དེར་བསྡད་ན་རང་ཉིད་རྒྱུ་ནོར་དེ་དག་ལ་བརྟེན་ནས་འཚོ་རྒྱུ་ཡིན་པས། ཆོས་དངོས་གནས་ཉམས་ལེན་བྱེད་ཐུབ་ས་མིན་པར་མཐོང་བྱུང༌། དེ་བཞིན་སྟོན་པ་སངས་རྒྱས་ཀྱི་ཞལ་ནས་གལ་ཏེ་ཆོས་རྣམ་དག་ཅིག་བྱ་འདོད་ན། རང་གི་སྤུན་ཉེ་དང་རྒྱུ་དངོས་ཀུན་དོར་ནས་ཐག་རིང་སར་འགྲོ་དགོས། སྤུན་ཉེ་དང་ཐག་རིང་པོ་ཡིན་ལ་དེ་སྔོན་གཏན་ནས་མཐོང་མྱོང་མེད་པའི་ཡུལ་དུ་འགྲོ་དགོས། རང་གི་རྒྱུ་ནོར་སོགས་ཚང་མ་སྤོངས་དགོས་ཞེས་གསུངས་ཡོད། སྟོན་པ་སངས་རྒྱས་ཀྱིས་གདམས་པ་ཞིག་ལ། རྐང་བགྲོད་ཁོ་ནར་བརྟེན་ཏེ་ཐག་རིང་ལོ་གསུམ་མྱུལ་བའི་ས་རུ་འགྲོ་དགོས་པར་གསུངས་ཡོད། ལོ་གསུམ་རྐང་བགྲོད་ཀྱིས་མྱུལ་རྗེས་དམ་ཆོས་རྣལ་མ་ཉམས་སུ་ལེན་ས་ཞིག་རྙེད་ངེས་ཡིན་པས། དེ་དུས་མུ་མཐུད་རྐང་བགྲོད་བྱེད་མི་རུང་བར་དེར་སྡོད་དགོས། གལ་ཏེ་ཁྱེད་རང་སྐྱེ་བོ་ཕལ་བ་ཞིག་ཡིན་ན། ཉུང་མཐར་ཡང་རང་གི་ཁྱིམ་མི་དང༌། གཉེན་ཉེ་བུ་ཕྲུག་གི་ས་ནས་ཉིན་བགྲོད་གསུམ་གྱི་སར་བསྐྱོད་དགོས་པར་གསུངས་ཡོད། ང་དགོན་པ་ནས་གསང་སྟབས་ཀྱིས་བྲོས་བྱོལ་ལ་ཐོན་ཡོང་བ་ཡིན། དེ་ཡང་ངས་རྟ་ལྔ་འཁྲིད་དེ་གལ་འགངས་ཆེ་བའི་དཔེ་ཆ་དང་དངོས་པོ་འགའ་ཞིག་ལས་མང་པོ་གང་ཡང་འཁྱེར་མེད། ཉིན་མོ་ངས་རི་ངོས་སུ་བསྡད་ཅིང་མཚན་མོ་མཚན་བགྲོད་ཀྱིས་ཡོང་བ་ཡིན། དེ་ནས་ཀོང་པོར་སླེབས་སོང༌། དེ་དུས་མི་ཞིག་འཕྲད་པ་དེས་གལ་ཏེ་ང་ལྷ་སར་བསྐྱོད་ན། ཏཱ་ལའི་བླ་མ་མཆོག་མཇལ་རྒྱུའི་གོ་སྐབས་རག་གི་རེད་ཟེར་ལ། གལ་ཏེ་ཁོ་རང་དང་ལྷན་དུ་བསྐྱོད་འདོད་ཡོད་ན། ཁོས་ལམ་རྒྱུས་ཆ་ཚང་ཤེས་ཤིང་མཉམ་དུ་འགྲུལ་བཞུད་བྱས་ན་སྐྱིད་པོ་ཡོང་ལུགས་ཟེར་བས། ངེད་གཉིས་ལྷ་སར་མཉམ་དུ་བསྐྱོད་ཅིང་ལམ་བར་ལ་ཟླ་ཤས་འགོར། ལྷ་སར་འབྱོར་རྗེས་ྋགོང་ས་ཡིད་བཞིན་ནོར་བུའི་མཇལ་ཁ་ཐོབ་ཐབས་བྱས་ཀྱང་ཐོབ་མ་བྱུང༌། ངས་མུ་མཐུད་འགྲུལ་བཞུད་བྱས་པས་དགེ་རྒན་ཞིག་རྙེད་བྱུང༌། ཁོང་ནི་དགུང་ན་ཧ་ཅང་བགྲེས་ཤིང་མཚན་ལ་ཀོ་གྱོན་རིན་པོ་ཆེ་ཞུ། མཚན་དེ་ཐོགས་ཚུལ་ནི། དེང་སྐབས་ང་ཚོ་མང་ཆེ་བའི་མིང་ྋགོང་ས་ཏཱ་ལའི་བླ་མའི་དྲུང་ནས་ཞུས་པ་ཞིག་རེད། འོན་ཀྱང་ངའི་དགེ་རྒན་དགུང་ན་གཞོན་གཞོན་ཡིན་དུས། ཁོང་གི་ཕ་མ་གཉིས་ཀ་འདས་གྲོངས་སོང་བས་དྭ་ཕྲུག་ཏུ་གྱུར་ཅིང༌། དེར་བརྟེན་ཁོང་ཡར་འཚར་སྐབས་ན་བཟའ་ཁ་ཤས་ལས་མེད། ཁོང་གི་ཐུགས་ལ་རང་ལ་ཀོ་བའི་གྱོན་གོས་བྱུང་ན་ཐུབ་ཆེ་བ་ཡོང་གི་རེད་དགོངས་ཏེ་ཀོ་བ་བཞེས་པ་རེད། ཁོང་གི་མཚན་ཟུར་གྱི་ཀོ་ནི་ཀོ་བ་དང༌། གྱོན་ནི་དེ་ཉིད་གོས་སུ་གྱོན་པ་ཡིན་པས། དོན་ནི་ཀོ་བ་གོས་སུ་གྱོན་པའི་རིན་པོ་ཆེ་ཟེར་བ་རེད། དེ་ནི་ཁོང་གི་མཚན་ཐོགས་ཚུལ་རེད། ཀོ་གྱོན་རིན་པོ་ཆེ་ནི་ངའི་རྩ་བའི་བླ་མ་དང་པོ་དེ་ཡིན། ངས་རང་གི་དགེ་རྒན་དང་མཉམ་དུ་ལོ་ངོ་གཉིས་ལྷག་སློབ་གཉེར་བྱས་པ་ཡིན། སྤྱིར་བཏང་ཁྱེད་རང་གིས་བླ་མ་འདྲ་མིན་མང་པོ་བསྟེན་ཏེ་སློབ་གཉེར་བྱས་ན་འགྲིག་གི་རེད། འོན་ཀྱང་གལ་ཏེ་ཁྱེད་ལ་ཐུགས་འདྲིས་ཆེ་བའི་བླ་མ་ཞིག་ཡོད་ན། གང་ས་གར་སོང་ནས་བླ་མ་འདྲ་མིན་མཇལ་ཡང་དེ་ཚོའི་གདམས་པའི་ཉིང་ཁུ་མ་ཐོབ་པ་ལས་ཉམས་རྟོགས་བཟང་བ་ཡོང་གི་རེད། ངའི་དགེ་རྒན་གྱི་ཐུན་མོང་མ་ཡིན་པའི་མན་ངག་ནི་སྟོང་པ་ཉིད་དང་རང་བཞིན་གྱིས་མ་གྲུབ་པའི་ཐོག་ལ་སྒོམ་སྒྲུབ་བྱ་རྒྱུ་དེ་རེད། དེ་དུས་ངས་ཆོས་ཀྱི་ཕྱིའི་རྣམ་པ་ཡིན་པའི་ཞབས་བརྟན་དང་ཆོ་ག་ཕྱག་ལེན་བྱེད་སྟངས་སྐོར་སྦྱངས་མེད་པར། ཆོས་ཀྱི་ནང་གི་ཉིང་ཁུ་སྟེ་ཆོས་ཀུན་གྱི་སྟོང་པའི་གནད་ལུགས་སྦྱངས་པ་ཡིན། ཁོང་གིས་ང་ལ། གལ་ཏེ་ཁྱེད་རང་གིས་ཆོས་ལེགས་པར་སྒྲུབ་ན། ཉིན་གཅིག་ང་ཚོ་ཡང་བསྐྱར་མཇལ་བའི་རེ་བ་ཡོད་ཅེས་གསུངས་ཤིང༌། དེ་ནས་ཁོང་གཤེགས་སོང༌། ད་ལྟ་བར་ངས་ཁོང་ཡང་བསྐྱར་མཇལ་མ་བྱུང༌། ངའི་དགེ་རྒན་གྱིས་གལ་ཏེ་ངས་ཆོས་ལེགས་པར་སྒྲུབ་ན། ང་འཁོར་བ་འདིར་གནས་མི་དགོས་པར། སྐྱེ་འཆི་མེད་ཅིང་བྱིན་རླབས་ཀྱི་གཏམས་པའི་དག་པའི་ཞིང་ཁམས་སུ་ཡང་བསྐྱར་མཇལ་བའི་གོ་སྐབས་ཡོད་ཅེས་གསུངས་བྱུང༌། ངའི་དགེ་རྒན་གཤེགས་སྐབས། ནམ་རྒྱུན་བཞིན་གཤེགས་ཏེ་སྐུ་ཕུང་ཤུལ་དུ་འཇོག་པའི་ཚབ་ཏུ། ཁོང་གི་དབུ་སྐྲ་དང༌། ཕྱག་སེན། ཞབས་སེན་རྣམས་ཤུལ་དུ་བཞག་པ་མ་གཏོགས། དེ་མིན་གྱི་སྐུ་ལུས་ཧྲིལ་པོ་འཇའ་ལུས་སུ་ཡལ་བ་རེད། ང་ལོ་ཉེར་གཉིས་ལ་སོན་སྐབས། གུས་པའི་རྙིང་མ་བའི་བཤེས་གཉེན་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་མཇལ་བྱུང༌། ཁོང་ནི་རྙིང་མ་བའི་ཆོས་རྒྱུད་ཀྱི་དབུ་འཛིན་རེད། ཁོང་གི་དྲུང་ནས་སྒོམ་སྒྲུབ་དང་གཞུང་དུ་མའི་ཐད་ཡིག་ཐོག་དང་ངག་ཐོག་གཉིས་ཐད་ནས་དབང་དང་མན་ངག ཁྲིད་བཅས་མང་པོ་ཐོབ་བྱུང༌། ངས་རིན་ཆེན་གཏེར་མཛོད་༼དེར་པོད་ ༡༡༦ ཡོད་༽དང༌། རྙིང་མ་རྒྱུད་འབུམ་དང་བཀའ་མ་བཅས་རྙིང་མ་བའི་རྩ་བའི་གཞུང་གཉིས་ལ་ཐོས་བསམ་བྱས་པ་ཡིན།




ལེའུ་གསུམ་པ། སྒོམ་སྒྲུབ་དང་བསྙེན་མཚམས།


རྒྱ་གར་ནང་གི་རྒྱལ་པོ་གཅིག་གིས་རྒྱལ་པོ་གཞན་ཞིག་རྒྱང་ཕུད་བཏང་བའི་ལོ་རྒྱུས་རྙིང་པ་ཞིག་ཡོད་ཅིང༌། རྒྱང་ཕུད་བཏང་བའི་རྒྱལ་པོ་དེའི་མཚན་ལ་དྲི་མེད་ཀུན་ལྡན་ཟེར། ཁོང་བོད་ལ་ཕེབས་ཏེ་གདོན་བགེགས་མང་པོའི་རྣམ་ཤེས་ཀྱིས་གང་བའི་སྐད་གྲགས་ཅན་གྱི་བྲག་ཕུག་ཅིག་གི་ནང་བསྙེན་མཚམས་རྒྱུན་རིང་གནང་ཆེད་ཀོང་པོར་བཞུགས་རྒྱུའི་ཐུགས་ཐག་བཅད་པ་རེད། བྲག་ཕུག་འདི་བདུད་རི་ཧ་ཤང་ཀེམ་ཀེམ་ཞེས་པའི་རི་ཆུང་ཞིག་གི་ནང་ཡོད་ཅིང༌། ངས་དེར་སྒོམ་སྒྲུབ་བྱེད་པར་བསྐྱོད་རྒྱུའི་ཐག་བཅད་པ་ཡིན། དེར་ངས་ལོ་གསུམ་དང༌། ཟླ་བ་གསུམ། ཞག་མ་གསུམ་སྒོམ་སྒྲུབ་བྱས་ཤིང༌། དེ་དུས་ལོ་ཉེར་བདུན་ལ་སོན་ཡོད། འདི་ནི་ངའི་བསྙེན་མཚམས་རིང་ཤོས་དེ་ཡིན་ལ། བསྙེན་མཚམས་དེའི་དབང་དང་འཁྲིད་ནི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་གནང་བ་དང༌། བསྙེན་མཚམས་ནང་བཀའ་འཁྲིད་ནི་རྡོ་རིང་སྤྲུལ་སྐུས་གནང་བྱུང༌། སྒོམ་སྒྲུབ་བྱེད་སྐབས། ངའི་སེམས་པ་ཕྱི་ལ་གཡེང་བའི་དཀའ་ངལ་བྱུང༌། མ་གཞི་ང་ལ་གལ་ཆེའི་གནད་འགག་ཚང་མའི་ཐོག་སློབ་སྟོན་ཐོབ་ཡོད་ཀྱང་སེམས་པ་ཡུལ་གཞན་ལ་གཡེང་འགོ་ཚུགས། ངའི་སེམས་ནང་རང་གི་གཉེན་ཉེ་དང་བཤེས་གཉེན་དྲན་ཏེ་ཁོང་ཚོ་རང་དང་མཉམ་དུ་ཡོད་པའི་སྣང་བ་འཆར། ངའི་སྣང་བར་མི་ཞིག་མདུན་ལ་ཤར་ཏེ་ཁོ་རང་ངའི་གཅེན་པོ་ཡིན་ཚུལ་བརྗོད་ཐོག །འདིར་ངའི་ཕ་འདས་གྲོངས་སོང་བའི་གནས་ཚུལ་བརྗོད་པར་ཡོང་བ་ཡིན་པས། ལམ་སེང་ཁྱིམ་ལ་ལོག་འགྲོ་དགོས་ལུགས་བརྗོད་ཀྱི་འདུག །མི་དེར་རྟ་དཀར་པོ་ཞིག་འདུག་ཅིང༌། ངས་རྟ་དེར་བཞོན་ཏེ་འགྲོ་རྩིས་བྱེད་སྐབས། གློ་བུར་དུ་མི་རྟག་པའི་རང་བཞིན་དྲན་སོས་བྱུང༌། ངའི་སེམས་ནང་གལ་ཏེ་ཕ་གྲོངས་ན་གྲོངས་ཚར་ཞིང༌། ད་ལྟ་བྱ་ཐུབ་པ་ཅི་ཡང་མེད་པས་ང་རང་འགྲོ་རྒྱུ་མེད་བསམས་བྱུང༌། ནག་ཕྱོགས་པ་རྣམས་སྐྱེ་བོ་དགེ་བའི་བྱ་བར་བརྩོན་པ་ལ་མི་དགའ་བར་བརྟེན། སྐྱེ་བོ་ཞིག་གིས་དགེ་བའི་ལས་ལ་བརྩོན་མཚམས་ཕྲན་བུ་བཞག་པ་དང༌། བདུད་ཀྱིས་འདི་ལྟར་ཐབས་ཤེས་སྣ་ཚོགས་ཀྱིས་དེའི་སེམས་པ་དཀྲུག་སྟེ་བར་ཆད་བཟོ་གི་ཡོད། ངས་སྐྱེ་བོ་ཚང་མ་འཆི་དགོས་པའི་ཆོས་ཉིད་ལ་བསམ་བློ་བཏང་བས་སྒོམ་སྒྲུབ་ལ་དཀྲོག་རྐྱེན་དང་འཁོར་བའི་ཆོས་ལ་རྣམ་གཡེང་སྐྱེ་མི་འོས་པ་ངོས་ཟིན་བྱུང༌། ངས་རང་གི་བླ་མས་བྱིན་གྱིས་རློབ་པའི་གསོལ་འདེབས་ཤུགས་དྲག་བྱས་པ་ཡིན། དེ་འདྲའི་མྱོང་བ་བྱུང་བར་བརྟེན་ནས་སྒོམ་སྒྲུབ་ཉམས་ལེན་མཚམས་འཇོག་བྱས་པའི་གནས་ཚུལ་ནི་རྒྱུན་དུ་ཡོང་བ་ཞིག་རེད། ངའི་ཕ་གྲོངས་པའི་སྐོར་གྱི་བར་ཆད་དེ་བྱུང་རྗེས། ཡང་བསྐྱར་རང་གི་སྒོམ་ཁང་ནང་སྒོམ་སྒྲུབ་བྱས་པ་ཡིན། དུས་ཡུན་གང་ཙམ་སོང་རྗེས་ང་ལ་འཁྲུལ་སྣང་གཞན་ཞིག་བྱུང༌། དེ་ཡང་ངས་སྒོམ་ཁང་ནང་གང་སར་ཤ་ལྕུག་དཔྱང་ནས་སྐམ་བསང་བཏང་ཡོད་པ་མཐོང་བྱུང༌། དེ་བཞིན་ཟས་རིགས་ཀྱང་གང་འདོད་འདེམས་སྒྲུག་བྱ་རྒྱུ་འདུག །དེ་དག་ཞིམ་མདོག་ཁ་བར་བརྟེན་ངས་ཏོག་ཙམ་བཟའ་དགོས་སྙམ་ཏེ་རང་གི་གྲི་བཏོན་ནས་ཤ་ཏིག་ཅིག་གཏུབས་པ་ཡིན། ངས་དེ་ཁ་ལ་བཟའ་ཁར་གློ་བུར་དུ་སེམས་ནང་དེ་མཆོད་རྫས་སུ་འབུལ་དགོས་པ་ལས་བཟའ་མི་འོས་པ་རེད་དྲན་བྱུང༌། དེ་མ་ཐག་ངས་རང་གི་རྐང་པ་ནས་ཁྲག་བཞུར་བཞིན་ཡོད་པ་མཐོང་ལ་སྒོམ་ཁང་ནང་ཤ་ཡང་མེད་པར་དོ་སྣང་བྱུང༌། དོན་དུ་ངས་རང་གི་ཤ་གཏུབས་འདུག །རིན་པོ་ཆེའི་དགེ་ཕྲུག་གཅིག་གིས་ངས་ག་རེ་བྱས་མིན་མཐོང་སྟེ་ལམ་སེང་རྒན་ལགས་ཀྱི་སར་ཕྱིན་སོང་བས་ཁོང་ལམ་སེང་ཕེབས་བྱུང༌། ང་ལངས་ཐུབ་ཀྱི་མེད་པར་བརྟེན་ཁོང་གིས་ང་བཀྱག་སྟེ་སྒོམ་ཁང་གི་ཀ་ཕིབས་འོག་ཏུ་བཞག་སྟེ། རྐང་པའི་ཁྲག་གཙང་མར་བཀྲུས་ཐོག་སྨན་བཅོས་བྱས་བྱུང༌། ཁོང་གིས་ང་བསྙེན་མཚམས་སུ་མུ་མཐུད་བསྡད་དེ་མཐའ་འཁྱོལ་བ་བྱེད་དགོས་གསུངས་བྱུང་བས། ངས་མཐའ་མའི་ཉིན་མཚན་བདུན་བསྡད་པ་ཡིན། བསྙེན་མཚམས་སུ་ཡོད་སྐབས་ཁ་ཟས་མང་པོ་མ་བཟས་པར་བརྟེན། ངའི་དགེ་རྒན་གྱིས་ང་ལ་སྨན་རིལ་བུ་གསུམ་བཟའ་རྒྱུར་གནང་སྐབས། སྨན་ཤུགས་མ་འཁྱོག་པར་ད་དྲན་པ་འཐོར་ས་རེད་དྲན་བྱུང༌། ཉིན་གཅིག་ཉི་མའི་འོད་སྣང་འོག་ཏུ་ངས་བསྙེན་མཚམས་མཐའ་འཁྱོལ་མ་སོང་སྙམ་བཞིན་ཕྱི་ལ་བསྐྱོད་པ་ཡིན། དེ་དུས་ཉི་མ་ཁ་ཤས་ལས་ཕྱིན་མ་སོང་སྙམ་ཡང་དོན་དུ་བསྙེན་མཚམས་སུ་ངས་གཟའ་འཁོར་གཉིས་བསྡད་འདུག་པས། ངའི་དགེ་རྒན་གྱིས་བསྙེན་མཚམས་མཐའ་འཁྱོལ་བར་བརྟེན། སེམས་ཁྲལ་བྱ་མི་དགོས་ལུགས་གསུངས་བྱུང༌། ངས་གྲིབ་གཏུབ་པའི་རྨ་དེ་ཟབ་ཚད་རུས་པ་ལ་ཐུག་འདུག་ཅིང༌། དགེ་རྒན་གྱིས་རྨ་དཀྲིས་བཤུ་སྐབས། རྨ་དཀྲིས་སྦྱར་ཆེ་བས་མ་གོག་སྟབས། ཁོང་ཚོས་དེར་བཞའ་བརྒྱབ་སྟེ་ཏོག་ཙམ་ཏོག་ཙམ་བྱས་ཏེ་བཤུས་སོང༌། གཟའ་འཁོར་གཅིག་ཁོ་ནའི་ནང་ངའི་རྨ་ཁར་རྣག་དང་གཉན་ཁ་མེད་པར་རྦད་དེ་དྲག་སྐྱེད་བྱུང༌། མ་གཞི་རྨ་དྲག་སྐྱེད་བྱུང་ན་ཡང་ངས་ལོ་གཅིག་ཙམ་རིང་གོམ་པ་ཡག་པོ་སྤོ་ཐུབ་ཀྱི་མི་འདུག །གནས་ཚུལ་འདིའི་རིགས་མང་པོ་བྱུང་ཡོད་པར་བརྟེན། སྒོམ་ཁང་ནང་སུས་ཀྱང་གྲི་འམ་མཚོན་ཆ་ཉར་མི་ཆོག་པའི་སྒྲིག་ལམ་བཟོས་ཡོད། དེ་རྗེས་ང་གྲྭ་བཙུན་ལྔ་བརྒྱ་སྒོམ་སྒྲུབ་ལ་བརྩོན་སའི་བླ་མ་གླིང་དགོན་པར། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཇལ་བར་བཅར་ཏེ། སྒོམ་སྒྲུབ་པའི་ཁོངས་སུ་འཛུལ་ཞིང༌། དེ་སྔོན་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་སྒོམ་སྒྲུབ་བྱེད་སྐབས་ང་ལ་ཡོངས་རྫོགས་སྟོང་པ་ཉིད་དང༌། རྟོག་སད་ཀྱི་རྟོགས་པ་ལེགས་པར་རྙེད་པ་ལྟར། དེ་ནས་གོ་འཕང་ཚད་མཐོར་སོན་པའི་བསྔགས་བརྗོད་དང་སྦྲགས་རྟེན་འབྲེལ་གྱི་མཇལ་དར་དཀར་གཙང་ཞིག་གནང་བྱུང༌། སྒོམ་སྒྲུབ་ཀྱི་སྦྱིན་བདག་ནི། ཧ་ཅང་ཕྱུག་ཅིང་ས་ཁུལ་དེའི་གལ་ཆེའི་མི་སྣ་ཡིན་པའི་སངས་རྒྱས་རྡོ་རྗེ་ཞེས་པ་དེ་རེད། གུས་པའི་བླ་མ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ང་ཡོན་བདག་གི་གཟིམ་ཤག་ཏུ་བསྐྱོད་དགོས་པ་དང༌། དེ་ནས་དམིགས་བསལ་གྱི་སྒོམ་སྒྲུབ་ཅིག་བྱ་དགོས་གསུངས་ཤིང༌། ཁོང་གིས་ཡོན་བདག་གནང་རྒྱུའི་ཞལ་བཞེས་གནང་མཁན་སངས་རྒྱས་རྡོ་རྗེ་ལགས་སུ་བརྡ་སྦྱོར་གནང་ཚར་འདུག །ང་སྒོམ་སྒྲུབ་དམིགས་བསལ་དེ་བྱེད་པར་བསྐྱོད་པའི་ལམ་ཞོར་དུ། ཡོན་བདག་གི་གཟིམ་ཤག་ཏུ་བསྐྱོད་ནས་ཁོང་དང་ཁོང་གི་ཉེ་འཁོར་ལྟོས་བཅས་རྣམ་པའི་ཆེད་དུ་ཞབས་བརྟན་བྱས་པ་ཡིན། ཁོང་ཚོས་ང་ལ་འཚོ་བ་དང་མཁོ་དངོས་ཁག་གནང་བྱུང༌། ངའི་སྒྲུབ་ཁང་ནི་ས་ཆ་ཧ་ཅང་ཁྱད་མཚར་ཞིག་ཏུ་ཡིན། དེ་ཁྱད་མཚར་ཡིན་དོན་ནི། སྒྲུབ་ཁང་དེར་ལམ་ཕྱོགས་གཉིས་ཡོད་པས་ཡིན་ཞིང༌། དབུས་སུ་བྲག་རི་ཆུང་ཆུང་ཞིག་ཡོད། དེའི་ཉེ་འགྲམ་དུ་གཙང་པོ་དྲག་ཏུ་རྒྱུག་པ་ཞིག་ཡོད། དེ་ནི་སྒོམ་སྒྲུབ་རྒྱུན་རིང་སུས་ཀྱང་བྱེད་མ་ཐུབ་པའི་གནས་འཇིགས་སུ་རུང་བ་ཞིག་ཡིན་ཞིང༌། དོན་དངོས་སུ་དོན་གཉེར་ཅན་མང་པོས་དེར་སྒོམ་སྒྲུབ་བྱ་རྒྱུའི་འབད་བརྩོན་བྱས་པ་ལ་བརྟེན་ནས་འདས་གྲོངས་སོང་བ་རེད། དེར་བདུད་མང་པོ་དམ་ལ་བཏགས་ཡོད་སྟབས་ས་ཆ་ཧ་ཅང་རྩུབ་པོ་ཞིག་རེད། ངས་དེར་ཟླ་བ་གཅིག་དང་ཕྱེད་ཀ་བསྡད་པ་ཡིན། དེ་ཡང་ང་རང་གཅིག་པུ་ཡིན་ཞིང༌། དང་པོ་འགོ་འཛུགས་ཀྱི་སྐབས་སུ་དཀའ་ངལ་མང་པོ་འཕྲད་པས་ཞེད་སྣང་ལངས་བྱུང༌། དུས་ཡུན་གང་ཙམ་སོང་རྗེས་ངའི་འཇིགས་སྣང་འཇགས་པས་འཁྲུལ་སྣང་ཡང་ཤར་མ་བྱུང༌། ངའི་རིག་པ་དྭངས་ཞིང་གསལ་བར་བརྟེན་སྒོམ་སྒྲུབ་ཞི་འཇམ་དང་ལེགས་སྒྲུབ་བྱེད་ཐུབ་པ་བྱུང༌། སྒོམ་སྒྲུབ་ཚར་རྗེས་ལམ་ཞོར་དུ་ཡང་བསྐྱར་ཡོན་བདག་གི་གཟིམ་ཤག་ཏུ་བསྐྱོད་པ་ཡིན། ཁོང་ང་དང་འཕྲད་པར་ཧ་ཅང་མཉེས་པོ་བྱུང་ནས་སྒོམ་སྒྲུབ་འདི་ལེགས་སྒྲུབ་བྱེད་ཐུབ་པར་བཀྲ་ཤིས་བདེ་ལེགས་གསུངས་པར་མ་ཟད། ང་ལ་དྲེལ་གཉིས་གནང་བྱུང༌། དྲེལ་དེ་གཉིས་ལས་གཅིག་ལ་འབྲས་དང༌། གཞན་དེར་མར་བཀལ་འདུག ཁོང་གིས་ངས་སྒོམ་སྒྲུབ་འདི་མཐའ་འཁྱོལ་བར་བརྟེན། ད་ནས་ཁོ་བོ་ས་གནས་དེའི་བདུད་སྲིན་ཚང་མའི་གནོད་པ་ལས་རྦད་དེ་ཐར་བ་རེད་ཅེས་གསུངས་བྱུང༌། ལོ་ཁ་ཤས་ཀྱི་རྗེས་སུ་ངས་རླུང་རྟ་བྱེ་མའི་མཆོད་རྟེན་ཞེས་པའི་གནས་ཤིག་ཏུ་བསྐྱོད་རྒྱུའི་བློ་ཐག་བཅད་པ་ཡིན། དེར་ང་རང་གུ་རུ་པདྨ་སཾ་བྷ་བས་སྒོམ་སྒྲུབ་གནང་སའི་ཕུག་པར་བསྐྱོད་འདོད་ཡོད། དེ་ནི་ཚད་པ་ཆེ་ཞིང་ཆུ་དཀོན་པའི་བྱེ་ཐང་ཞིག་རེད། བཤད་སྲོལ་ལ་ཉིན་གཅིག་གུ་རུ་པདྨ་སཾ་བྷ་བ་སྒྲུབ་ཕུག་དེའི་ཕྱི་ལ་ཕེབས་སྐབས། ཚད་པ་ཧ་ཅང་ཆེ་བའི་རྐྱེན་གྱིས་ཁོང་གི་ཤངས་ནས་ཤངས་ཁྲག་ཐོན་ཏེ་ཁྲག་འགའ་ཞིག་བྱེ་མའི་ནང་ལྷུང༌། དེ་ནས་བྱེ་མ་དེ་དག་ལས་མཆོད་རྟེན་ཧ་ཅང་ཆེན་པོ་ཞིག་རང་བྱུང་དུ་གྲུབ་པ་དང༌། དེའི་དབུས་སུ་ཤངས་ཁྲག་རྣམས་གཟུངས་ཞུགས་ཀྱི་ཚུལ་དུ་བཞུགས་ཡོད་པ་རེད། ངའི་འཆར་གཞི་ནི་ཕུག་པ་དེའི་ནང་ལོ་གསུམ་དང༌། ཟླ་བ་གསུམ། ཞག་གསུམ་སྒོམ་སྒྲུབ་བྱ་རྒྱུ་དེ་ཡིན། ང་རང་སྒྲུབ་ཕུག་དེར་སྒོམ་སྒྲུབ་བྱེད་སྐབས། མི་ཞིག་ང་དང་ལྷན་དུ་མཚམས་གཡོག་ཏུ་ཡོད། དུས་ཡུན་གང་ཙམ་ནས་ཁོས་ང་ལ་མེ་ཤིང་ཟད་དེ་ལྷག་མི་འདུག་ཟེར་གྱི་འདུག །འདི་ནི་ལོ་དང་པོའི་ལོ་མཇུག་ལ་རེད། ངས་ཁོ་ལ་ང་ཚོར་གང་ཡོད་པ་དེ་བེད་སྤྱོད་གཏོང་དགོས་ཤིང༌། སང་ཉིན་འགྲིག་འགྲོ་གི་རེད་ཅེས་བཤད་པ་ཡིན། སང་ཉིན་ཁོ་གཉིད་ལས་སད་སྐབས། སྒྲུབ་ཕུག་གི་མདུན་དུ་མེ་ཤིང་གི་ཕུང་གསོག་ཆེན་པོ་ཞིག་བཞག་ཡོད་པ་མཐོང༌། ཁོས་ང་ལ་དེ་ག་རེ་བྱེད་དགོས་མིན་དྲིས་བྱུང་བར། ངེད་གཉིས་ཀྱིས་བེད་སྤྱོད་གཏོང་རྐྱང་བྱེད་དགོས་པ་ལས་སེམས་ཁྲལ་བྱེད་དགོས་དོན་མེད་ལུགས་བཤད་པ་ཡིན། ཉིན་དེའི་རྗེས་སུ་མཚམས་གཡོག་གིས་སྒྲུབ་ཕུག་གི་ཕྱི་ལ་སེམས་ཅན་མང་པོའི་ཤ་བཞག་ཡོད་པ་མཐོང་འདུག་ཅིང༌། ངས་དེ་ནི་ང་ཚོར་རྔན་པར་ཐོབ་པ་ཞིག་ཡིན་པས་བཟའ་དགོས་ཞེས་བཤད་པ་ཡིན། དུས་དེ་ནས་བཟུང་ངེད་གཉིས་ལ་མེ་ཤིང་དང་སེམས་ཅན་གྱི་ཤ་རྒྱུན་དུ་བསྐྱལ་བྱུང༌། ཟླ་བ་བཞི་ཙམ་གྱི་རྗེས་སུ་མཚམས་གཡོག་གིས་སྒྲུབ་ཕུག་གི་ཕྱི་ལ་ཕྲུ་གུ་འཆི་བའི་རོ་ཞིག་བཞག་ཡོད་པ་མཐོང་འདུག་ཅིང༌། ཤི་བོའི་ཕུང་པོ་པུར་སྦྱོང་བྱེད་པའི་ལུགས་སྲོལ་ལྟར། ངེད་གཉིས་ཀྱིས་ཕུང་པོ་འཁྱེར་དེ་ཆེད་མངགས་མེ་བསྲེགས་བཏང་བ་ཡིན། ངེད་གཉིས་ལམ་ཐོག་ཏུ་གོམ་བགྲོད་བྱེད་སྐབས། རྐང་རྗེས་ཧ་ཅང་ཆེན་པོ་དེ་འདྲ་མཐོང་བས། ངའི་མཚམས་གཡོག་ནི་ཞེད་ཐག་ཆོད་འདུག ངེད་གཉིས་ཀྱིས་དེ་ཁུལ་དུ་(ཡི་ཙེ་)གངས་མི་ཕ་གཅིག་དང༌། མ་གཅིག །བུ་གཅིག་བཅས་་གསུམ་ཡོད་པ་ཤེས་ཤིང༌། ལོ་གཉིས་པ་དེར་སྒྲུབ་ཁང་དེའི་ནང་སྒོམ་སྒྲུབ་བྱེད་སྐབས། གངས་མི་དེ་དག་གིས་ཤིང་ནགས་ནང་ནས་མེ་ཤིང་འཁྱེར་ཡོང་བ་དང༌། དེ་བཞིན་ཁོང་ཚོས་སེམས་ཅན་འདྲ་མིན་གྱི་ཤ་འཁྱེར་ཡོང་ནས་སྒྲུབ་ཕུག་གི་ཕྱི་ལ་བཞག་སྟེ་ཡལ་འགྲོ་གི་ཡོད། གོང་དུ་ཞུས་པ་བཞིན་མཚམས་གཡོག་ཞེད་ཐག་ཆོད་ནས། ས་ཆ་གཞན་གང་དུའང་སྒོམ་སྒྲུབ་བྱས་ན་འགྲིག་ཅིང༌། ཁོ་པས་ཀྱང་ང་གར་བསྐྱོད་ཀྱི་ས་ལ་ཡོང་སྟེ་མཚམས་གཡོག་ཞུས་ཆོག །འོན་ཀྱང་ས་ཆ་འདི་ནས་ཁ་བྲལ་རོགས་ཞེས་ཞུ་བ་འཐེན་བྱུང༌། ཁོང་གིས་ཁོ་རང་སེམས་འཚབ་ལངས་ཀྱི་འདུག་ཟེར་བས། ངས་ཁོ་ལ་ཁྱེད་རང་འགྲོ་མིན་རང་དབང་རེད། འོན་ཀྱང་ང་འདིར་སྡོད་རྒྱུ་ཡིན་ཞེས་བཤད་པས་ཁོ་ཕྱིན་སོང༌། ང་ལ་ལོ་མང་པོའི་རྗེས་སུ་དྷ་རམ་ས་ལ་ནས་མ་གཏོགས་ཁོ་ཐུག་མ་བྱུང༌། གངས་མིས་མུ་མཐུད་དེ་ང་ལ་ལོ་གཉིས་པའི་ལྷག་མ་དེའི་རིང་མེ་ཤིང་དང་ཟས་བསྐྱལ་ཞིང༌། དེ་རྗེས་ཉེ་འཁོར་གྱི་མི་ཚང་མས་གངས་མིས་ང་ལ་འཚོ་བ་སྦྱར་བ་ཤེས་པས། ཁོང་ཚོ་ཧ་ཅང་ཡ་མཚན་སྐྱེས་ནས་ཚང་མ་ང་ལ་བལྟ་བར་སླེབས་བྱུང༌། ཁོང་ཚོས་ང་ལ་བཀུར་སྟི་བྱས་ཤིང་བྱིན་རླབས་ཞུས་པར་བརྟེན། ངའི་སྒོམ་སྒྲུབ་ལ་གནོད་སྐྱོན་ཆེན་པོ་བཟོས། དེར་བརྟེན་ངས་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་སྒོམ་སྒྲུབ་མཐའ་སྐྱེལ་མ་ཐུབ་པར། ས་ཆ་དེ་ནས་ཐོན་དགོས་བྱུང༌།




ལེའུ་བཞི་པ། འགྲུལ་བཞུད་དང་ཆར་འབེབས།


གངས་མིའི་གནས་ཚུལ་དེ་བྱུང་རྗེས། ང་རྩྭ་རིར་ཕྱིན་པ་ཡིན། རྩྭ་རི་ནི་རི་ཚོགས་ཀྱི་ངོས་སུ་གནས་ཆེན་མང་པོ་ཡོད་པ་ཞིག་ཡིན་ཞིང༌། དེར་མི་མང་པོ་གནས་སྐོར་དུ་བསྐྱོད་ཀྱི་ཡོད། དེར་བསྐོར་ལམ་གསུམ་ཡོད་ཅིང༌། གང་ནས་སོང་ཡང་དཀྱིལ་འཁོར་ཆེན་པོ་ཞིག་གི་རྣམ་པར་གྲུབ་པའི་རི་བོ་དགུ་ལ་སླེབས་ཐུབ། ངས་དཀྱིལ་ལམ་དེ་བདམས་ཤིང༌། དེ་ནས་འགྲུལ་བཞུད་བྱེད་པར་ཉི་མ་བཅུ་གཅིག་བཅུ་གཉིས་ཤིག་འགོར་སོང༌། ལམ་འདི་གསང་སྔགས་ཆོས་གླིང་དགོན་པར་བསྐྱོད་སའི་ལམ་ཡིན་ཞིང༌། ལམ་བར་དུ་ཇག་པ་དང་དྲག་སྤྱོད་ཅན་གྱི་རུས་ཚོ་མང་པོ་ཡོད། ཁོང་ཚོས་མཚོན་ཆར་མདུང་དང་མདའ་གཞུ་བེད་སྤྱོད་ཀྱིས་གནས་སྐོར་བའི་ལམ་རྒྱགས་དང༌། དངུལ་སོགས་འཕྲོག་བཅོམ་བྱེད་པར་མ་ཟད། མི་མང་པོ་བསད་པ་ཡང་བྱུང་ཡོད། ང་དགོན་པར་སླེབས་སྐབས་དེར་རབ་གནས་ཀྱི་ཆོ་ག་དང་མི་མང་པོ་འཛོམས་ཏེ་རྟེན་འབྲེལ་རྒྱ་ཆེན་པོ་ཞིག་བྱས་ཏེ་གུ་རུ་རིན་པོ་ཆེར་མཆོད་འབུལ་བྱེད་བཞིན་འདུག །རྟེན་འབྲེལ་དེ་ནི་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཐོག་སོ་གཉིས་ཅན་ཞིག་བཞེངས་ཚར་བའི་དགའ་སྟོན་རེད་འདུག་ཅིང༌། ངས་དེར་བླ་མ་ཁྱད་པར་བ་ཞིག་གི་དྲུང་ནས་དབང་ཞིག་ཞུ་ཆེད་བསྡད་ཅིང༌། དབང་ཐོབ་རྗེས་ཐོན་ཡོང་བ་ཡིན། དེ་ནས་བོད་ཀྱི་ལྷོ་རྒྱུད་དུ་ཡོད་པའི་ལྷོ་བྲག་ལ་བསྐྱོད་པ་ཡིན། ལྷོ་བྲག་གི་བླ་མ་ནམ་མཁའི་སྙིང་པོའི་དྲུང་ནས་འཕོ་བའི་འཁྲིད་དང༌། དེ་བཞིན་གཅོད་ཀྱི་གདམས་པའང་ཐོབ་བྱུང༌། ངས་ཀརྨ་དབང་འཛིན་ཞེས་པས་གནས་བདག་བྱེད་པའི་སྒྲུབ་ཕུག་ཅིག་ཏུ་ཟླ་བ་གསུམ་རིང་སྒོམ་སྒྲུབ་བྱས་པ་ཡིན། དེ་ནས་མགྱོགས་པོ་ངའི་བཟའ་བཅའ་རྫོགས་པར་བརྟེན། སྒོམ་སྒྲུབ་མཚམས་འཇོག་བྱེད་དགོས་བྱུང༌། ངས་སྒྲུབ་ཕུག་དང་ཧ་ཅང་ཉེ་སར་ཡོད་པའི་གྲོང་དབང་པོ་༼Drong Ongpo༽ཞེས་པའི་གྲོང་བརྡལ་དུ་བསྐྱོད་དེ། ཁྱིམ་ཚང་གཅིག་ལ་རྩམ་པ་ཏོག་ཙམ་སྟེར་རོགས་བརྗོད་པ་ཡིན། མི་ཚང་དེས་ང་ལ་ཁོང་ཚོར་ཟས་རིགས་འཕྲོས་འཁྱིལ་གསོག་ཉར་བྱས་པ་གཏན་ནས་མེད་པས་ཁྱིམ་ཚང་གཞན་ཞིག་ལ་སློང་རོགས་ཟེར། དེར་བརྟེན་ངས་ཉེ་འགྲམ་གྱི་ཁྱིམ་ཚང་གཞན་ཞིག་ལ་སློང་བ་ཡིན། ཁོང་ཚོས་ང་བླ་མ་རྩ་ཆེན་ཞིག་ཡིན་པ་ཤེས་ཀྱི་ཡོད་པ་དང༌། གྲོང་གསེབ་དེར་རྒྱུན་རིང་ཐན་པ་བསྟན་སྟབས་ཟས་རིགས་མ་ལྡང་བའི་དཀའ་ངལ་ཡོད་ལུགས་བརྗོད་ཐོག །ཆར་འབེབས་ཀྱི་ཆོ་ག་ཞིག་གནང་རོགས། དེ་རྗེས་ཁོང་ཚོས་ཟས་ཕུལ་ཆོག་ཟེར་གྱི་འདུག །འདི་ནི་ངས་ཆར་པ་དབབ་པ་ཐེངས་དང་པོ་དེ་རེད། དེ་ཡང་ངས་ཉེ་འགྲམ་གྱི་གཙང་པོ་ཆེན་པོ་ཞིག་གི་ཁ་ལ་བསྡད་དེ། གྲོང་གསེབ་ནང་ཉིན་གསུམ་བསྟུད་མར་ཆར་པ་ཕབ་པ་ཡིན། གཙང་པོའི་ཕ་རོལ་དུ་སེང་གེ་རྫོང་ཞེས་པའི་རྫོང་ཞིག་འདུག །རྫོང་ནི་རྫོང་དཔོན་གྱི་ལས་ཁུངས་གནས་ཡུལ་དང༌། རྫོང་མིང་ནི་སེང་གེ་ཡིན་ཞིང༌། དེའི་གོ་དོན་ནི་གངས་སེང་ལ་ཟེར་བ་རེད། རྫོང་དེའི་མི་སེར་ཚོས་གཙང་པོའི་ཕར་ཕྱོགས་ཀྱི་གྲོང་གསེབ་ནང་ཆར་པ་འབེབས་ཐུབ་པའི་བླ་མ་ཞིག་ཡོད་པ་གོ་ཐོས་བྱུང་སྟབས། ཁོ་རང་ཚོའི་རྫོང་གི་ནང་དུའང་ཆར་པ་མཁོ་བར་བརྟེན། ང་གདན་འབོད་བྱེད་མཁན་ཁ་ཤས་མངགས་འདུག་པ་འབྱོར་སྐབས། ངས་ཁོང་ཚོར། ད་ཐེངས་བསོད་སྙོམ་སློང་བར་ཕྱི་ལ་ཡོང་བ་ཙམ་ལས། རང་ཉིད་ནི་རྣལ་འབྱོར་བ་ཞིག་ཡིན་པས། རི་ངོས་ཀྱི་བྲག་ཕུག་ནང་སྒོམ་སྒྲུབ་བྱ་རྒྱུ་ནི་ངའི་བསྒྲུབ་བྱ་ཡིན་ལུགས་བརྗོད་པ་ཡིན། དེ་ནས་ཏོག་ཙམ་རྗེས་མི་སེར་མང་པོ་ལྷན་དུ་ཡོང་ནས་ཁོང་ཚོའི་རྫོང་ལ་སྐྱབས་འཇུག་རོགས་མགོན་ཡོང་བ་དང༌། གལ་ཏེ་ངས་རོགས་མགོན་བྱས་ཚེ་ཁོང་ཚོས་ངའི་ཆེད་དུ་ག་རེ་ཞུ་དགོས་ནའང་ཞུ་རྒྱུ་ཡིན་ལུགས་བརྗོད་བྱུང་བར་བརྟེན། ང་ས་དེར་བསྐྱོད་དགོས་བྱུང༌། ང་རྫོང་དུ་སླེབས་སྐབས་རྫོང་དཔོན་མཇལ་ཞིང༌། ཁོང་ཡང་ཆོས་དད་ཧ་ཅང་ཆེན་པོ་ཡིན་འདུག་པས། ང་ལ་དགའ་བསུ་སྣེ་ལེན་གང་གཟབ་གནང་བྱུང༌། ཆར་པ་འབེབས་པར་ཉེ་འཁོར་དུ་ཆུ་ངེས་པར་ཡོད་དགོས་ཤིང༌། ངས་དེ་ཁུལ་གཙང་པོ་དེ་ཡོད་པར་བརྟེན་ས་ཆ་དེར་ཆར་པ་འབེབས་ཐུབ་རྒྱུ་ཡིན་པ་ཤེས་བྱུང༌། ངས་རྫོང་ནང་གི་སྐྱེ་བོ་མང་པོར་ཆར་འབེབས་ཀྱི་མཆོད་རྫས་དང༌། མཁོ་དངོས་ཡོད་རྒུ་འཁྱེར་ཡོང་དུ་བཅུག་ཅིང༌། གཙང་པོའི་འགྲམ་དུ་ང་སྡོད་ཡུལ་གྱི་གུར་ཞིག་ཀྱང་བརྒྱབ། རྫོང་ནང་གི་མི་མང་པོ་ཆར་འབེབས་བྱེད་ཚུལ་ལ་བལྟ་བར་ཡོང་ཞིང༌། རྫོང་དཔོན་གྱིས་ཀྱང་ང་ལ་བལྟ་ཞིབ་གནང་ཐུབ་པའི་ཆེད་དུ་གུར་ཞིག་བརྒྱབ་སོང༌། མི་ཁ་ཤས་ཀྱིས་ཆར་འབེབས་ཡག་པོ་བྱས་ན་མ་གཏོགས། རྫོང་དཔོན་འདི་རྩིང་སྤྱོད་ཧ་ཅང་ཆེ་བས་ཉེས་ཆད་གཅོད་ངེས་ཡིན་ལུགས་ཀྱི་ཉེན་བརྡ་སྤྲད་བྱུང༌། དེར་བརྟེན་ངས་ཆོ་ག་སྒྲུབ་བཞིན་མཆོད་རྫས་འབུལ་སྐབས། ཕྲན་བུའི་སེམས་འཚབ་དང་མ་བདེ་བ་བྱུང༌། ངས་ཐོག་མར་འབད་བརྩོན་བྱས་ཀྱང་ཆར་པ་འབེབས་མ་ཐུབ་པས། རང་ཉིད་ལ་ཁོང་ཁྲོ་ལངས་བྱུང༌། གང་ཡིན་ཟེར་ན་ངས་མི་སེར་འདི་དག་ལ་རོགས་རམ་བྱ་འདོད་ཡོད་པས་ཡིན། དེར་བརྟེན་ངས་གནམ་གཤིས་ལ་ཁ་ལོ་བསྒྱུར་རྒྱུ་ཚུད་པའི་ངའི་ཆོ་ག་དང་སྒོམ་སྒྲུབ་ཐམས་ཅད་ཀྱི་རྩ་བའི་ཡི་དམ་ནམ། སྒོམ་བྱའི་ལྷ་མཁའ་འགྲོ་མ་ནག་མོའི་༼Troma Nagma༽རྣམ་པར་གྱུར་པར་སྒོམ་ཞིང༌། དེ་ནས་ཆུ་ལྷ་མི་མགོན་ཁ་རབ་༼Migon karp༽བཀུག་པ་ཡིན། ཁོང་ནི་ཆུའི་རྒྱལ་པོའམ་བདག་པོ་དང་དབང་པོ་ལྟ་བུ་རེད། དེ་ནས་ངས་དབྱུ་གུས་རྫིང་བུ་ཡང་ནས་ཡང་དུ་དཀྲུག་ཅིང༌། ཆུ་ལྷར་རོགས་རམ་བྱེད་དགོས་པའི་རེ་འབོད་བྱས་པ་ཡིན། གློ་བུར་དུ་ཆུའི་ནང་ནས་རྡོ་དཀར་ཆེན་པོ་ཞིག་ཐོན་བྱུང་བས་ཐོག་མར་ང་འདྲོགས་ཀྱང་ཡུད་ཙམ་ནས་ད་ཆ་རང་ཉིད་ཀྱིས་ཆར་པ་འབེབས་ཐུབ་རྒྱུ་ཡིན་པ་ཤེས་བྱུང༌། ངས་མུ་མཐུད་དེ་ཆོ་ག་འདོན་བཞིན་མཆོད་རྫས་ཕུལ་བས་ངའི་གུར་གྱི་སྟེང་ཐད་ནས་སྤྲིན་ནག་ལངས་འགོ་ཚུགས་པ་མཐོང་ཞིང༌། དེ་ཉིད་ཆེ་རུ་ཆེ་རུ་སོང་ནས་མི་རིང་བར་འབྲུག་སྒྲ་གྲགས་བྱུང༌། གྲོང་ཚོ་གཉིས་ཀར་ཆར་པ་དང་སེར་བ་དྲག་པོ་བབས་ཤིང༌། དེ་ཉིད་རྫོང་གི་ནང་ཁུལ་ཁག་ཏུའང་རྒྱ་སྐྱེད་ཀྱིས་བབས། ངས་རྫོང་དཔོན་ལ་ད་ཆ་ཁྱེད་ཚོའི་འདོད་པ་ལྟར་ཆར་པ་ཕབ་ཟིན་པས་རང་གི་སྒོམ་སྒྲུབ་བྱེད་སར་ལོག་རྒྱུ་ཡིན་ཞེས་བརྗོད་པ་ཡིན། རྫོང་དཔོན་གྱིས། ས་གཞི་དང་ཞིང་པར་ཆར་པ་ཤིན་ཏུ་མཁོ་གལ་ཆེ་བར་བརྟེན་ད་དུང་ཉུང་མཐར་གཟའ་འཁོར་གཅིག་རིང་ཆར་པ་དབབ་དགོས་ཟེར་བས། ངས་མོས་མཐུན་བྱས་པ་ཡིན། ངས་ཆོ་ག་མུ་མཐུད་དེ་བྱས་ཤིང་ཆར་པའང་དུས་བཀག་དེའི་ནང་བབས་སོང༌། ཉིན་བདུན་དེའི་རིང་ང་རྫོང་དཔོན་གྱི་གཟིམ་ཤག་ཏུ་བསྡད་ཅིང༌། དེ་ནས་ངས་ད་ཆ་ཆར་པ་དེ་ལས་མང་བ་དབབ་མི་ཐུབ་པས། ས་ཆ་དེ་ནས་ཐོན་ཏེ་དེ་སྔོན་གྱི་སྒོམ་སྒྲུབ་མཇུག་སྐྱོང་བྱེད་པར་ལོག་རྒྱུ་ཡིན་ལུགས་བརྗོད་པ་ཡིན། ཁོང་གིས་དེ་འགྲིག་གི་རེད་ཅེས་གསུངས་ནས་སྐྱེལ་མར་བཞོན་རྟ་མངགས་བྱུང༌། ང་དེར་སྡོད་རིང་གྲོང་གསེབ་ཀྱི་མི་མང་པོ་ངའི་སར་ཡོང་ནས་ཁོང་ཚོའི་ཆེད་དམིགས་བསལ་གྱི་ཞབས་བརྟན་བྱེད་དགོས་བརྗོད་པ་ལྟར་ཏོག་ཙམ་བསྡད་ཀྱང༌། མི་རིང་བར་རང་གི་སྒོམ་སྒྲུབ་མུ་མཐུད་དེ་བྱ་རྒྱུའི་ཐག་བཅད་དེ་སྔ་དྲོ་གཅིག་དེ་ནས་ཁུ་སིམ་མེར་ཐོན་ཡོང་བ་ཡིན། དུས་ཡུན་གང་ཙམ་འགྲུལ་བཞུད་བྱས་རྗེས་ལྷོ་བྲག་སྲས་མཁར་དགུ་ཐོག་ཞེས་པར་འབྱོར། སྲས་མཁར་དགུ་ཐོག་ཅེས་པ་ནི་ལྷ་ཁང་ཐོག་བརྩེགས་དགུ་ཡོད་པ་ཞིག་གི་མིང་ཡིན། དེ་ནས་འབྲོམ་མཚོ་པདྨ་གླིང་༼Drumtso pemaling༽ཞེས་པའི་ས་ཆར་འབྱོར། འབྲོམ་མཚོ་ནི་མཚོ་ཞིག་གི་མིང་ཡིན་ཞིང༌། པདྨ་གླིང་ནི་པདྨའི་གྲོང་ཟེར་བ་རེད། ས་དེར་གུ་རུ་པདྨ་སཾ་བྷ་བའི་དགོན་པ་ཞིག་འདུག་ཅིང༌། དགོན་པ་དང་མཚོ་ལ་མཇལ་སྐོར་ཞུས་རྗེས་གུ་རུ་པདྨ་སཾ་བྷ་བས་སྒོམ་སྒྲུབ་གནང་སའི་རི་སྟེང་གི་བྲག་ཕུག་ཅིག་ལ་སོང་སྟེ། དེར་ཟླ་བ་དྲུག་རིང་སྒོམ་སྒྲུབ་བྱས་པ་ཡིན། ངའི་བཟའ་བཅའ་ཟད་སྟབས་དེ་ནས་མ་ཐོན་ཀ་མེད་བྱུང་ཞིང༌། ལྷ་ལུང་དགོན་པར་མཆོད་མཇལ་ཞུས་རྗེས་གྲོང་གསེབ་ཆུང་ཆུང་ཞིག་གི་ནང་བསྐྱོད་པ་ཡིན། དེ་ནས་ང་ལ་ཟས་གོས་གནང་མཁན་གྱི་ཡོན་བདག་ཡག་པོ་ཞིག་ཐོབ་པས། མུ་མཐུད་དེ་འགྲུལ་བཞུད་བྱས་ཏེ་ཕུ་མ་བྱང་ཐང་༼Phuma Chanthan༽ཞེས་པའི་ས་རུ་སླེབས་བྱུང༌། ངས་སྙིང་རི་ཞེས་པའི་སྙིང་གི་དབྱིབས་ཅན་གྱི་རི་རྩེའི་སྒྲུབ་ཕུག་ཏུ། ལོ་གསུམ་ཟླ་གསུམ་ཞག་གསུམ་རིང་སྒོམ་སྒྲུབ་བྱས་པ་ཡིན། དེ་ནི་སྒོམ་སྒྲུབ་བྱེད་རྒྱུར་དཀའ་ངལ་ཧ་ཅང་ཆེ་བའི་གནས་ཤིག་རེད། གང་ཡིན་ཟེར་ན་ཆུ་རི་གཤམ་དུ་མ་གཏོགས་མེད་སྟབས། རྒྱུན་དུ་ཆུ་ལེན་པར་མར་བབས་ཡར་འཛེགས་བྱེད་དགོས་ཀྱི་ཡོད། མཐའ་མ་ངས་སྒྲུབ་ཕུག་གི་ཉེ་འགྲམ་གྱི་ས་ངོས་སུ་ཁུང་བུ་ཆུང་ཆུང་ཞིག་བྲུས་ཏེ། གལ་ཏེ་ང་ལ་སྒྲུབ་ཕུག་འདིའི་ནང་སྒོམ་སྒྲུབ་བྱ་རྒྱུའི་ལས་བཟང་པོ་ཡོད་ན། དཀོན་མཆོག་གིས་ང་ལ་ཆུ་གནང་བར་ཤོག་ཅེས་སྨོན་ལམ་བཏབ་ཅིང༌། ཁུང་བུ་དེ་ཁ་གཅོད་ཀྱིས་བཀབ་སྟེ་སྒྲུབ་ཕུག་ནང་སོང་བ་ཡིན། སང་ཉིན་ཞོགས་པ་ངས་དེར་སོང་ནས་ཁུང་བུའི་ནང་བལྟ་སྐབས། ཁུང་བུ་ཆུས་གང་ཡོད་པ་རིག་བྱུང༌། དེར་ཆུ་དེ་ཙམ་མང་པོ་མེད་ཀྱང་སྐབས་དེར་ངས་འཁྱེར་བའི་ཆུ་སྣོད་ཁེངས་ངེས་འདུག་པས་ཆུ་བླངས་ཏེ་ཕུད་དཀོན་མཆོག་ལ་ཕུལ་ཅིང༌། དེ་ནས་རང་གི་ཟས་རིགས་གཡོས་སྦྱོར་གྱི་ཆེད་དུ་བེད་སྤྱོད་བྱས་པ་ཡིན། སང་ཉིན་དེར་ངས་ཡང་བསྐྱར་ཁུང་བུ་དེ་ཆུས་གང་ཡོད་པ་མཐོང་ཞིང༌། ཉིན་དེ་ནས་བཟུང་ང་ལ་དཀའ་ངལ་གང་ཡང་མ་འཕྲད་པར་ལོ་གསུམ་ཟླ་གསུམ་ཞག་གསུམ་ཆ་ཚང་སྒོམ་སྒྲུབ་མཐའ་འཁྱོལ་བ་བྱེད་ཐུབ་བྱུང༌། སྒོམ་སྒྲུབ་ཚར་རྗེས་ངས་སྒྲུབ་ཕུག་དེའི་ནང་ཡང་བསྐྱར་ཟླ་བ་གཅིག་བསྡད་ཅིང༌། གྲོང་གསེབ་ཀྱི་མི་ཚོས་ཆུ་རྙེད་ས་མེད་པའི་རི་རྩེར་བླ་མ་ཞིག་ཡོད་པ་ཤེས་རྟོགས་བྱུང་ནས་ཡ་མཚན་དང་བཅས་དད་རྫས་འཁྱེར་ཏེ་ང་འཕྲད་པར་ཡོང་འགོ་ཚུགས། མི་མང་པོས་ང་ལ་ཁོང་ཚོའི་ཆེད་དུ་ཞབས་བརྟན་སྒྲུབ་རོགས་བརྗོད་ཅིང་དུས་ཡུན་ཕྲན་བུ་སོང་རྗེས་ང་དེ་ནས་ཐོན་ཡོང་བ་ཡིན། དེང་སྐབས་ཀྱང་ས་ཁུལ་དེ་ནས་ཡིན་ཞིང་ད་ལྟ་རྒྱ་གར་ནང་ཡོད་པའི་མི་ཚོས་ང་ལ་སྙིང་རིའི་བླ་མ་ཞེས་འབོད་ཀྱི་ཡོད། དགུན་དུས་ང་ཕུ་མ་གཡུ་མཚོ་༼Phuma Yumtsho༽ཞེས་པའི་མཚོ་ཡོད་སའི་ས་ཆ་མཛེས་སྡུག་ཅན་ཞིག་ལ་སླེབས་བྱུང༌། མཚོ་དེའི་དཀྱིལ་དུ་རི་བོ་ཡོད་པའི་གླིང་ཕྲན་ཞིག་འདུག་ཅིང༌། གླིང་ཕྲན་དེའི་ཐོག་སླེབས་ཐབས་གཅིག་རང་ཡོད་པ་ནི། འཁྱག་པའི་ཐོག་གོམ་བགྲོད་ཀྱིས་བསྐྱོད་རྒྱུ་དེ་རེད། ངས་དགོས་མཁོའི་ཟས་གོས་ཐབས་ཤེས་བྱས་ཏེ་མཚོ་ཐོག་གི་འཁྱག་པའི་ཐོག་རྐང་བགྲོད་ཀྱིས་གླིང་ཕྲན་ཐོག་བསྐྱོད་པ་ཡིན། རི་དེའི་ནང་བྲག་ཕུག་ཅིག་འདུག་པས་ངས་དེའི་ནང་ལོ་གསུམ་ཟླ་གསུམ་ཞག་གསུམ་རིང་སྒོམ་སྒྲུབ་བྱ་རྒྱུའི་འཆར་གཞི་བཏིང་པ་ཡིན། ལོ་གཅིག་སྒོམ་སྒྲུབ་བྱས་རྗེས་ང་རང་དཀའ་ངལ་ཁ་ཤས་ནང་ལྷུང་བྱུང༌། དེ་ཡང་ངའི་མེ་ལྕགས་ཟད་སྟབས་མེ་དང་བཟའ་བཏུང་ཚ་པོ་གང་ཡང་ཐོབ་ཐབས་བྲལ་ཐོག་གནམ་གཤིས་ཧ་ཅང་གྲང་མོ་འདུག །འོན་ཀྱང་མཚོ་ལ་དར་ཆགས་མེད་སྟབས་ང་དེ་ནས་བསྐྱོད་ཐབས་མེད། དེ་ལྟར་དཀའ་ངལ་ཆེ་བའི་ཟླ་བ་གཅིག་གི་རྗེས་ང་ལ་ཞོགས་པ་ཧ་ཅང་སྔ་པོ་ཞིག་ལ་རྨི་ལམ་ཞིག་རྨིས་བྱུང༌། དེ་རྦད་དེ་རྨི་ལམ་ཞིག་ཀྱང་མ་རེད། དེ་ཡང་ངས་ངའི་སྒྲུབ་ཕུག་ནང་བུད་མེད་ཅིག་བཞེངས་ནས་ཡོད་པ་མཇལ་བྱུང༌། བུད་མེད་དེ་ངའི་སྣང་བ་ལ་ཤར་བ་ཞིག་རེད། ཁོང་གིས་(དེ་རིང་ཁྱེད་མཐོ་དགོན་པ་༼Thue Gompa༽ཞེས་པ་དེར་ངེས་པར་འགྲོ་དགོས་)གསུངས་ཤིང༌། དེ་ནས་ཡལ་སོང༌། ང་གཉིད་ལས་སད་ཅིང་ལྟ་སྐབས་བྲག་ཕུག་ནང་བུད་མེད་དེའི་གྲིབ་མ་ཙམ་ཡང་མ་མཐོང༌། ངས་དེ་རྨི་ལམ་ཡིན་དང་དངོས་གནས་ཡིན་མ་ཤེས། སེམས་ནང་ད་ལྟ་དགུན་ཁ་མིན་པས་མཚོ་བརྒལ་ན་རང་ཉིད་མཚོའི་ནང་དིམ་གྱི་རེད་དྲན་བྱུང༌། འོན་ཀྱང་བུད་མེད་དེ་དེ་འདྲའི་དངོས་རྗེན་ཞིག་ཏུ་སྣང་བར་བརྟེན། དེ་ནི་རང་ཉིད་ཐོན་དགོས་པའི་བརྡ་གསལ་པོ་ཞིག་རེད་སྙམ། དེར་བརྟེན་ངས་ཞབས་བརྟན་ཞིག་བྱས་ཤིང་མཆོད་པ་ཕུལ་ཏེ་རང་གི་བླ་མར་གསོལ་བ་བཏབ་པ་ཡིན། དེ་ནི་ཞོགས་པ་ཆུ་ཚོད་གསུམ་པ་ཙམ་གྱི་གཡས་གཡོན་ལ་རེད། ང་བྲག་ཕུག་གི་ནང་ནས་ཐོན་ཡོང་ཞོར་མཚོ་ལ་བལྟས་པས། གོས་དཀར་པོ་འོད་འཕྲོ་བ་ལྟ་བུའི་ལམ་ཆུང་ཞིག་མཐོང་བྱུང༌། དེ་ང་སྡོད་སའི་བྲག་ཕུག་ནས་མཚོའི་ཕ་རོལ་གྱི་ཆུ་ཁར་ཟུག་འདུག ། ང་སྒྲུབ་ཕུག་ནས་ཐོན་ཏེ་ཕ་རོལ་གྱི་མཚོ་ཁར་སླེབས་དུས། ཉི་མ་ཤར་ལ་ཁད་རེད། ང་དགོན་པའི་ནང་སོང་བས་མཁན་པོའི་བཞུགས་ཤག་ཏུ་འཁྲིད་དེ་ཐུག་པ་ཚ་པོ་ཞིག་གནང་བྱུང༌། དེ་ནི་ཟླ་བ་གཅིག་གི་ནང་ང་ལ་ཟས་ཚ་པོ་རག་པ་དང་པོ་དེ་རེད། ཐུག་པ་བཏུང་ཚར་རྗེས་ངས་ཁོང་ཚོར་ང་ལ་མེ་ལྕགས་ཁ་ཤས་ཤིག་གྲ་སྒྲིག་གནང་རོགས། དེ་ལྟར་བྱུང་ན་ང་ཡང་བསྐྱར་ཕར་སོང་སྟེ་སྒོམ་སྒྲུབ་བྱ་ཐུབ་རྒྱུ་ཡིན་ལུགས་བརྗོད་པ་ཡིན། ངས་ངའི་ལྷམ་གཉིས་མཚོ་ཁར་བཞག་ཡོད། གང་ཡིན་ཟེར་ན་དགོན་པར་སླེབས་པར་རི་ལ་འཛེགས་དགོས་ཤིང༌། ངའི་ལྷམ་རློན་པ་རློན་རྐྱང་ཆགས་སྟབས་བཞག་པ་ཡིན་ཞེས་བཤད་ཐོག །རང་ཉིད་ལྷམ་ལེན་པར་བསྐྱོད་དགོས་ལུགས་བཤད་ཀྱང༌། ཁོང་ཚོས་ང་ལ་སྡོད་ཅེས་ཨུ་ཚུགས་བྱས་བྱུང༌། སྐར་མ་ཁ་ཤས་ཀྱི་རྗེས་སུ། མཁན་པོས་དགོན་པའི་ཕྱི་རོལ་གྱི་བྱེ་མའི་སྟེང་དུ་ངའི་ལྷམ་བསྐམ་གནང་གི་འདུག ཁོང་གིས་ལྷམ་ཉི་མར་བསྐམས་རྗེས་ངའི་མདུན་ལ་ཕྱག་བཙལ་བྱུང༌། ཕྱག་འཚལ་དོན་གང་ཡིན་དྲིས་པས། ཁོང་གིས། ང་མཚོ་བརྒལ་ནས་ཡོང་བ་དེས་ཁོང་ལ་ཧ་ཅང་གི་ཡ་མཚན་སྐྱེས་བྱུང་ཞེས་གསུངས་ཤིང༌། མཚོ་དང་ང་ཡོང་སའི་འཁྱག་པ་ལས་གྲུབ་པའི་ལམ་ཕྲ་མོ་དེ་མཛུབ་སྟོན་གནང་བྱུང༌། ངས་རང་ཉིད་སྒྲུབ་ཕུག་ནས་ཞོགས་པ་ཆུ་ཚོད་གསུམ་པ་ཙམ་ལ་ཐོན་ཡོང་བས་མཚན་མོ་གསལ་པོ་མཐོང་མ་བྱུང་ཞེས་གསལ་བཤད་བྱས། འཁྱག་པ་ལས་གོས་དཀར་པོ་ལྟར་འོད་འཚེར་གྱི་འདུག །ངས་དེ་འོད་ཀྱི་ལམ་ལྟ་བུ་ཡིན་པ་ལས་འཁྱག་པ་ཡིན་པ་ཤེས་མ་བྱུང༌། ང་ཚོས་ཞིབ་པར་བལྟ་དུས་འཁྱག་པ་རྣམས་ཕལ་ཆེར་བཞུར་ཚར་འདུག །འདི་ནི་རྒྱུན་ལྡན་མཚོ་མོར་དར་ཆགས་པའི་དུས་ཚོད་མིན་སྟབས་དགོན་པའི་ནང་གི་མི་ཚང་མ་ཡ་མཚན་འདུག་ལ། ང་དར་ལམ་དེ་བརྒྱུད་ནས་མཚོ་བཅད་པར་དེ་བས་ཀྱང་ཧང་སངས་འདུག ། མཚོ་ཐོག་ཏུ་དར་ཆགས་མེད་སྟབས་ང་རང་སྒྲུབ་ཁང་དུ་ལོག་མ་ཐུབ། དེར་བརྟེན་དགོན་པའི་ནང་ཟླ་བ་གཅིག་དང་ཕྱེད་ཀ་བསྡད་པས། དུས་ཡུན་དེའི་རིང་ང་ལ་བསྙེན་བཀུར་ཧ་ཅང་ཡག་པོ་བྱས་བྱུང༌། དགུན་ཁ་ཤར་དུས་ང་རང་སྒོམ་སྒྲུབ་མཇུག་སྐྱོང་བྱེད་པར་སྒྲུབ་ཕུག་ཏུ་བསྐྱོད་ཅིང༌། དེར་ལོ་གསུམ་ཟླ་གསུམ་ཞག་གསུམ་རིང་བསྡད་ཟིན་རྗེས། སྒྲུབ་ཕུག་དེ་གའི་ནང་ངལ་གསོ་ཉིན་བཅོ་ལྔ་བརྒྱབ་སྟེ་ཐོན་ཡོང་བ་ཡིན། དེ་དུས་དགུན་ཁ་ཡིན་སྟབས་མཚོའི་ཕར་ངོས་སུ་འཁྱག་པའི་ཐོག་ནས་བསྐྱོད་ཐུབ་ཀྱི་འདུག །ངས་དུས་ཐུང་རིང་ཡོན་བདག་གནང་མཁན་གྱི་མི་ཚང་ཞིག་གི་ནང་བསྡད་ཅིང༌། མི་མང་པོས་ང་གླིང་ཕྲན་ཐོག་གི་བྲག་ཕུག་ནང་སྒོམ་སྒྲུབ་བྱེད་མཁན་དེ་ཡིན་པ་གོ་ཐོས་བྱུང་རྗེས། ཞབས་བརྟན་དང་བྱིན་རླབས་ཞུ་ཆེད་ཉིན་མཚན་མེད་པར་སླེབས་སྟབས། ང་རང་གཉིད་ཡག་པོ་ཁུག་མ་ཐུབ་ལ། ཞོགས་པའི་རྒྱུན་ལྡན་གྱི་ཁ་འདོན་བྱ་རྒྱུར་ཡང་དཀའ་ངལ་བྱུང༌། དེ་ནས་ང་ན་བྱུང༌། ལོ་ངོ་གསུམ་རིང་མཁྲེགས་ལ་གྲང་བའི་རྡོའི་སྟེང་དུ་བསྡད་སྟབས། རྒྱབ་ངོས་སུ་མི་བདེ་བའི་དཀའ་ངལ་བྱུང༌། མི་ཚང་དེའི་ནང་དུས་ཡུན་ཐུང་ངུ་ཞིག་གི་རིང་བསྡད་རྗེས། ངས་ཐོན་རྒྱུའི་བློ་ཐག་བཅད་དེ་ལྷ་སའི་ཕྱོགས་སུ་བསྐྱོད་པ་ཡིན།




ལེའུ་ལྔ་པ། འཕོ་བ་དང་ རྒྱ་ནག་གི་བཙན་འཛུལ། བོད་ནས་བཙན་བྱོལ་དུ་ཡོང་བ།


ལྷ་སར་བསྐྱོད་སའི་ལམ་བར་ནས་རྩེད་ཐང་དུ་ངའི་ཡོན་བདག་གནང་འདོད་ཡོད་པའི་མི་ཚང་ཞིག་ཏུ་གནས་སྡོད་བྱས་པ་ཡིན། ཉིན་ཞིག་ང་ཞིང་ཁའི་ནང་ཡོད་སྐབས། བུད་མེད་ཅིག་རྒྱུག་ཡོང་ནས་མོ་རང་གི་ནང་དུ་གནས་ཚང་གཡར་བའི་བུད་མེད་ཅིག་འདས་གྲོངས་སོང་བས། དེའི་ཆེད་དུ་འདས་མཆོད་བྱེད་རོགས་ཟེར། ས་ཁུལ་དེར་ཡོད་མུས་བླ་མ་དེ་འདས་མཆོད་བྱ་རྒྱུར་གཡོལ་ཆེད་མགྱོགས་པོ་ཐོན་ཕྱིན་འདུག ང་མི་ཚང་དེར་བསྐྱོད་སྐབས་བུད་མེད་ཤི་བོའི་རོ་ཞིག་ལངས་གྲབས་བྱེད་བཞིན་ཡོད་པ་རིག་བྱུང༌། རོ་དེ་རྐང་པ་གཅིག་བཀྱག་སྟེ་ཉལ་སྟབས་སུ་འདུག །ངས་ཆོ་ག་འདོན་འགོ་བཙུགས་པ་དང་རོ་དེའི་རྐང་པ་གཞན་དེ་བཏེགས་པར་བརྟེན། དངངས་འཚབ་ཆེན་པོ་ལངས་བྱུང༌། ངས་རང་ཉིད་ལ་འཇིགས་སྣང་འབྱུང་དོན་ནི་སེམས་དམིགས་པ་ལ་རྩེ་གཅིག་ཏུ་མ་བཏད་པར་བརྟེན་ནས་བྱུང་བ་རེད་དྲན། དེར་བརྟེན་ངས་སེམས་གཡེང་བ་ལས་བསྡུས་ཏེ་གཅོད་ཀྱི་ཉམས་ལེན་དང༌། སྔོན་གྱི་གསང་སྔགས་ཉམས་བཞེས་ཀྱི་སྐྱེས་ཆེན་དམ་པ་ཚོའི་སྐུ་ཚེ་དང་མཛད་པའི་ཐོག་དམིགས་པ་རྩེ་གཅིག་ཏུ་འགྲིལ་ནས་སྒོམ་ཐོག །རོའི་སྟེང་དུ་བསྡད་དེ་འདོན་པ་དང་ཆོ་ག་རྣམས་བྱེད་འགོ་བཙུགས། རོ་དེས་འཕག་འཚག་དྲག་པོ་བརྒྱབ་སྟེ་ང་གཡུག་རྩིས་བྱས་སྟབས། དེའི་སྟེང་སྡོད་རྒྱུར་ལས་སླ་པོ་མི་འདུག །བལྟས་ཚོད་ལ་ཤི་རོ་འདིས་ཟིང་སློང་ཤུགས་ཆེན་བྱེད་པ་ལྟར་སྣང་བས། ཁྱིམ་ཚང་ནང་གི་མི་ཚང་མ་སྐྲག་ཐག་ཆོད་འདུག །ངས་རོ་དེའི་ཐོག་མུ་མཐུད་སྡོད་བཞིན་ད་ཅི་བྱེད་བསམ་སྐབས། གཅོད་ཀྱི་དཔེ་ཆའི་ནང་རྣམ་ཤེས་སྤོར་བའི་ཆོས་ཚན་ཞིག་ཡོད་པ་དྲན་སོས་བྱུང༌། ངས་རོ་ལངས་དེ་ཞི་འཇམ་དུ་གྱུར་པ་དང་རྣམ་ཤེས་སྤོར་བའི་ཆེད་དུ་ཆོས་ཚན་དེ་སྐྱོར་འདོན་བྱས་པ་ཡིན། དེ་ནས་རོའི་བུ་ག་ཚང་མ་ནས་ཁྲག་མང་པོ་ཐོན་པས་གང་སར་བལྟར་མི་བཟོད་པ་ཆགས་པར་མ་ཟད། དྲི་ངན་ཡང་ཤུགས་ཆེན་པོ་འཐུལ་གྱི་འདུག ཁང་པའི་ནང་གི་མི་ཚོ་ཞེད་ཐད་ཆོད་ནས་ཕྱི་ལ་ཐོན་ཏེ་ང་གཅིག་པུ་ནང་ལ་རོ་དང་མཉམ་དུ་སྒོ་ལྕགས་བརྒྱབ་ནས་བཞག་བྱུང༌། ངས་སྒོའི་གསེང་ནས་སྐད་མང་པོ་བརྒྱབ་པས་མཐའ་མ་ཁོང་ཚོས་སྒོ་ཕྱེས་ཤིང༌། དུས་དེར་ད་གིན་བྲོས་པའི་བླ་མ་དེ་ལོག་ཡོང་ནས་རོགས་པ་བྱས་བྱུང༌། བོད་ནང་མི་འཆི་རྗེས་ཕུང་པོ་ཐག་གཅོད་བྱེད་ཕྱོགས་ནི། གཤིན་རྩིས་ལ་ལྟོས་དགོས་པ་ཞིག་རེད། དེ་ཡང་བླ་མས་རྩིས་བསྐོར་ཏེ་གཤིན་པོ་དེ་འཆི་སྐབས་ས་ཆུ་མེ་རླུང་གི་འབྱུང་བ་གང་ལ་འཁེལ་ཡོད་མེད་བརྟག་དཔྱད་བྱེད་ཅིང༌། གལ་ཏེ་རླུང་ཡིན་ན་རི་བོའི་རྩེ་རུ་ཕུང་པོ་དུམ་བུར་གཏུབས་ཏེ་བྱ་རྒོད་ལ་སྟེར་ནས་རླུང་ལ་ཐིམ་པར་བྱེད། འདི་ལ་བྱ་གཏོར་བྱེད་པ་ཟེར། གལ་ཏེ་མེ་ཡིན་ན་འབྱུང་བ་མེ་ལ་ཐིམ་པའི་ཆེད་དུ་ཕུང་པོ་མེར་བསྲེགས་གཏོང་གི་ཡོད། གལ་ཏེ་འབྱུང་བ་ས་ཡིན་ན། ཕུང་པོ་ས་ལ་སྦ་གི་ཡོད། གལ་ཏེ་འབྱུང་བ་ཆུ་ཡིན་ན། ཕུང་པོ་གཏུབས་ཏེ་གཙང་ཆུར་བཤམས་ཀྱི་ཡོད། བུད་མེད་འདི་ལ་མཚོན་ན། མོའི་རོ་རི་སྟེང་དུ་འཁྱེར་ནས་བྱ་རྒོད་ལ་སྟེར་དགོས་པ་རེད། ཁོང་ཚོས་ཕུང་པོ་ཁྱིམ་ནས་བཏོན་ཏེ་དགོན་པའི་རྒྱབ་ཀྱི་རི་སྟེང་ལ་འཁྱེར་ནས་དུམ་བུར་གཏུབས། ངས་བྱ་རྒོད་ཚང་མ་ཕུང་པོ་བཟའ་བའི་མགྲོན་དུ་འབོད་པའི་ཆོ་ག་བཏོན་པ་ཡིན། ཕུང་པོའི་ཉེ་འཁོར་དུ་བྱ་རྒོད་འཁོར་ན་ཡང་རོ་ལ་ཐོགས་གཏུགས་བྱེད་ཀྱི་མི་འདུག །དེས་ཕུང་པོའམ་བྱ་རྒོད་ཀྱི་སྣང་བ་གང་རུང་ལ་སྐྱོན་ཡོད་པ་སྟོན་པས། ངས་ཕུང་པོ་གཙང་མར་བྱིན་གྱིས་རློབས་པའི་ཆོ་ག་དམིགས་བསལ་བཏོན་ཅིང༌། དེ་ལྟར་བྱས་ན་བྱ་རྒོད་ཀྱིས་བཟའ་ངེས་རེད་སྙམ། ཆོ་ག་དེ་ཚར་ནའང་བྱ་རྒོད་ཀྱིས་ད་དུང་རོ་ལ་ཐོགས་གཏུགས་བྱེད་ཀྱི་མི་འདུག །དེར་བརྟེན་ངས་བྱ་རྒོད་ཀྱི་ཆེད་དུ་ཆོ་ག་བཏོན་པ་སྟེ། ཆོ་གའི་ཆ་ལག་ཏུ་བྱ་རྒོད་མགྲོན་དུ་འབོད་པའི་དཔེ་ཆ་ཆ་ཚང་ཐེངས་ ༡༠༨ སྐྱོར་འདོན་བྱས་པ་ཡིན། འོན་ཀྱང་ད་དུང་བྱ་རྒོད་ཀྱིས་བཟའ་གི་མི་འདུག །བྱ་རྒོད་ཀྱིས་ཤི་རོ་གཏན་ནས་བཟའ་འདོད་མི་བྱེད་པའི་སྐབས་སུ་མཐའ་མའི་བྱ་ཐབས་གཅིག་ཁོ་ན་ཡོད། དེ་ནི་ཆོ་ག་འདོན་མཁན་རྣལ་འབྱོར་བས་ངེས་པར་རོ་དེ་ནས་ཤ་ཆུང་ངུ་ཞིག་བླངས་ཏེ་རང་ཉིད་ཀྱིས་བཟའ་དགོས་པ་རེད། ངས་དེ་ལྟར་བྱས་རྗེས་དུས་ཡུན་ཧ་ཅང་ཐུང་ཐུང་ནང་བྱ་རྒོད་རྣམས་རུབ་སྟེ་ཕུང་པོ་བཟས་སོང༌། དེ་ནས་མི་ཚང་དེའི་བུད་མེད་དེ་དང༌། མི་གཞན་ཚོས་ང་ལ་བདུན་གསུམ་རིང་ཞབས་བརྟན་བྱ་རོགས་ཞེས་རེ་བ་བཏོན་པ་ལྟར། ཁྱིམ་ཚང་དེར་བསྐྱོད་པ་ཡིན། བོད་ནང་མི་ཆེ་གེ་མོ་འཆི་སྐབས། ཞག་ཞེ་བཅུ་ཞེ་དགུ་སྟེ། གཟའ་འཁོར་བདུན་རིང་ཉིན་བདུན་རེའི་མཚམས་སུ་རིམ་གྲོ་བསྒྲུབ་དགོས་ཤིང༌། དུས་ཡུན་དེའི་ནང་རྣམ་ཤེས་བར་དོ་ནས་ཐར་ཏེ་ལོ་གཉིས་ནང་བསྐྱར་དུ་སྐྱེ་བ་ལེན་པའང་ཡང་སྲིད་བྱོན་གྱི་ཡོད། ང་གཟའ་འཁོར་གསུམ་རིང་བསྡད་དེ་ཆོ་ག་འདོན་པའི་དམིགས་ཡུལ་ནི། གཤིན་པོའི་རྣམ་ཤེས་ལ་མོ་རང་ཤི་ཟིན་པ་ངོ་སྤྲོད་དང་སྦྲགས་ཞི་འཇམ་ངང་རང་གི་ལམ་དུ་བསྐྱོད་རྒྱུར་སྐུལ་དེད་བྱ་རྒྱུ་དེ་རེད། ཞག་ཉི་ཤུ་རྩ་གཅིག་གི་རྗེས་སུ། ངས་གཤིན་པོའི་ནང་མི་ཚང་མ་འཁྲིད་དེ་ཡར་ཀླུང་ཤེལ་བྲག་དགོན་པ་ཚུད་པའི་ཁུལ་དེའི་གནས་ཆེན་ཁག་ལ་གནས་སྐོར་ལ་འཁྲིད་པ་ཡིན། ཡར་ཀླུང་ཤེལ་བྲག་ནི་སྨན་རྩྭ་མང་པོ་སྐྱེས་ཡོད་པའི་ལུང་པ་མཛེས་སྡུག་ལྡན་པ་ཞིག་ཡིན་ཞིང༌། ལྷ་ཁང་ནི་བྱེ་མའི་ཐོག་གནའ་སྔ་མོ་ནས་བཞེངས་པ་ཞིག་རེད། ལྷ་ཁང་དེར་བཞེངས་དོན་ནི། ས་དེར་བྱ་རིགས་མང་པོ་ལོ་མང་རིང་ཡོང་སྟབས། གནས་རྩ་ཆེན་ཞིག་ཏུ་བརྩིས་ནས་བཞེངས་པ་རེད། ང་ཚོ་གནས་མཇལ་དུ་བསྐྱོད་པའི་སྐབས་སུའང་ལོ་ལྟར་བྱ་རིགས་འདྲ་མིན་མང་པོ་དེར་འཛོམས་ཀྱི་འདུག ། གཞུང་གིས་བྱ་རིགས་དེ་དག་ལ་བལ་ཡུལ་ནས་འདོན་འདྲེན་བྱས་པའི་ཤིང་འབྲས་ཀྱིས་མཚོན་པའི་ཟས་རིགས་སྦྱིན་པར་གཏོང་གི་ཡོད། དེར་བྱ་རྣམས་ཕན་ཚུན་ཞིབ་འཇུག་བྱེད་ཀྱི་ཡོད་པ་ལྟར་སྣང་བ་སྟེ། ཁ་ཤས་གོ་ས་སྤར་བ་དང་མཉམ་དུ་ཁ་ཤས་ལ་ཉེས་ཆད་གཅོད་པ་དང༌། ཐ་ན་ཁ་ཤས་བྱ་གཞན་ཚོས་གསོད་ཀྱི་འདུག །བྱེ་མའི་ཐོག་གི་ལྷ་ཁང་དུ་བྱ་རིགས་འདུ་འཛོམས་བྱེད་པའི་དུས་ཡུན་ནི་ཉིན་བཅོ་ལྔ་རེད་འདུག །ཞག་ཞེ་དགུའི་ཚབ་ཏུ་ངས་ཞག་ཉེར་གཅིག་ཞབས་བརྟན་བྱས་ཤིང༌། དེ་ནས་ལྷ་སའི་ཕྱོགས་སུ་བསྐྱོད་པ་ཡིན། མི་ཚང་དེས་ང་ལ་གོས་གསར་པ་དང༌། ཟས། དགོས་མཁོ་ཁག་ཐེ་བའི་རྡོག་ཆས་མཁོ་སྒྲིག་ཡག་པོ་བྱས་བྱུང༌། ལྷ་སར་བསྐྱོད་རྗེས་ཀོང་པོ་དེ་མོ་དགོན་པརསོང་ཞིང༌། དེར་ས་ཡོམ་ཞིག་བྱུང་ནས་དགོན་པ་དེ་རྦད་དེ་འཐོར་ཞིག་སོང་བར་མ་ཟད། མི་བཅོ་ལྔར་འཆི་སྐྱོན་བྱུང་འདུག །ངས་དེ་ཁུལ་གྱི་བླ་མ་ངོ་ཤེས་ཀྱི་ཡོད་ཅིང་ཁོང་གིས་ང་ལ་རོ་ཁ་ཤས་ལངས་ཡོང་གི་འདུག་པར་བརྟེན་རོགས་པ་བྱེད་ཐུབ་མིན་དྲིས་བྱུང༌། ངས་ཁོང་ལ་ལས་ཀ་འདི་ངེད་གཉིས་གཅིག་པུས་བྱ་རུང་གི་མ་རེད་སྙམ་ཚུལ་བརྗོད་པས། རོགས་པར་བླ་མ་གཞན་ཞིག་དང་ཁོང་གི་དགེ་ཕྲུག་བདུན་མཉམ་དུ་ཕེབས་བྱུང༌། རོ་གཅིག་གི་ལག་པ་ཡར་བརྐྱངས་ཚར་ནས་ལག་པ་གཞན་དེས་ལུས་པོ་ཡར་བཀྱག་ཆོག་ཆོག་རེད་འདུག །དེར་རོ་ཧ་ཅང་མང་པོ་ཡོད་པ་དང༌། ཉེ་འཁོར་དུ་དུར་ཁྲོད་ཅིག་ཡོད་པར་བརྟེན་ང་ཚོས་དེ་དག་ཚང་མའི་ཆེད་ཐུན་མོང་དུ་རྗེས་འཇུག་གི་ཆོ་ག་བཏོན་ན་ལེགས་པར་ཐག་བཅད་པ་ཡིན། ཆོ་གའི་སྟ་གོན་བྱེད་བཞིན་པའི་སྐབས་སུ་ཁང་བརྩེགས་ཀྱི་ཕྱོགས་གཞན་ཞིག་རོ་ཁ་ཤས་ཀྱི་ཐོག་ཏུ་བརྡིབ་སྐྱོན་བྱུང་སོང་ཡང༌། རོ་གཅིག་ཀེ་རེར་ལངས་འདུག་པས། ང་ཉེ་སར་སོང་ནས་དེ་ལ་རྐང་དུང་གིས་གཞུས་པ་ཡིན། འདི་ནི་གཤིན་པོའི་རྣམ་ཤེས་སྤར་ཐོག་འཆི་ཟིན་པའི་བརྡ་སྤྲད་པ་རེད། དེ་འཕྲལ་རོ་དེ་ཤི་རོ་ལྟར་ས་ལ་རིལ་སོང༌། ད་ནས་ང་དགོན་པ་གཞན་ཞིག་ཏུ་ཚུགས་བབས་ཤིང༌། དགོན་པ་དེའི་མཁན་པོས། ས་དེའི་གནམ་གཤིས་ཤིན་ཏུ་མི་ལེགས་པས། དྲག་ཆར་དང་སེར་བ་དགོག་རོགས་བརྗོད་བྱུང༌། ངས་ཁོང་གི་རེ་སྐུལ་ལྟར་བྱས་ཤིང་ཁུལ་དེའི་མི་སེར་མང་པོས་ཀྱང་ང་ལ་ཞབས་བརྟན་བྱེད་རོགས་ཟེར། ཞབས་རིམ་སྒྲུབ་སྐབས་འབུལ་བ་གང་བྱུང་བ་རྣམས་དགོན་པ་དེར་ཞལ་འདེབས་སུ་ཕུལ་བ་ཡིན། དུས་སྐབས་འདི་ནི་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ཀྱི་འགོ་སྟོད་ལ་ཡིན་ཞིང༌། དེ་དུས་རྒྱ་མི་བོད་ལ་ཡོང་གི་ཡོད་པའི་སྐོར་གོ་ཐོས་འབྱུང་མུས་རེད། ང་ལྷ་སའི་ཕྱོགས་སུ་བསྐྱོད་སྐབས། བསམ་ཡས་མདུན་གྱི་གཙང་ཆུ་དང་བྱེ་ཐང་ཆེན་པོ་བརྒལ་དགོས་ཀྱི་ཡོད། ལམ་བར་ནས་ལྷ་སར་སོང་མ་ཐག་པའི་མི་ཁ་ཤས་འཕྲད་ཅིང༌། ཁོང་ཚོའི་ཅ་དངོས་ཚང་མ་བཅོམ་ཏེ་བཟའ་རྒྱུ་ཡང་མེད་པར་གྱུར་པས་ང་ལ་ངུ་བཞིན་དུ་རོགས་རམ་བྱེད་རོགས་ཟེར། ངས་རྩེད་ཐང་གི་བུད་མེད་ཤི་བོ་དེའི་གོས་རྒྱན་ཆ་ཚང་སྟེར་བ་ཡིན། རྗེས་སུ་ང་ལ་གནས་སྐོར་བ་ཞིག་ཐུག་བྱུང་བས། ངེད་གཉིས་དུས་ཡུན་གང་ཙམ་འགྲུལ་བཞུད་མཉམ་དུ་བྱེད་རྒྱུའི་བློ་ཐག་བཅད་པ་ཡིན། ངེད་གཉིས་ཀོང་པོ་དང་དྭགས་པོའི་དབར་དུ་ཡོད་པའི་ཀོང་པོ་རྣ་དཀར་ལ་༼Ngarla༽ཞེས་པ་བརྒལ་སྐབས། དེར་མི་ཞིག་རལ་གྲི་བཏོན་ཏེ་བསྡད་ཡོད་པ་མཐོང་བྱུང༌། དེ་ནས་མི་གཞན་ཞིག་ཀྱང་ཡོང་ནས་ཁོང་གཉིས་ཀྱིས་བྱང་ཆ་དོད་པོས་རལ་གྲི་གཡུག་གཡུག་བྱེད་བཞིན་ངེད་གཉིས་མཐོང་མ་ཐག་ཕན་ཚུན་བརྡ་སྤྲད་པས། ཅི་ཡིན་འདི་ཡིན་མ་ཤེས་གོང་ངེད་གཉིས་རལ་གྲི་ཐོགས་པའི་མི་བདུན་གྱིས་བསྐོར་ཚར་འདུག །ངའི་གྲོགས་པོར་རལ་གྲི་གཅིག་དང་ང་ལ་དབྱུག་པ་གཅིག་མ་གཏོགས་མཚོན་ཆ་གཞན་འཁྱེར་རྒྱུ་མེད། མི་དེས་ང་ལ་གང་དུ་འགྲོ་མིན་དྲིས་བྱུང་བར། ངས་ལྷ་སར་འགྲོ་མཁན་ཡིན་ཞེས་བརྗོད་པ་ཡིན། དེ་ནས་མི་དེས་ངེད་གཉིས་ག་རེ་འཚོང་མཁན་ཡིན་པ་དང༌། ཚོང་ཟོག་ག་རེ་ཡོད་མེད་དྲིས་བྱུང་བར། ངེད་གཉིས་ལ་གང་ཡང་མེད་ཅེས་བཤད་པ་ཡིན། དེ་ནས་ཇག་པ་གཅིག་གིས་ངའི་གྲོགས་པོ་རྟ་ཐོག་ནས་མར་འཐེན་རྩིས་བྱས་པའི་ལན་དུ། གྲོགས་པོས་ཇག་པ་དེའི་རལ་གྲི་འཕྲོག་རྩིས་བྱས། ཇག་པ་དེས་གྲོགས་པོར་རལ་གྲིས་རྣུན་ཐབས་བྱེད་སྐབས། ཁོང་གིས་ཇག་པ་དེའི་རྣ་བ་བཅད་འདུག །དེར་བརྟེན་ཕྱོགས་གཉིས་ཀ་ཁོང་ཁྲོ་དྲག་པོ་ལངས་ཏེ་འཁྲུག་འཛིང་ཆེན་པོ་ཤོར། ཇག་པ་གཅིག་གིས་ངའི་གྲོགས་པོའི་མགྲིན་པ་གྲི་ཆུང་གིས་གཅོད་གྲབས་བྱེད་སྐབས། ངས་ཁོ་ལ་དབྱུག་པ་གཞུས་ཏེ་བཀག་མོད། འོན་ཀྱང་ཇག་པ་གཞན་ཞིག་གིས་ང་ལ་མེ་མདའ་བརྒྱབ་བྱུང༌། སྟབས་ལེགས་པ་ཞིག་ལ་གོས་ཀྱི་འོག་ཏུ་བཏགས་པའི་མཚོན་སྲུང་གའུ་ཡིས་བཀག་སྟེ་ང་ལ་མདེའུ་དེ་མ་ཟུག་ཀྱང༌། དེ་རྗེས་འཁྲུག་འཛིང་བྱེད་སྐབས་ཇག་པའི་ཁྲག་ཕྲན་བུ་ངའི་ལག་པར་བགོས་བྱུང༌། མ་གཞི་ངས་རྩ་ཆེའི་རྟེན་རྫས་མང་པོ་བླུགས་པའི་མཚོན་སྲུང་གའུ་བཏགས་ཡོད་ཀྱང༌། ལག་པར་ཁྲག་བགོས་ཟིན་པར་བརྟེན། དེ་ནི་རང་ཉིད་ལ་རྨས་སྐྱོན་ཡོང་རྒྱུའི་མངོན་རྟགས་སུ་མངོན། དེ་ནས་ང་མདེའུ་ཡིས་རྨས་ཏེ་གྱེལ་ནས་རི་གཤམ་དུ་རྦབ་ལ་འགྲིལ་བཞིན་པའི་སྐབས། ཇག་པ་གཅིག་གིས་ང་ལ་རྡོ་ཆེན་པོ་ཞིག་གིས་གཞུས་བྱུང༌། དེ་རྗེས་ཁོང་ཚོ་བྲོས་ཕྱིན་འདུག །ང་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཁྲག་མར་པོ་ཐོན་པར་བརྟེན་ལམ་གྲོགས་ཀྱིས་ཉེ་འགྲམ་གྱི་མི་ཚང་ཞིག་ནང་ངལ་གསོ་བར་འཁྲིད་བྱུང༌། ངའི་གཞོགས་གཡོན་ངོས་ལ་རྨ་ཧ་ཅང་གཏིང་ཟབ་མོ་བཟོས་འདུག་ལ། ལུས་ལ་ཕོག་པའི་མདེའུ་ཟླ་བ་ཁ་ཤས་རིང་ཕྱིར་འདོན་མ་ཐུབ་པར་བརྟེན་ན་ཟུག་ཆེན་པོ་གཏོང་གི་འདུག །ཕྱིས་སུ་ངས་ཤེས་པར། དོན་དངོས་སུ་ཇག་ཚོགས་དེའི་ནང་ཇག་པ་དྲུག་ཅུ་ཡོད་འདུག་པ་དེས། ས་ཁུལ་དེ་ཆ་ཚང་ལ་དཀའ་ངལ་ཆེན་པོ་བཟོས་འདུག །ངེད་གཉིས་མི་ཚང་དེ་ནས་ཐོན་ཡོང་སྐབས། སྐད་སྒྲ་མང་པོ་ཐོས་པས་དེ་ནི་ཇག་པ་ཡིན་ཤག་བྱས་པ་ཡིན། དེ་ནས་མི་རིང་བར་ངེད་གཉིས་ཀྱིས་མེ་མདའི་སྒྲ་ཐོས་པས་རྡོ་ཆེན་པོ་ཞིག་གི་རྒྱབ་ཏུ་ཡིབ་པ་ཡིན། དུས་ཡུན་ཏོག་ཙམ་སོང་རྗེས་འགྲུལ་བཞུད་པ་ལྔ་སླེབས་པས་ང་ཚོ་ཚང་མ་མཉམ་དུ་ཐོན་ཡོང་བ་ཡིན། འགྲུལ་པ་ཁ་ཤས་ལ་མེ་མདའ་འཁྱེར་རྒྱུ་འདུག་པ་དེ་དག་བརྒྱབ་ཆོག་ཆོག་རེད། འོན་ཀྱང་ང་ཚོར་ཇག་པ་གཅིག་ཀྱང་མ་ཐུག་པར་ས་དེ་ནས་ཁ་བྲལ་ཐུབ་པ་བྱུང༌། དུས་ཡུན་གང་ཙམ་རྗེས། ང་ཕག་རིར་བཞུགས་པའི་སྒོམ་ཆེན་སྙན་གྲགས་ཅན་བྱ་བྲལ་སངས་རྒྱས་རྡོ་རྗེ་མཇལ་བར་བཅར་ཏེ། རང་ཉིད་རྒྱ་གར་དུ་གནས་བསྐོར་ཞིག་ལ་བསྐྱོད་ན་ལེགས་མིན་ཐུགས་བརྟག་ཞུས་པར། ཁོང་གིས་ཁྱེད་རང་གིས་འདུ་འགྲོ་༼Dudro༽དགོན་པར་འགོ་འཛུགས་ཟིན་པའི་བསྙེན་མཚམས་ཀྱི་མཇུག་བསྐྱལ་དགོས་པ་ལས། རྒྱ་གར་ལ་འགྲོ་རྒྱུའི་བསམ་ཚུལ་དེ་ད་ལྟ་ཡག་པོ་བབས་ཀྱི་མི་འདུག་ཅེས་གསུངས་བྱུང་བར་བརྟེན། ངས་དེར་ལོ་གསུམ་བསྡད་པ་ཡིན། དེ་ནས་ཡང་བསྐྱར་ཁོང་མཇལ་བར་སོང་ནས། ང་ལ་རྨི་ལམ་ངན་པ་མང་པོ་རྨིས་པར་མ་ཟད། སེམས་པ་ཚ་གི་ཚིག་གེར་གྱུར་ཏེ་ཧ་ལམ་གནས་ཚུལ་ཞིག་ཡོང་རྒྱུ་ཡིན་པའི་ཚོར་སྣང་ཡོང་གི་འདུག །ཅེས་ཞུས་པ་ཡིན། ཁོང་གིས། ས་ཁུལ་དེར་རྒྱ་མི་སླེབས་ཚར་བར་བརྟེན། གལ་ཏེ་ཁྱེད་རང་བོད་ནས་འགྲོ་རྩིས་ཡོད་ན་རྒྱ་གར་ལས་བལ་ཡུལ་ལ་བསྐྱོད་དགོས་གསུངས། ས་ཁུལ་དེའི་མི་ཁ་ཤས་ཀྱིས་ང་དེ་ནས་ཐོན་འགྲོ་རྒྱུའི་བསམ་བློ་གཏོང་བ་ཤེས་པར་བརྟེན། མི་མངགས་ཏེ་ང་ལ་མུ་མཐུད་དེ་སྡོད་རོགས་བརྗོད་བྱུང༌། ངས་ཀྱང་སྡོད་རྒྱུའི་ཁས་ལེན་བྱས་པ་ཡིན། དགོན་པའི་དབུ་འཛིན་བླ་མ་གསུང་སྤྲུལ་པདྨ་འོད་གསལ་ཕྱི་ལ་ཕེབས་པའི་སྐབས་ཤིག །ལས་བྱེད་པ་གཉིས་དང་སྐད་སྒྱུར་གཅིག་ཐེ་བའི་རྒྱ་ནག་གི་དམག་སྲིད་མི་སྣ་ཉི་ཤུ་རྩ་ལྔ་ཡོང་སྟེ་ང་ལ་དྲི་བ་དྲིས་བྱུང༌། ཁོང་ཚོས་ང་དགོན་པ་འདིའི་མཁན་པོ་ཡིན་པའི་སྐོར་གོ་ཐོས་བྱུང་བར་བརྟེན། དགོན་པ་བདག་སྐྱོང་ཇི་ལྟར་བྱེད་པ་དང༌། དགོན་པར་ར་ལུག་ཇི་ཙམ་ཡོད་མེད་ཤེས་འདོད་ཡོད་ཚུལ་བརྗོད་བྱུང༌། ཁོང་ཚོར་གནས་ཚུལ་ཚང་མ་གསལ་པོ་འཁོད་པའི་ཐོ་གཞུང་ཞིག་དགོས་ཀྱི་ཡོད་འདུག །ངས་ཁོང་ཚོར་རང་ཉིད་དེར་གནས་སྐོར་དུ་ཡོང་བའི་རྣལ་འབྱོར་བ་ཞིག་ཡིན་པ་དང༌། དགོན་པའི་དབུ་འཛིན་ཕྱོགས་ཕེབས་གནང་བའི་སྐོར་བརྗོད་ཐོག །ང་རང་དེར་གནས་སྐབས་ཙམ་ལས་གཏན་སྡོད་བྱེད་ཀྱི་མེད་སྟབས། དགོན་པར་དངུལ་ག་ཚོད་ཡོད་པ་དང༌། རྒྱུ་དངོས་ཅི་ཡོད་པ། ར་ལུག་ཇི་ཙམ་ཡོད་མེད་ཤེས་རྟོགས་མེད་ཅེས་བརྗོད་པ་ཡིན། རྒྱ་མིས་ང་ལ། རོགས་རམ་མམ་དངུལ་དགོས་གལ་ཡོད་མེད་དྲིས་ཐོག །གལ་ཏེ་ཁྱེད་རང་ལ་འཚོ་བའི་རོགས་དངུལ་དགོས་ན། ང་ཚོས་དགའ་པོའི་ཐོག་ནས་རོགས་རམ་ཞུས་ཆོག་ཅེས་བཤད་བྱུང༌། ངས་ཡང་བསྐྱར་རང་ཉིད་མཁན་པོ་མིན་སྐོར་བསྐྱར་བརྗོད་བྱས་ཐོག །མཁན་རིན་པོ་ཆེ་དེ་ནི་ད་བར་སྐུ་སྐྱེ་ཐེངས་བདུན་བྱོན་པ་རེད། སྐུ་སྐྱེ་དེ་དག་ཚང་མ་དགོན་པ་འདིར་བཞུགས་པ་ལས། འདིར་དཀའ་ངལ་ཡོད་ཚུལ་ངས་ཤེས་རྟོགས་གང་ཡང་མེད་ཚུལ་གསལ་བརྗོད་བྱས་པ་ཡིན། དེ་བཞིན་ངས། ཁོང་ཚོའི་ངོས་ནས་དངུལ་འགྱེད་གནང་བ་ནི་བཟང་པོ་རེད་སྙམ་རུང༌། དོན་དེ་བོད་གཞུང་དང་ྋགོང་ས་ཏཱ་ལའི་བླ་མར་ཞུས་ན་ཡག་གི་རེད། དགོན་པར་བོད་གཞུང་གི་བཀའ་འཁྲོལ་མེད་ན་ཕྱིའི་རོགས་རམ་བླངས་མི་ཆོག་པར་བརྟེན། སྲིད་བྱུས་འདིར་བརྩི་དགོས་ངེས་ཤིག་ཡིན་སྐོར་བཤད་པ་ཡིན། རྒྱ་མི་ཐོན་སྐབས། ཁོང་ཚོས་ང་ཚོར་རྒྱ་དངུལ་རྡ་ཡང་བཅོ་ལྔ་དང་བསྟན་ཞིམ་ཐུམ་སྒྲིལ་གཅིག་སྤྲད་པར་མ་ཟད། ང་ལ་ཁ་བཏགས་གཅིག་སྤྲད་བྱུང་བ་ལྟར་ངས་ཀྱང་ཁོང་ཚོར་ཁ་བཏགས་གཅིག་དང་སྐད་སྒྱུར་ལ་ཁ་བཏགས་གཅིག་སྤྲད་པ་ཡིན། ངས་བསྐྱར་དུ་ཁོང་ཚོའི་ངོས་ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་སྙན་གསན་མ་ཞུས་དབར་ང་ཚོས་ཁོང་ཚོའི་རོགས་རམ་དང་ལེན་བྱས་ན་མི་འགྲིག་པའི་སྐོར་བཤད། གཟའ་འཁོར་གཅིག་གི་རྗེས་རྒྱ་མི་དེ་ཚོ་ཡང་བསྐྱར་སླེབས་བྱུང༌། ད་ཐེངས་མི་སྔར་ལས་མང་བ་སྟེ་ཁྱོན་བསྡོམས་མི་ལྔ་བཅུ་ཡོད་པར་མ་ཟད་ཚང་མར་མེ་མདའ་འདུག ཁོང་ཚོས། ངའི་ངོས་ནས་ྋགོང་ས་ཏཱ་ལའི་བླ་མར་ཞུ་འཕྲིན་ཕུལ་ཡོད་མེད་དྲིས་པར། ངས་ཕུལ་མེད། གང་ཡིན་ཟེར་ན་དགོན་པའི་མཁན་པོ་བཞུགས་མེད་སྟབས་ང་ལ་ཞུ་འཕྲིན་འབྲི་འབུལ་བྱ་རྒྱུའི་དབང་ཆ་མེད་ཅེས་བརྗོད་པ་ཡིན། ཁོང་ཚོས་ང་ལ་དགོན་པའི་ནང་གི་སྐུ་འདྲ་གསར་རྙིང་ཆ་ཚང་དང༌། དངུལ་ཇི་ཙམ་ཡོད་པ། ཅ་དངོས་གཞན་དག་ཇི་ཡོད་བཅས་དགོན་པའི་ནང་གང་ཡོད་པའི་ཐོ་གཞུང་དགོས་པའི་སྐོར་བརྗོད་བྱུང༌། ངས་ཡང་བསྐྱར་ང་ལ་འདི་འདྲའི་ཐོ་གཞུང་མེད། འོན་ཀྱང་ངས་རང་ཉིད་ལ་དངོས་པོ་ཇི་ཡོད་ཀྱི་ཐོ་སྤྲད་ཆོག་བརྗོད་པ་ཡིན། ཁོང་ཚོས་དེ་འདྲ་བྱུང་ན་འགྲིག་གི་རེད་ཅེས་ཟེར། ངས་རང་ལ་ཡོད་པའི་ཅ་དངོས་ཁག་གི་ཐོ་བྲིས་པ་སྟེ། ར་ལྤགས་གཅིག་དང༌། དཔེ་ཆས་གང་བའི་སྨྱུག་མའི་ཁུར་སྒ་གཅིག །རྐང་གླིང་གཅིག །ཌ་མ་རུ་གཅིག །གཅོད་ཀྱི་རྔ་གཅིག ཁ་ཀྲམ་ཏེ་ལྕགས་ལས་གྲུབ་པའི་དངོས་པོ་རྩེ་གསུམ་པ་ཞིག་དང༌། ད་དུང་ཕྲེང་བ་གཅིག་བཅས་ཡོད་ཅེས་བྲིས་པ་ཡིན། ངའི་ལན་དེར་ཁོང་ཚོ་དགའ་པོ་མ་བྱུང་བར། ཁྱེད་རང་གིས་གནས་ཚུལ་དྲང་པོ་འབུལ་གྱི་མི་འདུག་ཟེར། ངས་ཡང་བསྐྱར་དགོན་པར་རྒྱུ་དངོས་ཇི་ཡོད་ཤེས་ཀྱི་མེད་ལུགས་བསྐྱར་ཟློས་བྱས་པ་ཡིན། ཁོང་ཚོས་ཐེངས་རྗེས་མར་ངེས་པར་ཐོ་གཞུང་དེ་སྤྲོད་དགོས་པར་མ་ཟད། ཐོ་གཞུང་དེ་འཁྱེར་ཏེ་དམིགས་བསལ་ཚོགས་འདུ་ཞིག་ལ་ཡོང་དགོས། དེ་མིན་ཉེས་ཆད་དྲག་པོ་གཅོད་ངེས་ཡིན་ཟེར། དེ་ནུབ་ཁོང་ཚོ་སོང་རྗེས་ང་རང་བདེ་པོ་མ་བྱུང༌། ང་ལ་ན་ཟུག་ཆེན་པོ་བཏང་སྟེ་ཁ་འདོན་དགེ་སྦྱོར་བྱེད་མ་ཐུབ། ང་ལ་ཉམས་སྣང་ཞིག་ཤར་བའི་ནང༌། གྲྭ་པ་དང་འདྲ་ཡང་གྲྭ་པ་དང་རྦད་དེ་འདྲ་བ་མ་ཡིན་པ། གོས་དམར་པོ་གྱོན་པ་ཞིག་ཤར་བྱུང༌། དེ་ནི་འཁྲུལ་སྣང་གི་རིགས་ཤིག་རེད། ཁོ་སྒོའི་འགྲམ་ལ་ལངས་ཏེ། ང་ལ་ཞེད་སྣང་སློང་ཐབས་བྱེད་ཀྱི་འདུག ཁོ་ལ་འུར་རྡོ་ཞིག་འདུག་པ་དེས་ང་ལ་གཞུ་རྩིས་བྱེད་ཀྱི་འདུག་པར་བརྟེན། ངས་སྨོན་ལམ་དང་གཟུངས་སྔགས་འགའ་ཞིག་བཏོན་རྗེས་ཁོའི་གདོང་ལ་འབྲུ་རྡོག་ཁ་ཤས་གཏོར་བས་དེ་ནས་མི་དེ་ཡལ་སོང༌། འོན་ཀྱང་ང་རང་མུ་མཐུད་དེ་ནད་ཀྱིས་མནར་ཞིང་ཉིན་གསུམ་གྱི་རྗེས་ནད་གཞི་དྲག་སྐྱེད་ཡོང་བའི་ཆེད་དུ་དྷརྨ་པ་ལ་༼Dharmapalas༽མཆོད་འབུལ་བྱས་ཏེ་དམིགས་བསལ་གྱི་ཆོ་ག་ཞིག་བཏོན་པ་ཡིན། དེ་ནས་ངས་ཡུལ་གྱི་སྲུང་མར། དགྲ་བོ་རྒྱ་མིར་རྨུག་རྒྱུའི་ཚབ་ཏུ། རང་གི་རིགས་རྒྱུད་རྨུག་མཁན་གྱི་ཁྱི་ཞེས་གཤེ་གཤེ་བཏང་བར་མ་ཟད། རང་གི་གཟན་ཕུད་དེ་ཡུལ་གྱི་སྲུང་མའི་སྐུ་བརྙན་ལ་གཞུས་པས། མཁན་པོར་འཇིགས་སྣང་བྱུང་འདུག་ནའང༌། དེ་ནུབ་ང་རང་གཉིད་སྐྱིད་པོ་ཁུག་བྱུང༌། གཟའ་འཁོར་གཅིག་གི་རྗེས་བླ་མ་གསུང་སྤྲུལ་པདྨ་འོད་གསལ་གྱིས། མི་ཚོགས་མང་པོའི་དབུས་སུ་སྲུང་མའི་སྐུ་རྟེན་ལས་ལུང་བསྟན་ཞུ་སྐབས། སྐུ་རྟེན་ལ་ལྷ་ཕེབས་ཏེ་ཁོང་སྐུ་ཁམས་བདེ་པོ་མེད་པའི་སྐོར་སྙན་གསན་ཞུས། དེ་ཡང་སྐུ་ཁོག་ཏུ་བརླམ་པའི་རིང་ཁོང་ལ་ན་ཟུག་དང༌། ཟ་ཕྲུག །མེས་འཚིག་པ་ལྟ་བུའི་ཚོར་སྣང་བྱུང་འདུག །མི་ཚང་མས་དེ་འཕྲལ་ཁོང་ལ་གསོལ་མཆོད་དང་སྦྲགས་ནོངས་སྐྱོན་གང་བྱུང་ལ་མཐོལ་གཤགས་ཀྱིས་བཟོད་གསོལ་ཞུས་སོང༌། འོན་ཀྱང་སྐུ་རྟེན་ནི་ངའི་འགྲམ་དུ་ཡོང་ནས་ཁ་བཏགས་ཤིག་སྤྲད་དེ་(ཕྲན་གྱིས་དགོངས་དག་ཞུ་རྒྱུ་ཡིན། ངས་ཁྱེད་རང་སྔགས་པ་རྟོགས་པ་མཐོ་པོ་དེ་འདྲར་སླེབས་པ་ཞིག་ཡིན་པ་ཤེས་མ་བྱུང༌། ཁྱེད་ཀྱིས་ཉིན་དེར་ང་ལ་གཞུ་སྐབས། ཁྱེད་ཀྱི་གནམ་ལྕགས་ཀྱི་ཐོག་མདའ་དེ་ངའི་ཤེས་རབ་ཀྱི་མེ་ལོང་ལ་ཕོག་པས། ཏོག་ཙམ་མ་གཏོགས་སྙིང་ཚལ་བ་དུ་མར་བཏང་སོང་)ཟེར། ངས་རྒྱ་མིའི་ལག་ནས་ཁ་བཏགས་བླངས་པར་མཁན་པོ་ཁོང་ཁྲོ་ཧ་ཅང་ཆེན་པོ་ལངས་འདུག །གང་ཡིན་ཟེར་ན་ཁོང་ཚོ་དམར་ཤོག་པ་ཡིན་པ་དང་ཆོས་དད་མེད་པས་རེད། ངས་མཁན་པོར་རང་ཉིད་ཀྱི་སྤྱོད་ཚུལ་ལ་སེམས་གཏིང་ནས་འགྱོད་སེམས་ཧ་ཅང་ཆེན་པོ་སྐྱེས་ཚུལ་ཞུས་ཐོག ཁོང་གི་མདུན་དུ་མཐོལ་བཤགས་ཞུས་པ་ཡིན། དེ་ནས་ཁོང་གིས་ང་ལ་རྐྱེན་སེལ་གནང་བྱུང༌། ངའི་བསམ་པར་རང་ལ་ན་ཚ་བྱུང་བ་དེ་ནི་ངས་ནོར་འཁྲུལ་གྱི་ཐོག་ནས་རྒྱ་མིའི་ལག་ནས་དངུལ་བླངས་པས་རེད་སྙམ་ལ། ཡུལ་ལྷའི་ཉམས་སྣང་ཤར་དོན་ཡང་དེ་རེད་སྙམ། རྐྱེན་སེལ་གྱི་ཆོ་ག་ཚར་རྗེས་ང་ལ་ཕྲན་བུའི་བདེ་སྣང་བྱུང༌། དེའི་རྗེས་ནས་མཁན་པོ་དང་མི་མང་གིས་ང་ལ་གུས་བརྩི་ཧ་ཅང་ཆེན་པོ་བྱས་བྱུང་ལ་འབུལ་བ་མང་པོ་ཕུལ་བྱུང༌། ས་ཁུལ་དེར་རྒྱ་ནག་གི་ཤུགས་རྐྱེན་ནི་ཆེན་པོ་འདུག ཁོང་ཚོས་མི་ཚོར་དངུལ་སྤྲད་དེ་བརྟག་ཞིབ་ཀྱིས་ངས་ག་རེ་བྱེད་པ་དང༌། གང་དུ་སོང་མིན་བརྡ་ལན་བྱེད་དགོས་མངགས་འདུག །བྱེད་སྟངས་འདི་ནི་ཁོང་ཚོས་བླ་མ་གཞན་དང་གནད་ཡོད་མི་སྣ་གཞན་ཚོར་ཡང་བྱེད་བཞིན་པ་རེད། དེར་བརྟེན་ང་རང་ཡུལ་ཕྱོགས་གཞན་ལ་བསྐྱོད་འདོད་བྱུང༌། ང་གནས་ཡུལ་དེར་གཡག་མང་པོ་ཡོད་པའི་འབྲོག་པ་མང་པོ་ཡོད། ངས་འབྲོག་པ་ཚོར་གནས་ཚུལ་ག་རེ་འབྱུང་གིན་ཡོད་མེད་བརྗོད་པར། ཁོང་ཚོས་སེམས་ཁྲལ་བྱ་མི་དགོས། ང་ཁོང་ཚོའི་ས་གནས་སུ་ཆོ་ག་བྱེད་པར་ཕྱིན་སོང་ཞེས་ཚང་མར་བརྗོད་ཆོག་ཟེར། ང་ས་དེ་ནས་ཐར་ཐུབ་དོན་དེ་རེད། བླ་མ་ཆེ་གྲས་མང་པོ་རྒྱ་མིས་འཛིན་བཟུང་བྱས་ཚར་བ་དང༌། མང་པོ་ཞིག་ལ་སྡུག་སྦྱོང་མནར་གཅོད་དང༌། ཐ་ན་ཁ་ཤས་བཀྲོངས་ན་ཡང་བླ་མ་མང་པོ་ཐོན་ཡོང་རྩིས་མི་འདུག །ངས་རི་བོའི་ངོས་གཞན་དེར་བསྐྱོད་ནས་འབྲོག་པ་ཚོའི་ཆེད་དུ་ཆོ་ག་ཞིག་བཏོན་རྗེས་རང་གི་དཔེ་ཆ་དང་ཆོས་ཆས་ཁོ་ན་མ་གཏོགས་གཞན་མ་འཁྱེར་བར་དྲེལ་ཞིག་ལ་བཞོན་ཏེ་ཡུལ་བྱོལ་ལ་ཡོང་བ་ཡིན། ང་བོད་བཞག་ནས་ཡོང་རྒྱུར་དཀའ་ངལ་དེ་ཙམ་མང་པོ་འཕྲད་མ་བྱུང༌། ང་ལ་དངུལ་ཕྲན་བུ་ཡོད་ཐོག་སྐབས་དེར་བོད་མི་མང་པོ་བཙན་བྱོལ་དུ་བསྐྱོད་བཞིན་པ་རེད། མ་གཞི་བླ་མ་མང་པོ་འཛིན་བཟུང་བྱས་ཀྱང་ང་ལ་ལམ་འགྲོ་བྱུང་བ་རེད། དེ་དུས་ཕྱི་ལོ་ ༡༩༥༧ རེད། ང་འབྲས་ལྗོངས་བརྒྱུད་དེ་བལ་ཡུལ་དང་རྒྱ་གར་གྱི་གནས་ཆེན་ཚང་མ་དང་ནང་པའི་ལྷ་ཁང་ཡོངས་ལ་གནས་མཇལ་ལ་བསྐྱོད་པ་ཡིན། དེ་ནས་ལྡི་ལི་དང་པན་ཇབ་ལ་ཡང་བསྐྱོད་པ་ཡིན། གནས་སྐོར་ཚར་རྗེས་རྡོ་རྗེ་གླིང་དང་འབྲས་ལྗོངས་ལ་བསྐྱོད། འབྲས་ལྗོངས་ནང་གི་སྒང་ཏོག་ཏུ་ཡོད་སྐབས། ངའི་རྨི་ལམ་དུ་མཁའ་འགྲོ་མ་ཞིག་རྨིས་ཏེ་གནས་རི་ཞིག་ཏུ་སོང་ཟེར། ཁོང་གིས་མདུན་དུ་མཚོ་ཆེན་པོ་ཡོད་པའི་རི་ཞིག་དང༌། དགོན་པ་ཞིག་ཡོད་པའི་ནང་ང་རང་ཡོད་པ་ཞིག་བསྟན་བྱུང༌། སང་ཉིན་དེར་ངས་མི་ཚོར་ས་ཆ་དེ་འདྲ་ཞིག་ཆ་རྒྱུས་ཡོད་མེད་དྲི་སྐབས། ཁོང་ཚོས་དེ་ནི་བོད་ཀྱི་ནུབ་རྒྱུད་དུ་ཡོད་པའི་གངས་དཀར་ཏི་སེ་དང་མཚོ་མ་ཕམ་རེད་ཅེས་གསལ་སྟོན་བྱས་བྱུང༌། ང་རང་དེར་འགྲོ་འདོད་བྱུང༌། དངུལ་ལྡང་ངེས་མེད་ཀྱང་ནམ་རྒྱུན་རྟག་པར་མཁའ་འགྲོ་མས་རང་ལ་ལུང་བསྟན་གནང་གི་ཡོད་སྟབས། ངས་དེར་ངེས་པར་བརྩི་དགོས། དེར་བརྟེན་རང་གི་གྱོན་ཆས་རིན་གོང་ཤིན་ཏུ་ཆེ་བ་ཞིག་དང༌། མཆོད་ཆས་ཁ་ཤས་ཀྱི་མཛེས་རྒྱན་ཡིན་པའི་གཡུ་དང་བྱུ་རུ་ཁ་ཤས་བཅས་བཙོང་ཐུབ་པ་ཚང་མ་བཙོང་པ་ཡིན། འགྲུལ་བཞུད་དེ་ནི་དཀའ་ཚེགས་ཤིན་ཏུ་ཆེ་ལ་ལམ་ཐག་རིང་བ་ཞིག་རེད། དེ་བཞིན་ཕྱི་ལོ་ ༡༩༥༨ ལོའི་ལོ་མཇུག་ཏུ་བོད་ནི་རྒྱ་ནག་གིས་རྦད་དེ་བཙན་བཟུང་བྱས་ཚར་བ་རེད། ཁོང་ཚོས་ང་ལ་དོ་སྣང་བྱུང་མ་སོང༌། གང་ཡིན་ཟེར་ན་ངས་གོས་སྐྱོ་པོ་གྱོན་ཡོད་སྟབས་སྤྲང་པོ་ནང་བཞིན་སྐྱོ་མདོག་ཁ་པོར་མཐོང་གི་ཡོད། གནས་རི་རྩ་ཆེན་གངས་དཀར་ཏི་སེར་སླེབས་རྗེས་མི་རིང་བར། ངས་དགོན་པ་ཞིག་གི་ནང་མཚམས་བསྡམས་ཏེ་སྒོམ་སྒྲུབ་ཟླ་བ་གཉིས་རིང་བྱས་པ་ཡིན།




ལེའུ་དྲུག་པ། རྒྱ་གར་ནང་གི་འཚོ་བ།
༄༅།། ཕྱི་ལོ་ ༡༩༥༩ ལོར་ང་འབྲུག་ཡུལ་བརྒྱུད་ནས་རྒྱ་གར་ལ་བསྐྱར་བསྐྱོད་ཀྱིས་རྡོ་རྗེ་གླིང་ལ་བཅའ་སྡོད་བྱས་པ་ཡིན། དེར་སླེབས་སྐབས་ང་ལ་ལག་དངུལ་གཏན་ནས་མེད་ལ། དེ་སྔོན་འབྲས་ལྗོངས་ནས་བོད་དུ་བསྐྱོད་སྐབས་ངའི་ལག་འཁྱེར་འཕྲོག་པས་ད་ལྟ་ལག་འཁྱེར་ཡང་མེད། དེ་ནས་ངས་དངུལ་གཡར་ཞིང་ལག་འཁྱེར་གསར་པ་ཞིག་ཀྱང་ཐོབ་ཐུབ་པ་བྱུང་བར་མ་ཟད། རིམ་པས་ཆར་ཟློག་གི་ཞབས་རིམ་བསྒྲུབ་འདོད་ཡོད་པའི་ཁྱིམ་ཚང་མང་པོ་ཞིག་ཀྱང་འཕྲད་བྱུང༌། དུས་སྐབས་དེར་ང་གཉེན་སྒྲིག་བྱས་ཏེ་ཕྱི་ལོ་ ༡༩༦༢ ལོར་བུ་ཀརྨ་བསོད་ནམས་དང་ ༡༩༦༦ ལོར་བུ་ཀརྨ་ནོར་བུ་བཅས་ཕྲུ་གུ་གཉིས་བྱུང༌། ང་རང་སྔོན་མ་གཉེན་སྒྲིག་གིས་ཕྱི་ལོ་ ༡༩༥༡ ལོར་བུ་ཀརྨ་ཡེ་ཤེས་ཟེར་བ་ཞིག་བཙས། རང་ལོ་ཉེར་ལྔ་སོན་སྐབས་རྒྱ་མིའི་བཙན་འཛུལ་གྱི་འབྲས་བུར་ང་དང་ངའི་བཟའ་ཟླ་གཉིས་ཁ་བྲལ། དེ་ཡང་རྒྱ་མི་ཡོང་སྐབས་ང་ཁོང་ཚོ་དང་ཐག་རིང་བའི་གནས་ཤིག་ཏུ་གནས་བསྐོར་བྱེད་བཞིན་ཡོད་པས་ང་ཚོ་མཉམ་དུ་བཙན་བྱོལ་ལ་ཡོང་ཐུབ་མེད། ངས་རྡོ་རྗེ་གླིང་དུ་ལོ་ངོ་དགུའི་རིང་ཆར་པ་དང་སེར་བ་འབེབས་ཟློག་བྱས་ཏེ་བསྡད་པ་ཡིན། དེ་ཡང་ང་རང་གནམ་གཤིས་ལ་ཁ་ལོ་སྒྱུར་མཁན་ཞིག་ཡིན་པ་དང་རྡོ་རྗེ་གླིང་ས་ཁུལ་ནི་ཆར་པ་དང་སེར་དྲག་སྡང་བའི་ཡུལ་ཞིག་ཡིན་པར་ཡོངས་སུ་གྲགས་པར་བརྟེན། སྐྱེ་བོ་ཁ་ཤས་ཀྱིས་ང་ལ་སེར་བ་ཟློག་དགོས་པའི་རེ་བ་བཏོན་བྱུང༌། ངས་ལོ་གསུམ་རིང་དེ་བཞིན་བྱ་རྒྱུར་ཁས་བླངས་པ་ལྟར། ལོ་གསུམ་རིང་ཧ་ཅང་ལེགས་སྒྲུབ་བྱུང་བས་བསྐྱར་དུ་ལོ་གསུམ་རིང་སེར་བ་ཟློག་དགོས་པའི་རེ་བ་བཏོན་བྱུང༌། དེ་རྗེས་ཡང་བསྐྱར་ལོ་གསུམ་རིང་དེ་བཞིན་བྱེད་རྒྱུའི་རེ་བ་བཏོན་བྱུང༌། ང་རང་དངོས་གནས་ལོ་དགུའི་རིང་སྡོད་འདོད་མེད་ན་ཡང་དེ་བཞིན་བྱ་རྒྱུར་ཁས་བླངས་པ་ཡིན། དུས་དེར་སེར་བ་ཧ་ཅང་ཆེ་བས་ལྗིད་ཚད་ཀི་ལོ་གཅིག་གི་བཞི་ཆ་གཅིག་ཙམ་ཡོད།(ཨཽན་སི་བཅུ་ཙམ།)[ཨཽན་སི་གཅིག་ནི་རྒྱ་མ་གཅིག་གི་བཅུ་དྲུག་གི་ཆ་ཡིན། སྒྱུར་མཁན་གྱིས།] ས་འདི་ནི་རྟ་རྒྱུག་འགྲན་ས་གྲགས་ཆེན་པོ་ཞིག་ཀྱང་ཡིན་པས། སྐབས་རེ་རྟ་རྒྱུག་འགྲན་སྐབས་སེར་བ་འབབ་ཤུགས་ཆེ་བས་རྟ་བསད་པ་ཡང་ཡོང་གི་ཡོད། ངས་སེར་བ་བཟློག་ནས་ལོ་བདུན་ཙམ་འགྲོ་སྐབས་སྐད་གྲགས་ཆེན་པོ་ཆགས། དེར་བརྟེན་རྡོ་རྗེ་གླིང་གི་ས་གནས་ཡུལ་མི་བྷོ་ཊི་ཡ་རྣམས་རང་གིས་བསྒྲུབ་དགོས་པ་དེ་བོད་པའི་བླ་མ་ཞིག་གིས་བསྒྲུབས་པར་མ་འདོད་པ་བྱུང༌། ཁོང་ཚོས་ཕྱི་མི་ཞིག་གིས་ཁོང་ཚོའི་ཆེད་དུ་ཆར་པ་དང་སེར་བ་འབེབས་ཟློག་བྱེད་པར་མི་དགའ་ཞེ་འཛིན་བྱེད་ཀྱི་ཡོད། ཁོང་ཚོས་རང་ཉིད་ཀྱིས་ཀྱང་བྱ་བ་འདི་བསྒྲུབས་ཐུབ་ཀྱི་ཡོད་པ་སྟོན་འདོད་ཡོད་པར་མ་ཟད། ཕྱི་མི་ཡིན་པའི་བླ་མ་འདིའི་རོགས་རོགས་རམ་མེད་ན་ཡང་བྱ་བ་འདི་ང་ཚོས་བསྒྲུབ་ཐུབ་པ་འདུག་ཅེས་དངོས་སུ་རྗོད་མཁན་ཡང་ཡོད། དེ་ཡང་དེ་ཁུལ་དུ་ནང་པ་མིན་པའི་ས་གནས་ཀྱི་མཆོད་གནས་ཤིག་གིས་སེར་བ་འབེབས་པའི་ཆོ་ག་ལག་ལེན་དུ་བསྟར། ཐེངས་ཤིག་ཁོ་པས་རིམ་གྲོ་ཡ་མ་ཟུང་ཞིག་བསྒྲུབ་པ་ངས་དྲན་སོས་ཀྱི་འདུག་པ་སྟེ། མཆོད་གནས་དེ་ལུས་ཕྱེད་དམར་ཧྲེང་དུ་ས་ལ་བསྡད་ཅིང༌། ཁོ་པའི་བཟའ་ཟླ་ཡང་ཧ་ལམ་དམར་ཧྲེང་དུ་སྐྲ་ལོ་གཞོགས་གཅིག་བཅིངས། སྐྲ་ལོ་གཞོགས་གཅིག་ལྷུག་མར་གློད། གཉིས་ཀའི་ངོ་གདོང་གཞོགས་གཅིག་ལ་ཚོན་དམར་པོ་བྱུགས་ཤིང་ངོས་གཞན་དེར་ནག་པོ་བྱུགས་འདུག བུད་མེད་དེས་ལག་ཏུ་དེ་ཕོ་ཞིག་དང་གྲི་ཆུང་ཞིག་བཟུང་སྟེ་རང་གི་ཁྱོ་གའི་གམ་དུ་བཅར་ཏེ་ཉེ་འཁོར་དུ་ཕར་འགྲོ་ཚུར་འགྲོ་བྱེད་རིང༌། མཆོད་གནས་དེས་ས་ཐོག་ཏུ་བསྡད་དེ་ལུས་པོ་ཕར་གཅུ་ཚུར་གཅུ་དང་གཡོ་འགུལ་བྱས་ཏེ་རིམ་གྲོ་མུ་མཐུད་དེ་བྱས། མཆོད་གནས་དེའི་མདུན་དུ་མེ་ཕུང་ཞིག་སྦར་ཡོད་པ་དང༌། ཧ་སྒྲ་ཧུ་སྒྲ་མང་པོ་ཞིག་བསྒྲགས་རྗེས་བུད་མེད་དེས་དེ་ཕོའི་སྐེ་བཅད་དེ་བསད་ཅིང༌། དེ་ནས་ཁྲག་ཕྲན་བུ་རང་ཉིད་ཀྱིས་བཏུང་ཐོག་མཆོད་གནས་ལའང་ཕྲན་བུ་དྲངས། འདི་ནི་ཁོང་གཉིས་ཀྱིས་སེར་བ་འབེབས་པའི་ཆོ་ག་ཇི་ལྟར་བྱས་ཚུལ་རེད། མི་ཀུན་གྱིས་སེར་དྲག་ཆེན་པོ་ཞིག་ཏན་ཏན་འབབ་ངེས་རེད་སྙམ་པ་ལྟར་ཁོང་གཉིས་ལ་ལམ་ལྷོང་ཆེན་པོ་བྱུང་སྟེ་གཟའ་འཁོར་གཅིག་ལྷག་སེར་དྲག་ཧ་ཅང་ཆེན་པོ་ཞིག་བབས་སོང༌། འདི་ནི་དུས་སྐབས་དེར་ངའི་གཟུགས་གཞི་སྐྱོ་རུ་སོང་བའི་རྒྱུ་མཚན་ཞིག་རེད་སྙམ། ཚང་མ་རློན་པ་རློན་རྐྱང་ཡིན་ལ་ང་རང་ཉམས་ཐག་ཐག་ཏུ་གནས། ད་ལྟ་ང་ལ་ཡོད་པའི་ན་ཚ་གཞི་ལྕི་པོ་འགའ་ཞིག་ནི་དུས་སྐབས་དེའི་གནམ་གཤིས་ཧ་ཅང་ངན་པ་དེས་རྐྱེན་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད། དུས་སྐབས་འདིའི་གཡས་གཡོན་ལ་ང་རང་སེམས་གཏན་ནས་སྐྱིད་པོ་མ་བྱུང༌། ཉིན་གཅིག་གློ་བུར་གྱི་ཞེ་སྡང་དང་བཅས་ངས་བྱ་བ་ཞིག་རྩོམ་རྒྱུའི་ཐག་བཅད། ངས་མཆོད་ཏིང་ཡར་བཏེགས་ཏེ་ལྷ་སྲུང་སྤྱན་དྲངས་ནས་མཆོད་གནས་དེའི་མིང་ནས་བོས་ནས་(ཁྱོད་ལ་འདི་དགོས་སམ། འདི་འཁྱེར་)ཞེས་མཆོད་ཏིང་དེ་མཆོད་གནས་ཀྱི་ཐོག་ཏུ་གཡུག་པའི་མོས་པ་བྱས། སྐད་ཅིག་མ་ཁ་ཤས་ཀྱི་མཇུག་ཏུ་ཡིད་སྐྱོ་དགོས་པ་ཞིག་ལ་འབྲུག་སྐད་གྲགས་ཤིང་སེར་བ་བབས། མཆོད་གནས་ཀྱི་ཁང་པའི་འགྲམ་དུ་སེར་བ་ཧ་ཅང་ཆེན་པོ་བབས། ཁོ་པའི་སྐྱེ་སྨན་སེར་དྲག་ཆེན་པོས་ཧང་སངས་ཤིང་ཧོན་འཐོར་བའི་དབང་གིས་ཆུ་ཚོད་ཁ་ཤས་དྲན་མེད་དུ་བརྒྱལ། དེ་དུས་སྐར་རྡོའི་དུམ་བུ་ཞིག་ལྷུང་ཡོང་བ་ལྟར་འབྲུག་སྒྲ་དང་གློག་འཁྱུག་ཤུགས་ཧ་ཅང་ཆེ། མི་གཞན་དག་གི་ཁང་པར་གང་ཡང་མ་བྱས་ནའང་མཆོད་གནས་ཀྱི་ཁང་པ་ཆུས་མནན་ཏེ་ཅ་དངོས་རྣམས་འཁྱེར་སོང༌། ཕྱི་ལོ་ ༡༩༦༠ རེ་གྲངས་ཀྱི་མཇུག་ཏུ་ངའི་བུ་གཉིས། འགོ་བྱིས་པ་ཆུང་ངུ་གཅེས་སྐྱོང་ནས་མཇུག་ན་གཞོན་གྱི་སློབ་སྦྱོང་བར་ཁྱབ་རྒྱ་ཆེ་བའི་སློབ་སྦྱོང་སྤྲོད་སའི་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་འཇུག་བྱེད་དགོས་སྟབས། ང་རང་དྷ་རམ་ས་ལར་སྤོས་ཏེ་ང་དང་བཟའ་ཟླ་གཉིས་ཁག་ཁག་བྱས། བུ་ཀརྨ་བསོད་ནམས་དང་ཀརྨ་ནོར་བུའི་མཉམ་དུ་ཁང་པ་ཆུང་ཆུང་ཞིག་གི་ནང་བཅའ་སྡོད་བྱས། དྷ་རམ་ས་ལར་ཆར་དུས་ཚུགས་སྐབས་གཞུང་འབྲེལ་གྱི་ཚོགས་འདུ་ཆེན་པོ་ཞིག་འཚོགས་ཤིང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཞིག་གིས་ང་ཆར་པ་འབེབས་ཟློག་དང་གནམ་གཤིས་ལ་ཁ་ལོ་སྒྱུར་མཁན་ཞིག་ཡིན་པ་གསན་ཐོས་བྱུང་བར་བརྟེན། ངའི་སར་ཕེབས་ཏེ་ཚོགས་འདུའི་རིང་ཆར་པ་འགོག་རོགས་ཞེས་གསུངས་བྱུང་བ་ལྟར་ངས་ཁས་ལེན་ཞུས། བོད་གཞུང་གི་མཐོ་རིམ་འགོ་འཁྲིད་ཀྱིས་ང་རང་ཉིན་བཅུ་ལྷག་འཚོགས་རྒྱུའི་ཚོགས་འདུའི་རིང་ཆར་པ་ཟློག་མཁན་དུ་གཞུང་འབྲེལ་བསྐོ་བཞག་གནང་དོན་བཞིན། དུས་ཡུན་དེའི་རིང་ཆར་པ་མ་བབས་པར་བརྟེན་མི་ཚང་མ་དགའ་པོ་བྱུང་སོང༌། དུས་ཡུན་དེའི་རིང་ཟློས་གར་སློབ་གྲྭར་ཡང་འཁྲབ་སྟོན་ཡོད་པར་བརྟེན་དེར་ཡང་གནམ་གཤིས་ལ་སྟངས་འཛིན་བྱེད་རོགས་ཞེས་གསུངས་བྱུང༌། ཚོགས་འདུ་གྲོལ་རྗེས་ཚོགས་འདུ་གོ་སྒྲིག་པ་ཚོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཟུར་མཇལ་བཀའ་དྲིན་ཆེ་དོན་ལྟར། ང་རང་ཡང་མཇལ་བཅར་བའི་ཁོངས་འབོད་འགུག་གནང་བྱུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ངེད་ཅག་ལ་ཚོགས་འདུ་ལེགས་གྲུབ་བྱུང་བར་ཐུགས་མཉེས་པོ་བྱུང་ལུགས་བཀའ་སྩལ་ཐོག །གུས་པར་ཕྱག་བརྡ་གནང་སྟེ་ཆར་པ་བཀག་པར་ཁོང་དམིགས་བསལ་གྱིས་མཉེས་པོ་བྱུང་བ་དང༌། གུས་པའི་ལས་ཀར་མགོན་པོ་གང་གིས་ཡི་རང་གནང་གི་ཡོད་ཅེས་བཀའ་གནང་བྱུང༌། དྷ་རམ་ས་ལར་སྡོད་རིང་ང་ཡང་བསྐྱར་གཉེན་སྒྲིག་བྱས་ཤིང༌། ཕལ་ཆེར་ལོ་གཉིས་ཀྱི་རྗེས་ལ་ངའི་བཟའ་ཟླ་ནད་ཀྱིས་མནར་བ་དང༌། གནས་སྐབས་གཅིག་རིང་ངའི་མིག་ཡ་གཅིག་གིས་མཐོང་མི་ཐུབ་པར་གྱུར། དེ་བཞིན་ངའི་ཨམ་ཆོག་ལ་གཉེན་ཁ་ཆགས་པར་བརྟེན། ཏཱ་ལའི་བླ་མ་མཆོག་གི་སྐུའི་གཅེན་མོའི་རོགས་རམ་འོག་ང་བོད་ཕྲུག་ཁྱིམ་སྡེའི་སྨན་ཁང་ནང་ཉར་བྱུང༌། ཁོང་རྣམ་པའི་བྱམས་སེམས་ཆེ་ན་ཡང༌། ངའི་མིག་དང་ཨམ་ཆོག་གི་ནད་གཞིར་གནང་རྒྱུ་གང་ཡང་མེད་པར་བརྟེན། ང་ཚོ་པན་འཇབ་ཀྱི་སྨན་ཁང་ལ་བཏང་སྟེ་བཤག་བཅོས་བྱས། ངའི་བཟའ་ཟླར་ཡང་སྨན་བཅོས་ཀྱི་གཟིགས་སྐྱོང་ཐོབ་པས་ང་ཚོ་གཟའ་འཁོར་གཉིས་ཙམ་དེར་བསྡད་པ་ཡིན། ང་ཚོ་དྷ་རམ་ས་ལར་ཕྱིར་ལོག་པ་དང་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ནང་སྤོས་ཤིང༌། ཕྱི་ལོ་ ༡༩༧༣ ལོར་ང་ཚོས་རང་གི་བུ་མོ་མི་འགྱུར་ཆོས་སྒྲོན་གྱི་བཙས་སྟོན་བྱས། ཕྱི་ལོ་ ༡༩༧༤ ལོར་ང་རང་མ་ན་ལི་ས་ཁུལ་གྱི་ཐོན་འབབ་གཙོ་བོ་ཀུ་ཤུར་གནོད་པ་བྱེད་པའི་ཆར་པ་འགོག་པར་གདན་འབོད་བྱས་བྱུང༌། ངས་མ་ན་ལི་ཁུལ་དུ་ནད་བཅོས་ཀྱི་ནུས་པ་ལྡན་པའི་དམིགས་བསལ་ཆུ་ཚན་ཁ་ཤས་ཡོད་པའི་སྐོར་ཐོས་མྱོང་བས། དེར་བསྐྱོད་ཞོར་དུས་ཡུན་གང་ཙམ་རིང་ང་ལ་བསུན་པོ་བཟོ་བའི་པུས་མོའི་ནད་གཞི་དེ་བཅོས་དགོས་བསམ་བྱུང༌། དེར་སླེབས་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཀྱང་དེ་ཁུལ་ཆིབས་བསྒྱུར་གནང་ཡོད་པ་གོ་ཐོས་བྱུང༌། ངས་ཤིང་འབྲས་ཀྱི་ལྡུམ་ར་མང་བའི་མཛེས་སྡུག་གི་བསྟི་གནས་དེར་ཆུ་ཚོད་མང་པོའི་རིང་ཆར་འགོག་གི་རིམ་གྲོ་བསྒྲུབས་པ་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གུས་པ་ལྡུམ་རའི་ནང་ལངས་ཡོད་པ་གཟིགས་སྐབས། ཁོང་གིས་མི་ཞིག་གུས་པ་བཀའ་འགུག་གནང་བར་མངགས་གནང་མཛད་འདུག །ྋགོང་ས་མཆོག་གིས་གུས་པར་དེར་ག་རེ་བྱེད་ཀྱི་ཡོད་མེད་བཀའ་བརྩད་ཕེབས་པར། ཤིང་ཏོག་ལ་གནོད་སྐྱོན་མི་ཡོང་བའི་ཆེད་དུ་མི་ཞིག་གིས་ཆར་པ་དང་སེར་བ་འགོག་པར་ཡོང་རྒྱུའི་རེ་བ་བཏོན་པ་དང༌། དེ་བཞིན་རང་ཉིད་ཆུ་ཚན་བརྒལ་འདོད་ཡོད་སྟབས་ཡོང་བ་ཡིན་ལུགས་སྙན་གསན་ཞུས་པ་ཡིན། གུས་པ་དེར་ཡོང་རོགས་རྗོད་མཁན་དེ་ཏཱ་ལའི་བླ་མ་མཆོག་དང་ཞལ་འདྲིས་ཡོད་པ་ཞིག་ཡིན་འདུག་ཅིང༌། ྋགོང་ས་མཆོག་གིས་གུས་པར་བཀའ་བརྩད་ཕེབས་དུས་གུས་པ་ནི་ཧ་ཅང་ཚ་གི་ཚིག་གེར་གྱུར་ནས་ཐ་ན་ཀུ་ཤུའི་མིང་ཡང་དྲན་མ་སོས་པ་ཆགས། འདི་ནི་གུས་པས་ྋགོང་ས་མཆོག་ལ་ཟུར་དུ་བཀའ་མོལ་ཞུས་པ་ཐེངས་དང་པོ་ཡིན། ཁོང་གིས་གུས་པར་ནང་ཆོས་ཀྱི་ཉམས་ལེན་ག་རེ་བྱེད་ཀྱི་ཡོད་པ་དང༌། དབང་ལུང་མན་ངག་གང་ཐོབ་ཚང་མའི་སྐོར་བཀའ་བརྩད་ཕེབས་པར་མ་ཟད། དྷ་རམ་ས་ལར་ག་རེ་བྱེད་ཀྱི་ཡོད་པ་དང་གང་དུ་སྡོད་ཀྱི་ཡོད་མེད་བཀའ་འདྲི་གནང་བྱུང༌། གུས་པས་ཆོ་ག་མང་པོ་བྱེད་བཞིན་ཡོད་ལ་དམིགས་བསལ་ཟླ་རེའི་གལ་ཆེའི་ཚེས་གྲངས་གཉིས་ལ་བྱེད་བཞིན་ཡོད་པའི་སྐོར་སྙན་གསན་ཞུས་པར་ཁོང་ཐུགས་ཧ་ཅང་མཉེས་པོ་བྱུང་སོང༌། དེ་བཞིན་གུས་པ་བོད་ཕྲུག་ཁྱིམ་སྡེའི་ནང་བླ་མ་ཉུང་ཤས་ཤིག་དང་ལྷན་དུ་དགོན་པ་ཞིག་འདེབས་ཐབས་བྱེད་བཞིན་གནས་སྡོད་བྱེད་ཀྱི་ཡོད་པའི་སྐོར་ཡང་ཞུས་པ་ཡིན། ྋགོང་ས་མཆོག་གིས་གུས་པར་ཧུར་ཐག་བྱེད་དགོས་པ་དང༌། ཧུར་ཐག་བྱས་ན་ལེགས་སྒྲུབ་ཡོང་གི་རེད་ཅེས་བཀའ་གནང་བྱུང༌། གུས་པ་ནི་མིག་ཤེད་དང་རྣ་ཤེས་སྐྱོ་ལ་དངུལ་མེད་པས་ག་རེ་བྱེད་ཐུབ་བམ་སྙམ་ནས་ཁོང་གི་བཀའ་མོལ་དེས་མགོ་བོ་འཐོམ་བྱུང༌། དེ་ལྟར་ཡིན་རུང་ཁོང་གིས་དོན་དེ་མངོན་དུ་འགྱུར་ཐུབ་རྒྱུ་མིན་སྐོར་གང་ཡང་མ་གསུངས་པ་དེས་གུས་པར་རང་ནུས་གང་ཡོད་འདོན་རྒྱུའི་ནང་སེམས་ཀྱི་རེ་འདོད་དོ་ཟླ་མེད་པ་ཞིག་སྤར་བ་གནང་བྱུང༌། ྋགོང་ས་མཆོག་གིས་དྷ་རམ་ས་ལ་ནས་གུས་པར་གཟིགས་པར་ཕེབས་རྒྱུའི་ཞལ་བཞེས་ཀྱང་གནང་བྱུང༌། རྗེས་སུ་ཁོང་གི་གང་གསུངས་པ་དེ་ངས་རང་གི་རྗེས་འཇུག་སློབ་མ་དང་འདུས་སྡེར་བརྗོད་སྐབས་ཁོང་ཚོ་ཡིད་ཆེས་མ་སོང༌། ང་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ནང་སྡོད་རིང༌། བོད་ཁྱིམ་ནང་བྱུང་བའི་སེམས་སྟོང་ངམ་གདོན་འདྲེ་ཐེངས་བཞི་འདུལ་རྒྱུའི་རེ་སྐུལ་བྱས་བྱུང༌། དང་པོ་ནི་ཁོང་ཁྲོ་ལངས་པའི་གཞུང་ཞབས་ཤིག་འཆི་མ་ཐག་གདོན་འདྲེར་གྱུར་པ་ཞིག་རེད། མི་མང་པོས་གདོན་འདྲེར་གྱུར་པའི་མི་འདི་མཐོང་བས་སྐྲག་ཅིང༌། དམིགས་བསལ་གདོན་འདྲེ་དེ་མངོན་མང་ཤོས་ཡིན་པའི་ཉལ་ཁང་ནང་སྡོད་མཁན་སློབ་ཕྲུག་ཚོར་འཇིགས་སྣང་ཆེན་པོ་བྱུང་འདུག །དེའི་ཆེད་དུ་རིམ་གྲོ་མང་པོ་བསྒྲུབས་ནའང་ཕན་འབྲས་དེ་ཙམ་ཐོན་མེད། དེ་ནས་ངས་རོགས་པ་ཁ་ཤས་དང་ལྷན་དུ་བསྐྱོད་ནས་དམིགས་བསལ་གྱི་རིམ་གྲོ་བསྒྲུབས་རྗེས་མཐའ་མ་གདོན་འདྲེའི་གནས་ཚུལ་དེ་ཞི་ནས་མངོན་མེད་དུ་གྱུར། དུས་མཚུངས་དེའི་གཡས་གཡོན་ཞིག་ཏུ་མི་ཚང་མས་ངོ་ཡག་པོ་ཤེས་པའི་བུད་མེད་ཅིག་ཡོད་པ་དེ་ཡང་གྲོངས་རྗེས་གདོན་འདྲེར་གྱུར་ནས། རྟག་པར་འགྲུལ་སྐྱེལ་སྣུམ་འཁོར་བབས་ཚུགས་ནས་མི་ཚོས་མཐོང་གི་ཡོད། ངས་དེར་ཡང་རིམ་གྲོ་བསྒྲུབས་ཏེ་མོ་གདོན་དེ་བཏུལ་བ་ཡིན། དུས་སྐབས་གཞན་པ་ཞིག་ལ་དྷ་ས་བོད་ཕྲུག་ཁྱིམ་སྡེའི་ནང་ཕྲུ་གུ་མང་པོའི་ཕ་ཚབ་ཡིན་པའི་མི་ཞིག་གྲོངས་རྗེས། གདོན་འདྲེར་གྱུར་ཏེ་མི་མང་པོས་ཁོ་པ་བོད་ཕྲུག་ཁྱིམ་སྡེར་བསྐྱོད་སའི་ལམ་ཐོག་བསྐྱོད་པའམ། གྲོང་བརྡལ་ནང་རྐང་འཁོར་བཞོན་ཏེ་བསྐྱོད་ཀྱི་ཡོད་པ་མཐོང༌། མི་ཚོས་རིམ་གྲོ་མང་པོ་བསྒྲུབས་ཀྱང་ཕན་འབྲས་མ་ཐོན་པར་བརྟེན་ང་བོས་ཏེ་དམིགས་བསལ་གྱི་སྦྱིན་བསྲེགས་བྱེད་དགོས་པའི་རེ་བ་བཏོན་བྱུང༌། ངས་བསྙེན་སྒྲུབ་ཁུ་བསྡུས་ཤིག་བྱས་རྗེས་སྦྱིན་བསྲེགས་བྱས་ཤིང༌། དེ་ནས་མཐའ་མ་གདོན་འདྲེ་དེ་ཞི་འཇམ་དུ་གྱུར་སོང༌། དེ་རྗེས་མི་རིང་བར་ཟློས་གར་སློབ་གྲྭའི་བུ་མོ་ཞིག་གྲོངས་ནས་གདོན་འདྲེར་གྱུར་ཏེ་དཀའ་ངལ་མང་པོ་བཟོས་ཤིང་ལྷག་པར་མཚན་མོ་ཉལ་ཁང་ནང་དཀའ་ངལ་བཟོས། དེར་བརྟེན་ང་རང་སོང་ནས་རིམ་གྲོ་བསྒྲུབ་ཏེ་གནས་ཚུལ་དེ་ཞི་འཇགས་བཟོས་པ་ཡིན། ཕྱི་ལོ་ ༡༩༧༥ ཟླ་བ་ ༡༠ ཚེས་ ༢༣ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ཕྲུག་ཁྱིམ་སྡེའི་ལོ་འཁོར་དུས་ཆེན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཤིང༌། ཁོང་ཆིབས་བསྒྱུར་གནང་གི་ཡོད་པ་གུས་པས་ཤེས་པས་གལ་ཏེ་ྋགོང་ས་མཆོག་གུས་པའི་དགོན་པ་ཆུང་ཆུང་དུ་ཕེབས་ན་སྙམ་ནས་ཕེབས་བསུ་ཚུལ་དང་མཐུན་པར་ཞུ་ཆེད་གྲ་སྒྲིག་ཇི་དགོས་ཞུས་པ་ཡིན། དོན་དངོས་སུ་ངས་དགོན་པ་འདི་བླ་མ་གསུམ་དང་མཉམ་དུ་འགོ་འཛུགས་བྱས་ཤིང་ང་ཚོར་ཟླ་རེའི་ཚེས་བཅུ་དང་ཉེར་ལྔར་ཞབས་བརྟན་དུ་རྟག་བཅར་གནང་མཁན་མི་བཅོ་ལྔ་ཡོད། དེ་ནི་ཏིར་པར་རས་གཞིའི་ལྟོ་ཕད་ཀྱིས་བསྐྲུན་པའི་ལྟེ་གནས་ཆུང་ཆུང་ཞིག་རེད། ཉིན་དེའི་ཞོགས་པ་སྔ་པོར་ངའི་བཟའ་ཟླར་ངའི་ཕྲུ་གུ་ཆུང་ཤོས་ཏེ་བཀུར་འོས་བསྟན་འཛིན་བཟང་པོ་བཙས་པ་རེད། ངའི་རོགས་པ་གཞན་ཚོས་ྋགོང་ས་མཆོག་ང་ཚོའི་དགོན་པར་གཟིགས་བསྐོར་གནང་རྒྱུར་ཡིད་ཆེས་ཀྱི་མེད་སྟབས་དུས་ཆེན་གྱི་མཛད་སྒོར་ཕྱིན་སོང༌། བོད་ཕྲུག་ཁྱིམ་སྡེའི་མཛད་སྒོ་གྲོལ་རྗེས་ྋགོང་ས་མཆོག་གིས་ཧ་ཅང་མྱུར་སྟབས་ཀྱི་ཐོག་ནས་རི་ངོས་ནས་མར་ཞབས་ཐང་མར་ཕེབས་སྟབས། ཐ་ན་ཁོང་གི་སྐུ་སྲུང་བ་ཚོས་ཀྱང་རྗེས་མ་ཟིན། གུས་པའི་འཕྲལ་སེལ་གྱི་དགོན་པ་དེར་མ་སླེབས་དབར་ཁོང་ཚོས་ཐ་ན་ྋགོང་ས་མཆོག་གང་དུ་ཕེབས་ཀྱི་ཡོད་མེད་ཀྱང་ཤེས་མེད། ྋགོང་ས་མཆོག་གནས་འདི་འདྲ་ཞིག་ལ་ཆིབས་བསྒྱུར་བསྐྱངས་པར་མི་ཚང་མ་ཧང་སངས། ཁོང་གི་ཆིབས་བསྒྱུར་རིང་དགོན་པའི་ནང་ངས་རིམ་གྲོ་ག་རེ་སྒྲུབ་ཀྱིན་ཡོད་པ་དང་མ་འོངས་པར་འཆར་གཞི་ག་རེ་ཡོད་མེད་བཀའ་བརྩད་ཕེབས་བྱུང༌། ངས་ཁོང་ལ་འཆར་གཞི་དམིགས་བསལ་གང་ཡང་མེད། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཤིག་ལ་སྤོ་བསམ་ན་ཡང༌། གཟུགས་ཁམས་བདེ་པོ་མེད་སྟབས་བསམ་ཚུལ་དེ་ཕྱིར་འཐེན་བྱས་པ་ཡིན། གུས་པའི་མིག་དང་རྣ་བའི་དཀའ་ངལ་གྱིས་ཞིང་ལས་ཀྱང་བྱེད་རྒྱུར་དཀའ་ངལ་འཕྲད་ས་རེད་ཅེས་ཞུས་པར་མ་ཟད། དེ་བཞིན་ཁོང་ལ་གུས་པས་བཙུགས་པའི་དགོན་པ་ཆུང་ཆུང་འདི་ཉིད་རྒྱུན་གནས་ཐུབ་པ་བྱ་འདོད་ཡོད་ཀྱང༌། གུས་པ་མ་བསྡད་ན་གནས་ཐུབ་ཀྱི་མ་རེད་བསམ་ལུགས་ཞུས་པ་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གུས་པར་བཟོད་སྲན་ངང་རིང་བྱེད་དགོས་པ་དང༌། ཁོང་གིས་གནང་ཐུབ་པ་ག་རེ་འདུག་གཟིགས་ཆོག་ཅེས་བཀའ་གནང་བྱུང༌། སྐབས་དེ་དུས་དགོན་པ་དེ་གནས་སྟངས་ཧ་ཅང་སྐྱོ་པོའི་ནང་ཡོད་ཅིང་ཤིང་ཆ་དང་ཤ་དཀར་གྱི་དགོས་མཁོ་ཆེན་པོ་ཡོད། དེ་ནི་འཛུགས་བསྐྲུན་ཚུལ་བཞིན་བྱས་པའི་ཁང་བརྩེགས་ཤིག་མ་རེད། ཉིན་ཁ་ཤས་ཀྱི་མཇུག་ཏུ་བོད་གཞུང་ཆོས་རིག་ལས་ཁུངས་ནས་ང་རང་བཀའ་འགུག་དང་སྦྲགས་དྷ་རམ་ས་ལར་བསྡད་དེ་གནས་འདི་ཉིད་ངའི་གཏན་འཇགས་སྡོད་གནས་བྱེད་རོགས་ཞེས་གསུངས་བྱུང༌། དེ་བཞིན་དགོན་པར་རོགས་སྐྱོར་གྱི་ཞལ་འདེབས་བསྡུ་སློང་བྱས་ཆོག་པའི་བཀའ་འཁྲོལ་ཡང་གནང་བྱུང༌། ྋགོང་ས་མཆོག་དྷ་ས་བོད་ཕྲུག་ཁྱིམ་སྡེར་ཆིབས་བསྒྱུར་གནང་སྟེ་མི་རིང་བར་ཁོང་གིས་ལ་དྭགས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་ཆེད་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་འདུག །དུས་དབང་གི་སྦྱིན་བདག་ཡིན་པའི་དགོན་པའི་དབུ་འཛིན་བླ་མ་དེས་གུས་པར་ཕྱག་བྲིས་གནང་སྟེ། ཆར་པ་འགོག་པར་ཡོང་རོགས་གསུངས་པར་མ་ཟད། ྋགོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ནས་ཀྱང་གུས་པར་ཆིབས་ཞབས་སུ་ཡོང་རོགས་གསུངས་བྱུང༌། ང་ཚོ་དགོན་པ་ནས་ཀ་ཤི་སྨིར་བར་ྋགོང་ས་མཆོག་གིས་མཐུན་སྦྱོར་མཛད་པའི་འགྲུལ་སྐྱེལ་སྣུམ་འཁོར་ཞིག་གི་ནང་བསྐྱོད་ཅིང༌། དེ་ནས་ལ་དྭགས་སུ་འཇིབ་འཁོར་བཅུའི་ཁོངས་སུ་བསྐྱོད་པ་ཡིན། དེ་ནས་ངས་དབང་ཆེན་སྩལ་སའི་ཉེ་འགྲམ་གྱི་གུར་ཞིག་གི་ནང་བསྡད་དེ་ཆར་པ་བཀག་པ་ཡིན། ཕྱི་ཉིན་ྋགོང་ས་མཆོག་གིས་ཁྱེད་ལ་ཆར་པ་རྦད་དེ་འཁོག་ཅེས་མངགས་བྱུང་ངམ་ཞེས་བཀའ་བརྩད་ཕེབས་པར་གུས་པས་(བྱུང་)ཞེས་སྙན་གསན་ཞུས་པ་ཡིན། ྋགོང་ས་མཆོག་གིས་གུས་པར་གསུང་ཆོས་རིང་(བསུ་འཆར་)བབས་ན་བཀྲ་ཤིས་པའི་རྟགས་སུ་བརྩི་བར་བརྟེན། སང་ཉིན་ཁྱེད་རང་གིས་ཆར་པ་བབས་བཅུག་ན་ཡག་པོ་ཡོད་རེད་ཅེས་འགྲེལ་བརྗོད་གནང་བྱུང༌། གུས་པས་ཕྱི་ཉིན་ཆར་པ་འབབ་ཐབས་སུ་ངེས་པར་གང་ཐུབ་ཅི་ཐུབ་ཞུ་གི་ཡིན་ཞེས་ཞུས་ཏེ་ལམ་སེང་དགོས་མཁོའི་རིམ་གྲོ་བསྒྲུབས་པ་ཡིན། སང་ཉིན་དེར་ཆར་པ་དང་གངས་ཆེན་པོ་བབས་ཤིང༌། དེ་ནི་ས་ཁུལ་དེར་ལོ་འཁོར་མ་དེའི་རིང་བབས་པའི་གངས་ཆར་ནང་ནས་ཆེ་ཤོས་དེ་ཡིན་འདུག །གངས་ཧ་ཅང་བབས་ཆེ་བར་བརྟེན་མི་མང་པོ་གསུང་ཆོས་ལ་བཅར་རྒྱུར་དཀའ་ངལ་བྱུང་སོང༌། སང་ཉིན་དེར་ྋགོང་ས་མཆོག་གི་སྐུ་སྒེར་དྲུང་ཆེས་གུས་པར་ྋསྐྱབས་མགོན་རིན་པོ་ཆེས་བཀའ་དབང་མ་སྩལ་གོང་གངས་དང་ཆར་པ་འགོག་རོགས་ཞེས་གསུངས་བྱུང༌། དེར་བརྟེན་ངས་གངས་ཆར་ཆེན་པོ་དེ་འགོག་ཆེད་དང་གནམ་གཤིས་ལ་ཁ་ལོ་བསྒྱུར་ཆེད་ཐོ་རེངས་ནས་ས་སྲོད་བར་རིམ་གྲོ་བསྒྲུབས་པ་ཡིན། ངས་དུང་བུད་དང་མ་བུད་བུད་སྟབས་ཁ་ལ་རྨ་ཡང་ཆགས་སོང༌། བཀའ་དབང་དངོས་གཞིའི་ཉིན་ཆོས་ཞུ་བ་འཛོམས་སའི་ཐང་ཆེན་པོ་དེར་མ་གཏོགས་གཞན་ས་ཁུལ་ཚང་མར་གནམ་འཐིབ་ཅིང་སྦྲང་ཆར་བབས་སོང༌། འོན་ཀྱང་གསུང་ཆོས་ཀྱི་ཐང་ཆེན་དུ་ཉི་མ་ཤར་བས་ཡ་མཚན་གྱི་གནས་ཚུལ་འདིས་མི་ཚང་མ་ཧང་སངས་པར་གྱུར། གསུང་ཆོས་ཀྱི་ཉིན་མཐའ་མར་གོ་སྒྲིག་པ་རྣམས་ལྷན་དུ་འདུས་ཏེ་ྋགོང་ས་མཆོག་གི་མཇལ་ཁ་བྱིན་རླབས་ཞུས་ཤིང༌། མི་མང་པོ་ཞིག་ཕྲན་གྱི་ས་ལའང་དམིགས་བསལ་བྱིན་རླབས་ཞུ་བར་སླེབས་བྱུང་བ་དེས་ང་རང་མ་བདེ་བ་བྱུང༌། ངའི་བསམ་པར་ཆར་པ་འབེབས་ཟློག་ལེགས་གྲུབ་བྱུང་བ་འདི་ཚོ་ཚང་མ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་རང་གི་ཐུགས་རྗེ་བྱིན་རླབས་རེད་བསམ་གྱི་འདུག ངེད་ཚོ་བོད་ཕྲུག་ཁྱིམ་སྡེའི་ནང་སྡོད་རིང་ངའི་བུ་ཆུང་ཤོས་དེ་བོད་ཀྱི་སྤྲུལ་སྐུ་ཆེ་གྲས་ཤིག་གི་ཡང་སྲིད་དུ་ངོས་འཛིན་གནང་ཞིང༌། ཁོང་ལོ་ན་ཆུང་ཆུང་གི་སྐབས་ནས་ངོས་འཛིན་བྱས་རྗེས་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོབ་བེར་ཡོད་པའི་རྙིང་མ་བའི་དགོན་པ་ཞིག་ལ་བཏང་བ་ཡིན། ཁོང་དགུང་གྲངས་འོས་མཚམས་སུ་སླེབས་མཚམས་སྐུ་ཐོག་གོང་མས་མཛད་འཕྲིན་སྐྱོང་ཡུལ་བལ་ཡུལ་ནང་གི་དགོན་པ་གཙོ་བོར་ཕྱིར་ཕེབས་གནང་རྒྱུ་རེད། ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་སྲས་བཀུར་འོས་བསྟན་འཛིན་བཟང་པོ། ཟིལ་གནོན་བཀའ་བརྒྱད་གླིང་ནས་འདྲ་པར་མཁོ་འདོན་གནང༌། བསྟན་འཛིན་བཟང་པོའི་སྐུ་སྐྱེ་གོང་མ་བཀུར་འོས་བསོད་ནམས་བསྟན་འཛིན། བཀའ་བརྒྱད་ཟིལ་གནོན་གླིང་ནས་འདྲ་པར་མཁོ་འདོན་གནང༌། ང་རང་དྷ་རམ་ས་ལར་སྡོད་རོགས་བརྗོད་དོན་གཙོ་བོ་ནི་དམིགས་བསལ་དུས་ཆེན་ཁག་ལ་ཆར་པ་འགོག་རྒྱུ་དེ་རེད། བོད་ཕྲུག་ཁྱིམ་སྡེའི་ཉལ་ཁང་རྒྱག་ཡུལ་དུ་ང་སྡོད་ས་དེ་མཁོ་བར་བརྟེན་ང་རང་སྤོ་དགོས་པར་གྱུར། ྋགོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་ནས་གུས་པར་གཏན་འཇགས་སྡོད་གནས་ཡོད་མེད་བཀའ་བརྩད་གནང་བར་གུས་པས་མེད་ཅེས་ཞུས་ཤིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལར་རྙིང་མ་བའི་དགོན་པ་ཞིག་བཞེངས་འདུན་ཡོད་པར་བརྟེན། ཁོང་རྣམ་པས་གུས་པར་བོད་གཞུང་ཟློས་གར་ཚོགས་པའི་གཤམ་དུ་ས་ཆ་ཞིག་གནང་སྟེ་ཡོན་བདག་གནང་རྒྱུའི་ཞལ་བཞེས་གནང་བྱུང༌། དེ་ལྟར་བྱུང་ན་དྷ་རམ་ས་ལར་བོད་ཀྱི་ནང་པའི་ཆོས་རྒྱུད་བཞི་ཀ་ཚང་རྒྱུ་ཡིན་ཞིང་ངའི་ལས་འགན་ནི་དགོན་པ་བཞེངས་རྒྱུ་དེ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པ་འདི་བཞེངས་མཁན་དུ་གུས་པ་བདམས་དོན་ནི། གུས་པར་བརྒྱུད་པ་འདིའི་ཐད་ཀའི་མན་ངག་ཡོད་པའི་དབང་གིས་རེད། ཨར་ལས་འགོ་འཛུགས་མ་བྱས་གོང་ཕྲན་གྱི་བླ་མ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཇལ་བར་བལ་ཡུལ་དུ་ཟླ་བ་བཞི་བསྐྱོད་དེ། ཁོང་གི་ས་ནས་གསུང་ཆོས་ཞུ་བའི་ཞོར་དུ་དྷ་རམ་ས་ལར་བཞེངས་རྒྱུའི་དགོན་པའི་ཆེད་དུ་རྙིང་མ་བའི་བརྒྱུད་པ་ནས་བྱུང་བའི་གནའ་བོའི་དཔེ་ཆ་འཚོལ་བསྡུའི་རྒྱུས་སྟོན་གནང་རོགས་ཞུས་པ་ཡིན། དགོན་པའི་ཨར་ལས་ནི་ཕྱི་ལོ་ ༡༩༧༩ ལོར་འགོ་ཚུགས་ཤིང་བོད་མིའི་ཕྱོགས་ནས་ཞལ་འདེབས་མ་དངུལ་སློང་ཆེད་ངས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་སྒར་ཁག་ལ་བསྐྱོད་པ་ཡིན། དགོན་པའི་དམིགས་ཡུལ་གཙོ་བོ་གཅིག་ནི། ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་མཚམས་བསྡམས་འདོད་ཡོད་པའི་སེར་མོ་བ་དང་སྐྱ་བོ་ཚོའི་སྒྲུབ་ཁང་ལྟེ་བ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན། ད་ཕན་ཁང་མིག་བཅུ་གཉིས་བསྐྲུན་ཟིན་ཅིང་ད་ལྟའི་ཆར་ཡུན་རིང་སྒོམ་སྒྲུབ་བྱེད་མཁན་གྱི་གྲྭ་པ་བརྒྱད་དང༌། ནང་ཆོས་ཀྱི་ལྟ་གྲུབ་དང་དེ་མིན་གྱི་དགོན་པའི་སློབ་ཚན་སྦྱོང་མཁན་བཅུ་བཅས་ཁྱོན་དགེ་ཕྲུག ༡༨ ཡོད། དེ་བཞིན་སྒོམ་སྒྲུབ་བཀོད་སྒྲུབ་བྱེད་མཁན་གྱི་གྲྭ་པ་གཅིག་དང་སློབ་མར་ལམ་སྟོན་གནང་མཁན་གྱི་དགེ་རྒན་གཅིག ཁྱོན་ཡོངས་ལ་བལྟ་རྟོགས་བྱེད་མཁན་སྤྱི་ཁྱབ་འཛིན་སྐྱོང་པ་གཅིག་བཅས་ཡོད།།


ལེའུ་བདུན་པ། དགོན་པ་བཏབ་པ།


ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང༌། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་རྣམ་གཉིས་དང་ལྷན་དུ་གུས་པའི་དགོན་པའི་འཆར་གཞིའི་སྐོར་བཀའ་བསྡུར་ཞུ་སྐབས། ཁོང་རྣམ་པ་གཉིས་ཀྱིས་ྋགོང་ས་ལྔ་པ་ཆེན་པོས་ཉམས་བཞེས་མཛད་པའི་བཀའ་བརྒྱད་ཀྱི་འཆད་སྲོལ་གཙོ་བོར་བཟུང་བའི་རྙིང་མ་བའི་དགོན་པ་དང་སྒྲུབ་ཁང་ཞིག་དགོས་སྐོར་བཀའ་ཕེབས་བྱུང༌། བཀའ་བརྒྱད་ཀྱི་སྲོལ་ནི་སྤྱིར་བཏང་རྙིང་མ་བའི་ཆོས་རྒྱུད་དང་འབྲེལ་ནས་ཡོད་ན་ཡང༌། ནང་ཆོས་ཉམས་བཞེས་པ་ངོ་མ་ཞིག་ལ་མཚོན་ན། བཀའ་བརྒྱད་ཀྱི་བཞེད་སྲོལ་དང་འབྲེལ་བ་ཡོད་པའི་བསྟན་དོན་ནི། ས་སྐྱ་དང༌། དགེ་ལུགས། བཀའ་རྒྱུད། རྙིང་མ་བཅས་ཆོས་རྒྱུད་གཞི་ཀའི་ནང་ནས་རྙེད་ཐུབ་པ་ཡིན། བཀའ་བརྒྱད་ཀྱི་བཞེད་སྲོལ་ཕྱག་བཞེས་གནང་མཁན་ཁོངས་བོད་ཀྱི་ཆོས་བརྒྱུད་ཕལ་མོ་ཆེ་འདུས་ཤིང༌། དེ་དག་ཡི་དམ་ལྷ་དང་ལྷ་མོ་མི་འདྲ་བ་མང་པོས་མཚོན་གྱི་ཡོད། བཀའ་བརྒྱད་ཀྱི་བཞེད་སྲོལ་ནང་སྡེ་ཚན་བརྒྱད་ལ་དབྱེ་བའི་ཡི་དམ་མང་པོ་ཡོད་ཅིང༌། སྡེ་ཚན་བརྒྱད་ཀའི་ཡི་དམ་ཀྱི་གཙོ་བོ་ནི་ཆེ་མཆོག་ཡིན། ཡི་དམ་འདི་ནི་ལྷ་མོ་ཞིག་གི་ལྷན་དུ་ཆགས་པའི་ཉམས་དང་བཅས་བཞུགས་ཤིང༌། དེ་ལ་ཡོངས་གྲགས་སུ་ཡབ་ཡུམ་གྱི་བཞུགས་སྟངས་ཟེར་བ་ཡིན། ཡུམ་གྱི་རྣམ་པ་དེར་དབུ་དགུ་དང་ཕྱག་བཅོ་བརྒྱད་ལྡན་ཞིང༌། ཡབ་ཀྱི་རྣམ་པ་དེར་དབུ་ཉེར་གཅིག་དང་ཕྱག་ཞེ་བཅུ་ཞེ་གཉིས་ཡོད། ཕྱག་ཚང་མར་ཕྱག་མཚན་མི་འདྲ་བ་རེ་བསྣམས་ཤིང༌། སྤྱིར་བཏང་ནས་བཤད་ན། སྒོམ་སྒྲུབ་ནང་ཡབ་ནི་ཞི་བའི་རྣམ་པ་ཡིན་པ་སྟེ། ཁོང་གི་རྣམ་འགྱུར་དང༌། ཕྱག་མཚན། ཐུགས་རྒྱུད་མུ་ཌར་སེ་བཅས་ཚང་མ་ཞི་བ་ཡིན། མ་གཞི་ཡབ་དང་ཡུམ་གཉིས་ཀར་ཞི་བ་དང་དྲག་པོ་གཉིས་ཀའི་རྣམ་པ་ཡོད་མོད། སྤྱིར་བཏང་ནས་བཤད་ན་ཡུམ་ནི་དྲག་པོའི་རྣམ་པ་ཡིན་པ་སྟེ། ཁོང་གི་ཐུགས་རྒྱུད་དང་རྣམ་འགྱུར། ཕྱག་མཚན་བཅས་ཚང་མ་ཆེ་མཆོག་གི་དྲག་པོའི་ཆ་རྣམ་པ་མཚོན་པ་ཡིན། བཀའ་བརྒྱད་ཀྱི་བཞེད་སྲོལ་ནི་བོད་ནང་ཆོས་བརྒྱུད་ཁག་བཞིར་མ་གྱེས་སྔོན་གྱི་དུས་ཡུན་རིང་པོའི་གོང་ནས་དར་བས་དེ་ནི་བོད་ཀྱི་ནང་ཆོས་ཀྱི་ཐོག་མའི་རྣམ་པ་རེད། དེར་བརྟེན་བཀའ་བརྒྱད་ནི་བོད་ནང་གི་རྣལ་འབྱོར་བ་དང་བླ་མའི་རྒྱུད་པ་མི་འདྲ་བ་ཚོའི་མཆོངས་སྟེགས་སམ་འབྱུང་ཁུངས་གཙོ་བོ་དེ་རེད། ཆེ་མཆོག་གིས་ས་འོག་གི་ལྷ་བརྒྱད་ཞབས་འོག་ཏུ་མནན་པའི་ཚུལ་བསྟན་ཅིང༌། བཀའ་བརྒྱད་ཅེས་པའི་ཚིག་གི་འབྱུང་ཁུངས་བཀའ་ཞེས་པ་ནི་རྩ་བའི་ཚིག་ཡིན་ཞིང༌། དེའི་དོན་ནི་ཆོས་ཀྱི་དབྱིངས་ཟེར་བ་རེད། བཀའ་ནི་བཞེད་སྲོལ་དང་རྒྱུད་པ་གང་གིའང་ཐུན་མོང་མ་ཡིན་པ་མིན། ཆོས་ཀྱི་དབྱིངས་ནི་རྒྱ་ཆེ་སྣ་མང་གི་ཤེས་བྱ་ལས་གྲུབ་པ་ཞིག་རེད། བཀའ་བརྒྱད་ཀྱི་ཚིག་དོན་ནི། གུ་རུ་པདྨ་སཾ་བྷ་བས་ཁོང་གི་སྐུ་དུས་ཀྱི་ཞལ་སློབ་དམིགས་བསལ་བ་བརྒྱད་ལ་གདམས་པའི་བཀའ་བཀོད་བརྒྱད་དམ་བཀའ་ཆེམས་བརྒྱད་ལ་གོ་ཞིང༌། བཀའ་ཆེམས་རེ་རེར་ཡི་དམ་དམིགས་བསལ་བ་རེ་ཡོད་པ་དང༌། ཡི་དམ་བརྒྱད་ཀ་གཅིག་ཏུ་བསྡུས་པའི་རྣམ་པ་ནི་ཆེ་མཆོག་གིས་མཚོན་གྱི་ཡོད། ད་ཡོད་དགོན་པའི་མཚན་ནི་ཟིལ་གནོན་བཀའ་བརྒྱད་གླིང་ཡིན་ཞིང༌། མཚན་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བ་ཞིག་ཡིན། ཟིལ་གནོན་ནི་ཞུམ་པར་བྱེད་པ་ཡིན་ཞིང་དགོན་པ་འདི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་སླད་དུ་བཞེངས་པ་ཞིག་ཡིན། དགོན་པའི་ནང་བཞེངས་པའི་སྐུ་བརྙན་དང་པོ་ནི་གུ་རུ་པདྨ་སཾ་བྷ་བ་དྲག་པོའི་རྣམ་པ་ཅན་གྱི་གུ་རུ་སྣང་སྲིད་གནོན་ཡིན་ཞིང༌། ཁོང་གི་གཟིགས་སྟངས་ཙམ་གྱིས་ཀྱང་སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ཐུབ་པར་བཤད། ཕྱི་ལོ་ ༡༩༨༧ ནང་ངས་གྲྭ་པ་བརྒྱད་ལ་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་སྒྲུབ་གནས་མཐུན་སྦྱོར་གྱི་གྲ་སྒྲིག་བྱས་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དགོན་པ་འདི་དང་དེ་བཞིན་སྒོམ་སྒྲུབ་འགོ་འཛུགས་ཀྱི་དབུ་འབྱེད་ཡོང་བའི་གསོལ་འདེབས་ཞུས་པ་ཡིན། ཕྱི་ལོ་ ༡༩༨༧ ཟླ་བ་ ༡༠ ཚེས་ ༡ ཉིན་བོད་ནང་ཞི་བའི་རྔམ་སྟོན་ཁྲོམ་བསྐོར་ཐེངས་དང་པོ་དེ་ལངས་ཤིང༌། དེ་དང་དུས་མཚུངས་པར་ངས་དགོན་པའི་ནང་དྲག་པོའི་ལས་སྦྱོར་ཞིག་བྱེད་བཞིན་ཡོད། ཚིག་གཞན་གྱིས་བཤད་ན་བོད་ནང་ཛ་དྲག་ཆེན་པོ་ཆགས་དུས་ང་ཚོས་དགོན་པའི་ནང་དམིགས་བསལ་གྱི་ཆོ་ག་བྱེད་བཞིན་ཡོད། ཉིན་ཁ་ཤས་ཀྱི་རྗེས་ཏེ་ཟླ་བ་ ༡༠ ཚེས་ ༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གུས་པའི་དགོན་པ་དབུ་འབྱེད་གནང་བར་ཆིབས་བསྒྱུར་གནང་ཞིང༌། དེ་ནི་གུས་པའི་དགོན་པར་གཞུང་འབྲེལ་མཛད་སྒོ་ཚུགས་པ་དང་པོ་དེ་ཡིན། དགོན་པའི་ནང་མི་སྟོང་ཕྲག་མང་པོས་ཁེངས། དགོན་སྡེ་ཁག་ཚང་མའི་དབུ་འཛིན་དང་རྒྱ་གར་དང་བོད་གཞུང་གཉིས་ཀའི་གཞུང་ཞབས་བཅས་ཚུད་པའི་མི་སྣ་ལྔ་བརྒྱ་ལྷག་དགོན་པ་དབུ་འབྱེད་དང་ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་སྒྲུབ་སྡེ་འགོ་འཛུགས་ཀྱི་མཛད་སྒོར་མགྲོན་འབོད་བྱས་ཤིང༌། མགྲོན་འབོད་བྱས་པ་དེ་དག་ལ་བོད་གཞུང་ཟློས་གར་གྱི་ཚོགས་ཁང་ནང་ཉིན་དགུང་ཞལ་ལག་ཅིག་ཀྱང་འདེགས་འབུལ་ཐུབ་པར་གུས་པ་དགའ་པོ་བྱུང༌། ྋགོང་ས་མཆོག་གི་མཛད་སྒོའི་རིམ་པ་ཁག་ཚང་མའི་མགྲོན་གཙོ་མཛད་ཅིང༌། བྱ་བ་འདི་ཀུན་ལེགས་པར་གྲུབ་པར་ཁོང་ཐུགས་ཧ་ཅང་མཉེས་པོ་བྱུང་འདུག །དེ་ཉིན་གནང་དགོས་པ་ཧ་ཅང་མང་ཞིང་ྋགོང་ས་མཆོག་མ་ན་ལིར་ཆིབས་བསྒྱུར་གནང་དགོས་པའི་ཆ་ནས་བཀའ་དབང་དངོས་གཞི་གནང་རྒྱུའི་དུས་ཚེས་འཕར་འགྱངས་མཛད། ྋགོང་ས་མཆོག་མ་ན་ལི་ནས་ཆིབས་བསྒྱུར་གནང་རྗེས་ཕྱི་ཟླ་ ༡༡ ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒོམ་སྒྲུབ་པ་དང་ཆོས་ཞུ་བ་ཧ་ཅང་མང་པོར་དག་སྣང་གསང་བ་རྒྱ་ཅན་གྱི་བཀའ་དབང་ཆ་ཚང་སྩལ་ཞིང༌། འདི་ཡང་ཟིལ་གནོན་བཀའ་བརྒྱད་གླིང་གིས་ཡོན་བདག་ཞུས་པའི་འོག་ཚུགས་པའི་བཀའ་དབང་དཀོན་གྲས་ཤིག་ཡིན། ཐོག་མར་ངས་སྒོམ་སྒྲུབ་དུ་སྡོད་མཁན་གྲྭ་པ་བརྒྱད་གོ་སྒྲིག་བྱ་རྩིས་ཡོད་ཀྱང་སྒོམ་ཁང་དུ་མ་ཞུགས་གོང་ྋགོང་ས་མཆོག་གིས་དྲུག་ལ་བྱིན་རླབས་ཕྱག་དབང་སྩལ་ཞིང༌། ཐེངས་རྗེས་མར་སྒོམ་སྒྲུབ་པ་བརྒྱད་ཡོང་བ་བྱ་རྒྱུའི་བློ་ཐག་བཅད་ཡོད། དེ་ནས་བཟུང་སྒྲུབ་པ་རྒྱག་བཞིན་པའི་གྲྭ་པ་འདི་དག་ལ་མཐུན་རྐྱེན་སྦྱོར་ཆེད་གུས་པ་ས་གནས་འདྲ་མིན་དུ་བསྐྱོད་དེ་མ་དངུལ་བསྡུ་རྒྱུ་སོགས་ཀྱི་ཐད་དཀའ་ལས་ཆེན་པོ་བརྒྱབ་པ་ཡིན། ཁོང་རྣམ་པའི་སྒོམ་སྒྲུབ་ཚར་རྗེས་དགོན་པའི་ནང་གི་ཤག་གཞན་ཞིག་གི་ནང་སྤོས་ཏེ། ལོ་གསུམ་ཟླ་གསུམ་ཞག་གསུམ་གྱི་སྒོམ་སྒྲུབ་གནང་མཁན་གྲྭ་པ་གཞན་བརྒྱད་ལ་སྒྲུབ་ཁང་ཡོད་པ་བྱེད་དགོས། ཁོང་ཚོར་སྒོམ་ཁང་དང་བཞུགས་ཁང་ངེས་པར་ཡོད་དགོས་པས་ངས་དེ་དག་མྱུར་དུ་འཛུགས་བསྐྲུན་བྱེད་དགོས་ཀྱི་ཡོད། དོན་དངོས་སུ་སྒོམ་སྒྲུབ་འདི་གཞི་རྒྱ་ཆེ་ཙམ་ཞིག་གི་ཐོག་ནས་གོ་སྒྲིག་བྱས་ན་འགྲིག་ཀྱང༌། ཐོག་མ་ནས་འདི་ལས་གཞི་ཆུང་ཆུང་ཞིག་ཡིན། ས་སྟོང་མེད་པ་དང་སྒོམ་སྒྲུབ་ཏུ་ཞུགས་མཁན་མི་གོ་ཆོད་འཚོལ་རྒྱུ་གཉིས་དེ་དཀའ་ངལ་རེད། མ་འོངས་པར་གལ་ཏེ་ང་ལ་ས་ཆ་ཐོབ་ན། སྒོམ་སྒྲུབ་བྱེད་མཁན་མང་ཙམ་ཞིག་ལ་སྒྲུབ་ཁང་བཀོད་སྒྲིག་ཐུབ་ཆེད་དགོན་པ་རྒྱ་སྐྱེད་བྱས་ཆོག་གི་རེད། ངའི་ཐོག་མའི་བསམ་ཚུལ་ལྟར་ན། སྒྲུབ་གྲྭ་འདི་དང་ལྷན་དུ་བཤད་གྲྭ་ཞིག་ཀྱང་ཡོད་པ་བྱ་རྒྱུ་དེ་ཡིན། ངས་བཤད་གྲྭ་འཛུགས་ཐུབ་ན། རྙིང་མའི་བླ་མ་མང་པོས་རང་གི་དགེ་ཕྲུག་བཤད་གྲྭ་འདིར་སློབ་གཉེར་བྱེད་པར་ཏན་ཏན་གཏོང་ངེས་ཡིན་པས། དགོན་པ་འདི་རྙིང་མ་བའི་བཞེད་སྲོལ་སློབ་གཉེར་དང་ཁྱབ་སྤེལ་བྱེད་སའི་ལྟེ་གནས་ཤིག་ཆགས་རྒྱུ་རེད། བཤད་གྲྭ་འདི་འཛུགས་པར་དགོས་མཁོའི་ས་ཆ་མེད་པའི་དཀའ་ངལ་ཡོད། ད་ཡོད་དགོན་པའི་ས་ཆ་རྣམས་བོད་གཞུང་ཟློས་གར་ཚོགས་པའི་ཡིན་ཞིང་ང་ཚོར་ྋགོང་ས་མཆོག་གིས་གསོལ་སྩལ་གནང་བ་ཞིག་ཡིན། འདབས་འབྲེལ་ཉེ་འཁོར་གྱི་ས་ཆ་རྣམས་རྒྱ་གར་ཤིང་ནགས་ལས་ཁུངས་སུ་བདག་པ་ཞིག་ཡིན་སྟབས། ངས་དམིགས་ཡུལ་འདི་སྒྲུབ་ཐུབ་མིན་བཤད་ཚོད་ཐིག་གི་མི་འདུག །ལམ་འགྲོ་བཟང་པོ་དེ་ངའི་མི་ཚེའི་ནང་དགོན་པ་འདིར་འབྱུང་བའི་རེ་བ་བྱེད་ཀྱི་ཡོད། གུས་པར་དགོན་པ་འདིའི་ཆེད་དུ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་གནང་བའི་འདོད་གསོལ་ཐུང་ཐུང་ཞིག་ཡོད་ཅིང༌། ངས་འདོད་གསོལ་འདིའི་ནུས་པ་ལ་བརྟེན་ནས་དམིགས་ཡུལ་དུ་གང་བཅངས་པ་རྣམས་ལེགས་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། གུས་པའི་སེམས་ཤུགས་ཆེས་ཆེར་འཕེལ་བ་ཞིག་ནི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་མཇལ་ཞུར་བཅར་སྐབས་ཤིག་ལ་ཁོང་གིས་གུས་པའི་རྒྱབ་ངོས་སུ་ཡང་མོར་གཞུས་ཏེ། གུས་པར་བཀའ་བརྒྱད་ཀྱི་བཞེད་སྲོལ་རྒྱུན་འཛིན་དང་དར་འཕེལ་བྱེད་པའི་ནུས་པ་དང་བག་ཆགས་ཡོད་པའི་བཀའ་གནང་བ་དེ་ཡིན། དེ་ཡང་ཁོང་གིས་(ཁྱེད་རང་འདི་བསྒྲུབ་པར་ལས་ཀྱིས་བསྐོས་པ་ཡིན་པས། ལེགས་གྲུབ་བྱེད་དགོས་པ་དེ་ཁྱེད་རང་གི་འོས་འགན་རེད།)ཅེས་གསུངས་བྱུང༌། དེས་གུས་པར་བློ་སྟོབས་ཧ་ཅང་ཆེན་པོ་ཞིག་སྐྱེས་ཏེ་ས་ཕྱོགས་ཡར་མར་ལ་བསྐྱོད་འགོ་བཙུགས་ཏེ་མར་ཤལ་༼རྣམ་ཐར་འདི་གསུང་ཡུལ་ཌོག་ཊར་མར་ཤལ་ལ་ཟེར༌༽ལགས་ཁྱེད་ལྟ་བུའི་མི་སྣ་དང་ཐུག་འཕྲད་བྱས་ཤིང་ད་ཆ་ངེད་གཉིས་ཡང་ལྷན་དུ་ཡོད་པ་རེད། ད་ལྟ་ངེད་གཉིས་འདིར་མཉམ་དུ་འཛོམས་པ་རེད། ངས་འདི་འདྲ་ཞིག་བྱེད་ཐུབ་ཀྱི་རེད་སྙམ་པ་རྨི་ལམ་དུ་ཡང་གཏན་ནས་འཁོར་མ་མྱོང༌། དགོན་པ་ཡར་རྒྱས་ཡོང་བའི་ཆེད་དུ་ངས་ལས་ཀ་ཧུར་ཐག་བྱས་ཤིང༌། རེ་བར་ཉིན་གཅིག་ས་གནས་ཀྱི་དབང་འཛིན་པས་ཉེ་འདབ་ཀྱི་ས་ཆ་རྣམས་བེད་སྤྱོད་བྱས་ཆོག་པའམ་ཡང་ན། བོག་མར་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། གུས་དང་བཀུར་འོས་ཁམས་སྤྲུལ་རིན་པོ་ཆེ་མཆོག་གི་དབར་འབྲེལ་ལམ་ཧ་ཅང་བཟང་པོ་ཡོད་ཅིང༌། ཁོང་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པའི་འཆད་འཁྲིད་ལ་རོགས་རམ་གནང་མཁན་དུ་གནང་བ་ཞིག་རེད། ཁོང་ནི་རྟོགས་པ་མཐོན་པོར་སོན་པའི་གསང་སྔགས་ཉམས་བཞེས་པ་ཞིག་ཡིན་ཞིང༌། བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་ཡང་རེད། ཁོང་གིས་དགོན་པར་དུས་ནས་དུས་སུ་ཕེབས་ཏེ་སློབ་སྟོན་གྱི་རོགས་རམ་གནང་གི་ཡོད། ངའི་དགོན་པའི་ནང་ཉམས་ལེན་བྱེད་བཞིན་པ་གཅིག་ནི་ྋགོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་བྱུང་བ་ཞིག་ཡིན་ཞིང༌། ང་ནི་མི་འགྱུར་རྡོ་རྗེའི་སྐྱེ་སྤྲུལ་དང་པོ་དེ་ཡིན། མི་འགྱུར་རྡོ་རྗེ་ནི་དུས་དེར་རྟོགས་པ་མཐོན་པོར་སོན་པའི་བླ་མ་ཞིག་རེད། ཁོང་གིས་མདོ་སྔགས་ཆོས་གླིང་དགོན་པ་ཕྱག་བཏབ་ཅིང་ཉམས་བཞེས་གཙོ་བོ་ནི་ྋརྒྱལ་མཆོག་ལྔ་པ་ཆེན་པོ་དང་གཅིག་མཚུངས་རེད། དག་སྣང་གསང་བ་རྒྱ་ཆེན་ནི་ྋགོང་ས་ལྔ་པ་ཆེན་པོས་སྐད་གྲགས་ཡོད་པའི་རྙིང་མ་བའི་དགོན་པ་སྨིན་གྲོལ་གླིང་དུ་ཕེབས་ཏེ་དང་བླངས་ཐོག་ནས་ཉམས་བཞེས་རྗེས་འབྲངས་མཛད་པའི་དམིགས་བསལ་གྱི་བཀའ་ཆོས་ཤིག་རེད། ཁོང་གིས་བཀའ་ཆོས་དེ་ཉམས་སུ་བཞེས་པ་ཙམ་མ་ཡིན་པར་བཀའ་ཆོས་དམིགས་བསལ་བ་འདིར་གཏོགས་པའི་ཡི་དམ་ཕུར་པའི་ཞལ་ཡང་གཟིགས་པ་རེད། ྋགོང་ས་ལྔ་པ་ཆེན་པོར་ཡི་དམ་ཕུར་པ་ཞལ་གཟིགས་པ་ལ་བརྟེན་ནས་བྱུང་བའི་བཀའ་ཆོས་མང་པོ་མངའ་ཞིང༌། ྋགོང་ས་ལྔ་པ་ཆེན་པོས་ལྗགས་རྩོམ་མཛད་པ་རྣམས་ཚུད་པའི་བཀའ་ཆོས་འདིའི་རྒྱུད་པའི་ཕྱག་དཔེ་མང་པོ་ད་ལྟ་བཞུགས་སྒར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཉར་ཚགས་གནང་ཡོད་པ་རེད། ྋགོང་ས་ལྔ་པ་ཆེན་པོ་མཆོག་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱོན་པའི་གཏེར་བཏོན་ ༡༠༨ ནང་གི་གཅིག་རེད། བཀའ་ཆོས་དེ་ཉིད་གང་ཟག་མང་པོས་སྤྱད་མེད་ཀྱང་ྋགོང་ས་ལྔ་པ་ཆེན་པོ་ནས་ད་བར་བརྒྱུད་པའི་རྒྱུད་པ་རྣམས་བར་གཏན་ནས་ཆད་མྱོང་མེད། དུས་དེའི་རྩ་ཆེའི་ཕྱག་དཔེ་རྣམས་ཕྱོགས་བསྒྲིགས་སམ་རྩོམ་སྒྲིག་ཚུལ་དང་མཐུན་པ་མ་བྱུང་བར་བརྟེན། དེ་དག་ས་ཆ་འདྲ་མིན་དུ་སྐྱེ་བོ་གཞན་གྱི་སོར་མོས་མ་རེག་པར་ལྷག་ཡོད། ཏཱ་ལའི་བླ་མའི་སྐུ་ཕྲེང་ཚང་མས་བཀའ་ཆོས་འདི་རྒྱུན་མཐུད་དུ་ཉམས་བཞེས་མཛད་ཅིང༌། ད་ལྟ་འཚོ་ཞིང་གཞེས་པའི་ཏཱ་ལའི་བླ་མ་མཆོག་གིས་བཀའ་ཆོས་འདིར་ཕ་ཆོས་ཞེས་གསུངས་ཀྱི་ཡོད། ྋགང་གི་ཆོས་ཀྱི་ཡབ་རྗེའི་གཏེར་ཆོས་ཀྱི་རྗེས་སུ་འབྲངས་ཏེ་ད་ལྟའི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྲོལ་འདི་སླར་སྤེལ་རྒྱུར་ཐུགས་ཁུར་ཧ་ཅང་ཆེན་པོ་བཞེས་ཀྱི་ཡོད། ལས་འགན་འདི་གུས་པར་གནང་སྐབས། བཀའ་སྲོལ་འདིའི་ཞིབ་ཕྲའི་ཕྱག་སྲོལ་སྐྱོན་མེད་ཡོང་ཆེད་གུས་པས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་བསྟེན་དགོས་ཀྱི་ཡོད། གང་ཡིན་ཟེར་ན་ཁོང་དང་ྋགོང་ས་མཆོག་རྣམ་གཉིས་ནི་བཀའ་སྲོལ་འདིའི་དབང་ལུང་ཡོངས་རྫོགས་མངའ་བའི་རྩ་བའི་བླ་མ་གཉིས་ཡིན་པས་རེད། ཕྱག་དཔེ་འགའ་ཞིག་བོད་ནང་བརླག་པའམ་ལུས་པར་བརྟེན་ཚང་གི་མེད་ཅིང༌། ཕྱི་ལོ་ ༡༩༨༥ ལོར་གསང་སྔགས་ཀྱི་སློབ་དཔོན་ཆེན་མོ་དིལ་མགོན་མཁྱེན་རྩེ་རིན་པོ་ཆེ་མཆོག་ལ་ཨ་རིའི་དཔེ་མཛོད་ཁང་གི་བཀར་འཇུག་དཔེ་སྒྲོམ་ནང་ནས་བེད་སྤྱོད་མ་བཏང་བའི་ཕྱག་དཔེ་ཁག་ཅིག་རྙེད་སོན་བྱུང་འདུག ཁོང་གིས་དེ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བསྐུར་མཛད་པ་དེས་གུས་པར་ཕན་ཐོགས་ཆེན་པོ་བྱུང༌། ད་ཆ་འགོ་འཛུགས་ཤིག་བྱས་ཟིན་པས་སྒོམ་སྒྲུབ་འདི་མུ་མཐུད་རྒྱུ་དང༌། བར་ཆད་མེད་པ་བྱ་རྒྱུ་ནི་ངའི་ལས་འགན་རེད། ཕུགས་ཀྱི་དམིགས་ཡུལ་ནི་དུས་རིང་གི་སྒོམ་སྒྲུབ་འདི་གཉེར་རྒྱུ་ཙམ་མ་ཡིན་པར། རྙིང་མ་བ་དང་བཀའ་བརྒྱད་ཀྱི་བཀའ་སྲོལ་གྱི་ཆ་ལག་ཆ་ཚང་ཉམས་གསོ་ཐུབ་མིན་བལྟ་རྒྱུ་དེ་ཡིན། དེ་བཞིན་ང་ཚོས་དུས་རིང་གི་སྒོམ་སྒྲུབ་ཚར་བའི་གྲྭ་པ་སྒྲུབ་ཁང་ནས་ཕྱིར་ཐོན་རྗེས། ཁོང་རྣམ་པའི་བྱ་བ་ངོ་མ་སྟེ་ཆོས་མཐུན་གྱི་འཚོ་བ་འགོ་འཛུགས་གནང་ཡུལ་དུ་འོས་འཚམས་དང་གཏན་འཇགས་ཀྱི་བཞུགས་ཤག་བཀོད་སྒྲིག་བྱ་དགོས་ཀྱི་ཡོད། ཐ་ན་ང་ཚོར་རང་ཡུལ་བསྐྱར་ཐོབ་བྱུང་སྟེ་བོད་ནང་ལོག་ནས་མ་དགོན་ཞིག་བཞེངས་ཐུབ་པའི་སྐབས་སུའང༌། དགོན་པ་འདི་ཉིད་མུ་མཐུད་དེ་རྒྱ་གར་ནང་སྒྲུབ་པ་ཉམས་ལེན་གྱི་ལྟེ་གནས་ཤིག་ཆགས་རྒྱུ་རེད། དོན་དམ་གྱི་བསམ་ཚུལ་ནི་ང་རང་འཆི་བའི་རྗེས་སུའང་མུ་མཐུད་དེ་རྒྱུན་འཛིན་དགོས་པ་དེ་ཡིན། དགོན་པ་འདི་མུ་མཐུད་གནས་ཐུབ་པ་བྱ་རྒྱུ་ནི། ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་སློབ་སྦྱོང་བྱེད་བཞིན་པའི་ངའི་བུ་ཚུད་པའི་གཞན་དག་ཚོའི་ལས་འགན་ཆགས་རྒྱུ་རེད། བཤད་གྲྭ་འཛུགས་གཉེར་གྱི་བསམ་ཚུལ་དེ་མངོན་དུ་གྱུར་ན། དང་པོ་འབོར་གྲངས་ཉུང་ཉུང་ཞིག་ནས་འགོ་འཛུགས་དགོས་པ་སྟེ། ཕལ་ཆེར་སློབ་མ་བཅུའམ་བཅོ་ལྔ་བྱས་ཆོག་ཅིང་དེ་ནས་རིམ་པས་སྤར་ཆོག་གི་རེད། མ་གཞི་ང་ཚོར་མཁས་པའི་བྱ་བ་ལྟ་གྲུབ་ཀྱི་བགྲོ་གླེང་དང༌། ཤེས་ཡོན་འཕེལ་རྒྱས་ཀྱི་དོན་དུ་ས་སྐྱ་པ་དང༌། དགེ་ལུགས་པ། བཀའ་རྒྱུད་པ། རྙིང་མ་པ་ཞེས་ཐ་སྙད་འདོགས་ཕྱོགས་མི་འདྲ་བ་ཡོད་ཀྱང༌། རང་གི་ཉམས་ལེན་གྱི་མཐའ་མའི་ཉམས་རྟོགས་རྙེད་ཆེད་ཚང་མས་རྫོགས་ཆེན་ཏེ་རྫོགས་པ་ཆེན་པོའི་ཆོས་ལ་བརྩོན་པ་ཡིན། ང་ཚོར་ཆོས་རྒྱུད་མི་འདྲ་བ་ཡོད་པ་རྣམས་མཛེས་སྡུག་གི་དཀྱིལ་འཁོར་དང་མཚུངས་བསྡུར་བྱས་ཆོག་པ་ཡིན། དཀྱིལ་འཁོར་ལ་ཕྱོགས་བཞིར་སྒོ་མོ་བཞི་ཡོད་པ་དེ་དག་མཐར་ཐུག་དབུས་ཀྱི་ཡི་དམ་ཡོད་སར་བསྐྱོད་ལམ་གཅིག་མཚུངས་ཡིན་པ་ཇི་བཞིན་ནང་ཆོས་ཀྱི་རྣམ་པ་ཡོད་དོ་ཅོག་ཀྱང་དེ་དང་མཚུངས་པ་ཡིན། འབྱུང་ཁུངས་མཐར་ཐུག་གམ་མཐར་ཐུག་གི་སྐྱབས་གནས། ཡང་ན་མཐར་ཐུག་གི་བཤེས་གཉེན་ནི་སངས་རྒྱས་དང་ཆོས་ཡིན་དགོས། མིང་དང་ཉམས་ལེན་བྱེད་སྟངས་མི་འདྲ་བ་འདི་དག་ཚང་མ་ཆོས་དེ་གང་ཟག་མི་འདྲ་བའི་གནས་སྟངས་དང་འཚམས་པ་བྱ་རྒྱུའི་དགོས་དབང་ལ་བརྟེན་ནས་བྱུང་བ་རེད། ང་ཚོར་ངང་རྒྱུད་དང༌། ཁམས། ནུས་པ་བཅས་མི་འདྲ་བ་ཡོད་པས། ཁ་ཤས་ལ་གསང་སྔགས་སམ་རྙིང་མ་འཚམས་ཤིང༌། འགའ་ཞིག་ལ་དགེ་ལུགས་ཡང་དག་པའི་ལམ་ཞིག་རེད། དེར་བརྟེན་དེ་ནི་གང་ཟག་བྱེ་བྲག་པའི་དགོས་མཁོ་དང་འཚམས་པར་ཆོས་རྒྱུད་མི་འདྲ་བ་ཞིག་བྱུང་ཚུལ་ཡིན་ཞིང༌། འོན་ཀྱང་མཐར་ཐུག་བརྩད་ན། སངས་རྒྱས་དང་ཆོས་ཡིན། དེ་ནི་སྨན་པ་དང་འདྲ་པ་ཡིན། སྨན་པ་ཞེས་པའི་མིང་ནི་སྤྱི་ཁྱབ་ཀྱི་ཚིག་གཅིག་རེད། སྨན་པ་གཅིག་གིས་ནད་གཞི་ཚང་མ་དང་ནད་པ་ཚང་མར་སྨན་བཅོས་བྱེད་མི་ཐུབ། དེར་བརྟེན་སྨན་པ་མང་པོ་དཔེར་ན་པགས་པ་དང༌། མིག །སོ་སོགས་ཀྱི་ཐད་དམིགས་བསལ་ཆེད་སྦྱོང་བྱེད་བཞིན་ཡོད། དམིགས་ཡུལ་གཙོ་བོ་ནི་ནད་པར་ཕན་ཐོགས་བྱ་ཆེད་དང་སྨན་པ་འོས་འཚམས་ཤིག་རྙེད་པ་བྱ་རྒྱུ་དེ་རེད། དེར་བརྟེན་ཆོས་སམ་དྷརྨ་བྱུང་བ་རེད། ཆོས་པ་ནི་གཙོ་བོ་སྙིང་རྗེ་དང་ལྡན་པ་བྱས་ཏེ་བྱམས་པ་དང་བརྩེ་བ་སྟོན་དགོས་པ་དང༌། སྦས་སྐུང་གང་ཡང་མེད་པར་གཞན་ལ་རོགས་ཕན་གང་ཐུབ་པ་དེ་བྱ་དགོས། གལ་ཏེ་དེ་ལྟར་མ་བྱུང་ཡང་གཞན་ལ་གནོད་པ་མི་བྱེད་པའམ་སྡུག་བསྔལ་མི་འདྲེན་པ། གཞན་གྱི་སྡུག་བསྔལ་ཐོག་སྡུག་བསྔལ་མི་སྣན་པ་ཞིག་དགོས། ཚིག་གཞན་གྱིས་བཤད་ན། བྱུང་ན་གཞན་ལ་ཕན་ཐོགས་དང༌། གལ་ཏེ་དེ་ལྟར་མ་བྱུང་ཡང་གནོད་པ་མི་བྱེད་པ་དགོས། དེ་ནི་སྙིང་པོ་རེད། གནོད་འཚེ་བྱེད་པ་དང་དཀའ་ངལ་མང་པོ་བཟོ་མཁན་ནི་ཆོས་པ་ཡིན་ཤེས་སྟངས་མེད། ཐ་ན་བོད་ཀྱི་ནང་ཆོས་ནང་དུའང་ང་ཚོར་ཆོས་རྒྱུད་མི་འདྲ་བ་ཡོད་པ་དང༌། དེ་རེ་རེ་བཞིན་ལ་དམིགས་བསལ་གྱི་དགོས་པ་རེ་ཡོད་ནའང༌། མི་ཁ་ཤས་ཀྱིས་རྙིང་མ་པ་སྡུག་ཅག་ཡིན་པ་དང་བཀའ་བརྒྱུད་པ་ཡག་པོ་ཡིན་པ། དགེ་ལུགས་པ་འདི་འམ་འདི་འདྲ་ཡིན་པ་སོགས་ཤོད་པ་མཐོང་རྒྱུ་ཡོད། འདི་འདྲ་ཤོད་མཁན་དེས་ཆོས་རྒྱུད་མི་འདྲ་བ་ཡོང་དགོས་པའི་རྒྱབ་ལྗོངས་ཀྱི་བསམ་བློ་ཆ་ཚང་ཤེས་ཀྱི་མེད་པ་གསལ་པོར་བསྟན་གྱི་ཡོད། དེ་ནི་ངས་མ་མཐོང་བར་བརྟེན་དམྱལ་བ་ཡོད་པ་མ་རེད་ཅེས་བཤད་པ་དང་འདྲ་པོ་རེད། དེར་བརྟེན་ཆོས་ལུགས་ནི་བསམ་བློའི་ཚན་རིག་ཅིག་སྟེ། དེའི་དགོས་པ་ནི་སེམས་ལ་སྦྱོང་བརྡར་དང་ཁ་ལོ་བསྒྱུར་རྒྱུ་དེ་རེད། སེམས་ལ་སྟངས་འཛིན་བྱེད་སྟངས་མི་འདྲ་བ་སྣ་ཚོགས་ཡོད། དེར་བརྟེན་དགོས་པ་གཙོ་བོ་ནི་སེམས་ལ་སྦྱོང་བརྡར་དང་གཙང་སེལ་བྱས་ཏེ་སེམས་པ་སྐྱོན་དང་བྲལ་བ་ཞིག་ཡོང་བར་འབད་དགོས་པ་དེ་རེད། དེར་བརྟེན་མར་ཤལ་ལགས། ང་ཚོས་ཆོས་པ་དང་སྨན་པ་ཡང་མཚུངས་བསྡུར་བྱས་ཆོག་གི་རེད། ཇི་ལྟར་སྨན་པས་ནད་པའི་ན་ཚ་བཅོས་ཐབས་བྱེད་པ་ནང་བཞིན་ཆོས་པས་སེམས་ཅན་ཚང་མའི་སེམས་ཀྱི་རྣམ་རྟོག་དང་འཁྲུལ་སྣང་རྣམས་བཅོས་ཀྱི་ཡོད། དེར་བརྟེན་གཞན་ལ་བརྩེ་བ་དང༌། སྙིང་རྗེ། ཞབས་འདེགས་བཅས་བྱེད་དགོས་དོན་ག་རེ་ཡིན་མིན་ཤེས་རྟོགས་ཐུབ་མཁན་ལེགས་ཤོས་ནིེ་ཆོས་པ་དང་སྨན་པ་གཉིས་རེད། སྐྱེ་བོ་ཚང་མར་བསམ་བློའི་ཁྱེར་སོ་འདི་རིགས་ཡོད་ཆོག་ཀྱང༌། ཆོས་ཀྱི་དགེ་རྒན་དང་སྨན་པར་འདི་ནི་དམིགས་བསལ་ཞིག་སྟེ། འདི་ནི་ཁོང་ཚོའི་ཉམས་ལེན་གྱི་ཆ་ཤས་ཧྲིལ་པོ་གཅིག་རེད། དེབ་འདི་ཐོན་ཡོང་སྐབས། མི་ཞིག་གིས་རང་གི་བློ་སྟོབས་དང་ཆོད་སེམས་ཉམས་མེད་རྒྱུན་ཉར་བྱས་ན། ཟློག་ཐབས་མེད་པའི་འགོག་རྐྱེན་ཧ་ཅང་ཆེན་པོ་ཡོད་པར་མ་ལྟོས་པར་དམིགས་ཡུལ་མཐོ་པོ་སྒྲུབ་སྲིད་ཚུལ་སྟོན་པའི་བྱ་བའི་ཕྲན་ཚེགས་ཡག་པོ་ཞིག་ཏུ་གྱུར་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། འདི་ནི་ངའི་ལོ་རྒྱུས་དང་ངའི་མི་ཚེའི་གོ་བདེའི་བདེན་དོན་ཞིག་རེད། ང་ནི་དཔེ་དེབ་འདི་ཉིད་འཇིག་རྟེན་འདིར་ཧུར་བརྩོན་པ་ཞིག་ཡོད་པར་མཐོང་བའི་སྐྱེ་བོ་དག་གི་བརྩོན་འགྲུས་ཀྱི་འབྱུང་ཁུངས་ཤིག་བྱ་འདོད་ཡོད། ། མཇུག་བསྡུའི་གཏམ། འདས་པའི་ལོ་སུམ་ཅུ་སོ་གསུམ་རིང༌། བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་ཚབས་ཆེའི་གནས་ཚུལ་མུ་མཐུད་དེ་གནས་ཡོད། ཕྱི་ལོ་ ༡༩༧༩ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཏང་བའི་དངོས་དོན་རྟོག་ཞིབ་ཚོགས་ཆུང་ཞིག་བོད་ནང་བསྐྱོད་ཆོག་པ་བྱུང་ཞིང༌། ཁོང་རྣམ་པས་བཙན་བཀའི་ཐོག་ནས་བོད་ཀྱི་བུད་མེད་ཀྱི་མངལ་ཤོར་འཇུག་པ་དང༌། བོད་རིགས་སྐྱེས་པའི་སྐྱེ་འཕེལ་གྱི་ནུས་པ་གཅོད་པ། མི་རིགས་རྩ་མེད་བཟོ་བ་སོགས་ཀྱི་གནས་ཚུལ་དངོས་སུ་མཐོང་ཐོས་བྱུང་ཡོད། རྒྱ་མི་ས་ཡ་མང་པོ་སྟེ། རྒྱ་ཧན་མི་རིགས་མང་པོ་བོད་ནང་གནས་སྤོས་བྱས་ཤིང༌། དེར་བརྟེན་བོད་མིས་གསུམ་ཆ་གཅིག་མ་གཏོགས་ཟིན་གྱི་མེད་པའམ་ས་སྐྱེས་རྡོ་སྐྱེས་ཀྱི་མི་འབོར་ལས་ཕྱེད་ཀ་ལྷག་རྒྱ་རིགས་རེད། ཕྱི་ལོ་ ༡༩༨༩ ལོའི་ཟླ་བ་ ༣ ནང་རྒྱ་ནག་དམར་པོའི་གཞུང་གིས་དྲག་གནོན་དང་དྲག་པོའི་བཀའ་རྒྱ་བསྡམས་པར་བརྟེན་བོད་ནང་གི་ད་ལྟའི་གནས་སྟངས་ནི་དམ་བསྒྲགས་ཆེ་རུ་སོང་ཡོད། དམག་མི་ ༡༧༠༠༠༠ ལྷག་ལྷ་སའི་ནང་བཅའ་སྡོད་བྱས་ཤིང༌། དེའི་རིང་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་བོད་མི་སྟོང་ཕྲག་མང་པོས་ཕ་ཡུལ་གྱི་མི་ལ་རྒྱབ་སྐྱོར་བྱེད་ཆེད་ཞི་བའི་གོམ་བགྲོད་བྱེད་ཀྱིན་ཡོད། དུས་སྐབས་འདིའི་རིང་བོད་མི་མང་པོར་མནར་གཅོད་དང༌། བསད་པ། བཙོན་འཇུག་བཅས་བྱས་ཡོད། ཕྱི་རྒྱལ་ཡུལ་བསྐོར་བ་དང་འབྲེལ་མཐུད་པ་ཆ་ཚང་བོད་ནས་ཐོན་བཅུག་ཡོད། ཕྱི་ལོ་ ༡༩༩༣ ལོའི་ཟླ་བ་ ༦ ནང་རྒྱ་ནག་གཞུང་གི་གོང་མཚུངས་གདུག་རྩུབ་འོག་ཡང་བསྐྱར་ངོ་རྒོལ་གྱི་ལས་འགུལ་ཞིག་ལངས་ཡོད། རྒྱ་གར་དུ་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཇེ་མང་ནས་ཇེ་མང་དུ་སོང་བ་དང་སྡུག་སྦྱོང་མནར་གཅོད་ཀྱི་སྙན་ཐོ་འཕར་མ་མུ་མཐུད་དེ་ཐོས་རྒྱུ་ཡོད། སྔོན་མ་ལོ་ངོ་ཉི་ཤུ་རྩ་གཉིས་བཙོན་དུ་བསྡད་པའི་ཆབ་སྲིད་བཙོན་ཟུར་ཞིག་གིས་གསལ་བསྒྲགས་བྱས་པར། (རྒྱ་མིས་བོད་རིགས་ཆབ་སྲིད་བཙོན་པར་སྡུག་སྦྱོང་གཏོང་སྟངས་ནི་འགྲོ་བ་མིའི་བསམ་ཡུལ་ལས་འདས་པ་ཞིག་རེད། གཙང་སྦྲ་དང༌། བཅུད་ཟས། སྨན་བཅོས། གྱོན་གོས་བཅས་ནི་གཏན་ནས་མེད་པར་མི་ཤ་དང༌། རྟ་ཤ། ཁྱི་ཤ་རྣམས་ཟས་ཀྱི་ཆ་ཤས་ཤིག་རེད། བཙོན་པ་བརྒྱ་ཆ་དགུ་བཅུ་བཀྲེས་ལྟོགས་དང་སྲོག་ཁྲིམས་འོག་ཏུ་འདས་གྲོངས་ཕྱིན་ཡོད་)ཅེས་བཤད་ཡོད། བོད་མི་ཚོས་ད་དུང་ཉིན་གཅིག་རང་གི་ཕ་ཡུལ་ལ་རང་དབང་ཐོབ་སྟེ་ྋགོང་ས་ཏཱ་ལའི་བླ་མ་མཆོག་ད་ལྟ་རྒྱ་མིས་ཡུལ་བསྐོར་སྤྲོ་འཆམ་པ་འཁྱམས་ཡུལ་དུ་སྤྱོད་པའི་ྋགང་གི་ཕོ་བྲང་པོ་ཏཱ་ལར་ཞབས་སོར་འཁོད་ངེས་ཡིན་པའི་ཡིད་ཆེས་བྱེད་བཞིན་ཡོད། ལོ་ངོ་མང་པོའི་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཁྱོན་ཡོངས་སུ་ཆིབས་བསྒྱུར་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གང་གི་ཆབས་འབངས་མི་སེར་གྱི་སྐུ་ཚབ་གནང་སྟེ། རྒྱ་ནག་ལ་དགོས་འདུན་འདོན་དགོས་པའི་རེ་འབོད་དང༌། གང་གི་ཕ་ཡུལ་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཚུལ་འཛམ་གླིང་གིས་ཤེས་སུ་འཇུག་བཞིན་ཡོད། ཁོང་གིས་བོད་རྒྱའི་དཀའ་རྙོག་དེ་འཚེ་མེད་ཞི་བའི་ཐོག་ནས་ཐག་གཅོད་ཡོང་ཐབས་རྒྱུན་མཐུད་དུ་གནང་བ་དང༌། གང་གི་ཆབ་འབངས་ལ་རེ་བའི་དབུགས་དབྱུང་མཛད་པར་ཕྱི་ལོ་ ༡༩༨༩ ལོའི་ནོར་ཝེའི་ཞི་བདེའི་གཟེངས་རྟགས་ཐོབ་ཡོད། དེང་སྐབས་ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་དགོན་པའི་ཆ་ཤས་ཤིག་གྲུབ་ཚར་བ་དང་མཉམ་དུ་འཛུགས་བསྐྲུན་ཀྱི་ལས་གཞི་མུ་མཐུད་བྱེད་བཞིན་ཡོད། ཉེ་དུས་ཁོང་སྐུ་མ་གཤེགས་བར་ཆར་པ་འབེབས་ཟློག་དང་ཞབས་བརྟན་གནང་བཞིན་རྒྱ་གར་ནང་ཁུལ་དུ་ཕེབས་ཡོད། ཁོང་གིས་ད་དུང་ཕྱི་རྒྱལ་ཁག་ཏུའང་ཕེབས་ཏེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་བོད་ཀྱི་ནང་ཆོས་ཀྱི་ཐད་གོ་རྟོགས་ཆེ་ཙམ་ཞིག་སྤེལ་ཆེད་ཨ་རིའི་ནང་རྟེན་གཞི་ཞིག་གསར་འཛུགས་གནང་ཡོད།། །།

No comments:

Post a Comment