2009-08-24

བཙན་བྱོལ་བོད་མིའི་ནང་གི་རིགས་གཅིག་རྐང་འཛིན་པ་དང་པོའི་གྲས་ཤིག


དེང་རབས་ཀྱི་གསོ་བ་རིག་པའི་ཐོག་སློབ་སྦྱོང་མཐར་ཕྱིན་པ་གནང་སྟེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་གནང་མཁན་ཌོག་ཊར་སྤེན་པ་ལགས་ནི་ཕྱི་ལོ་ ༡༩༤༩ ནས་ ༡༩༥༥ བར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡུ་ནན་བྷ་སེ་ཊི་ཞེས་པའི་མཐོ་རིམ་སྨན་ཁང་ཆེ་བའི་ནང་སྨན་དང་གཤག་བཅོས་རིག་པའི་ཐད་ཉེ་བའི་གཙུག་ལག་རབ་འབྱམས་(MBBS)པའི་སློབ་སྦྱོང་གནང་སྟེ་རྒྱ་གར་དུ་ལོག ། དེ་རྗེས་ཕྱི་ལོ་ ༡༩༦༥ ནས་ ༡༩༦༧ བར་གོང་གསལ་དབྱིན་ཡུལ་གྱི་སློབ་གྲྭ་དེར་བསྐྱར་དུ་ཕེབས་ནས་མཐོ་རིམ་གཤག་བཅོས་ཀྱི་གཙུག་ལག་སློབ་གཉེར་(Member of the Royal College of Surgeons.)མཐར་ཕྱིན་པ་གནང། དེ་ནི་བོད་རིགས་ཤིག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཤིག་ལ་ལག་འཁྱེར་དེ་ཐོབ་པ་ཐེངས་དང་པོ་ཡིན། སྐབས་དེར་ཁོང་དང་མཉམ་དུ་སློབ་གཉེར་བྱེད་མཁན་མི་རིགས་མི་འདྲ་བ་ ༢༥༠ ཙམ་ཡོད་པའི་ནང་ནས་བཞི་ཟུར་གཅིག་ཙམ་ལ་མ་གཏོགས་ལག་འཁྱེར་དེ་ཐོབ་མེད། ལོན་ཌོན་དུ་བཞུགས་རིང་ཁོང་གིས་བོད་ཀྱི་འབྱུང་ཁུངས་སྐོར་ལ་དེབ་ཅིག་ཀྱང་བརྩམས་ཏེ་བོད་དོན་དྲིལ་བསྒྲགས་ལ་ཕན་པར་མཛད། ཕྱི་ལོ་ ༡༩༦༧ ཟླ་ ༧ ཚེས་ ༣༡ ཉིན་ཁོང་མཁའ་ལམ་བརྒྱུད་ཤི་ལི་གུ་རི་གནམ་ཐང་དུ་ཕེབས་སྐབས་ཁོང་གི་སྐུ་ཟླ་སྲས་སྲོས་དང་གཉེན་ཚན་ཁག །རྡོར་གླིང་བཙན་བྱོལ་བོད་མིའི་གཏན་སློབ་ཀྱི་སློབ་སྤྱི་སོགས་ཀྱིས་ཕེབས་བསུ་ཞུས། ཁོང་གིས་རང་གི་སྨན་པའི་ཆེད་ལས་ལ་བརྟེན་ནས་ནད་ཀྱིས་མནར་བའི་སྐྱེ་བོ་སྤྱི་དང་ལྷག་པར་བཙན་བྱོལ་བོད་མིར་ཕན་འདོགས་ཆེན་པོ་གནང་ཞིང། རྡོར་གླིང་རང་འཚོའི་བཟོ་གྲྭར་ཡང་ཁོང་གིས་ཡང་ཡང་ཕེབས་ཏེ་སྨན་བཅོས་དང་འཕྲོད་བསྟེན་གྱི་སློབ་སྟོན་ཡུན་རིང་གནང་མྱོང་འདུག ། ཁོང་དབྱིན་ཡུལ་དུ་མ་ཕེབས་གོང་གཞི་རིམ་གྱི་སློབ་གཉེར་ཇི་ལྟར་གནང་བ་དང། སྐུ་ཚེའི་མཇུག་གི་ལོ་རྒྱུས་རྣམས་ད་ཕན་མ་རྙེད།།

No comments:

Post a Comment