ངའི་ཁྱོ་ག་རི་ཆར་ཌི་ བྷུ་ལུམ་(Richard Blum)བརྒྱུད་དེ་དྷ་རམ་ས་ལར་ཕྱི་ལོ་ ༡༩༧༨ ལོའི་སྟོན་དུས་སུ་ངས་ྋགོང་ས་མཆོག་ཐོག་མར་མཇལ་རྒྱུ་བྱུང༌། ཁོང་གི་སྐུ་མདུན་དུ་བཅར་བའི་གཟི་བྱིན་གྱིས་ང་རང་མཚར་འཚབ་གཉིས་ལྡན་བྱུང་ལ་དེས་ལག་ལེན་ནང་ཞུགས་སུ་བཅུག་བྱུང༌། ཕྱི་ལོ་ ༡༩༧༩ ལོའི་ཕྱི་ཟླ་ ༩ པར་སན་ ཧྥ་རན་སི་སེ་ཀོ་(San Francisco)ཡི་གྲོང་ཁྱེར་སྤྱི་ཁྱབ་ཡིན་པའི་ཆ་ནས་ང་རང་ྋགོང་ས་མཆོག་ལ་གྲོང་ཁྱེར་དེའི་ལྡེ་མིག་འབུལ་སླད་གདན་འདྲེན་དང་དགའ་བསུ་ཞུ་མཁན་གཞུང་ཞབས་ཐོག་མ་དེ་ཡིན།
འདི་ནི་ཁོང་ཨ་རིར་ཆིབས་བསྒྱུར་གནང་བ་ཐོག་མ་དེ་རེད། ྋགོང་ས་མཆོག་ཞལ་འདྲིས་བྱུང་བ་དང་བསྟུན་ངས་ྋགོང་ས་མཆོག་དང་རྒྱ་ནག་གི་དབུ་འཁྲིད་རྣམ་པའི་དབར་གྱི་འབྲེལ་ཟམ་ཡོང་ཐབས་བྱས་པ་ཡིན། དོན་དངོས་སུ་ཕྱི་ལོ་ ༡༩༩༡ ལོ་ནས་དུས་སྐབས་མི་འདྲ་བ་གསུམ་ལ་ངའི་ཁྱོ་ག་དང་ངས། བོད་རྒྱའི་དབར་ཐད་ཀའི་གྲོས་མོལ་གནང་དགོས་པ་དང༌། ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་པ་བསྐྱར་ཟློས། ྋགོང་ས་མཆོག་གིས་བོད་ལ་ཆོས་དང་རིག་གཞུང་གི་རང་སྐྱོང་འགན་ལེན་ཐུབ་པ་ཞིག་རྩོད་པ་ལས་རང་བཙན་རྩོད་ཀྱི་མེད་པའི་སྐོར་གསལ་བརྗོད་བཅས་ཀྱི་ནང་དོན་འཁོད་པའི་ྋགོང་ས་མཆོག་གི་ཕྱག་བྲིས་ཁག་རྒྱ་ནག་གཞུང་གི་དབུ་འཁྲིད་ཚོར་ལག་སྤྲོད་ཞུས་པ་ཡིན། ྋགོང་ས་མཆོག་དང་བཀའ་མོལ་ཐེངས་མང་ཞུས་པ་བརྒྱུད་ངས་ཏཱ་ལའི་བླ་མ་མཆོག་ནི་རྒྱུ་མཚན་ལྡན་པའི་མི་ཞིག་ཡིན་པར་ཆ་རྒྱུས་བྱུང༌། ཁོང་གིས་རང་བཙན་རྩོད་གནང་གི་མེད་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་དོན་ཕན་ལྡན་པའི་རང་སྐྱོང་རྩོད་གནང་གི་ཡོད། གལ་ཏེ་རྒྱ་ནག་གི་དབུ་ཁྲིད་ཚོས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་ཅོག་ཙེ་ཅིག་གི་འགྲམ་དུ་བསྡད་ན། ཁོང་རྣམ་པས་ལྷན་དུ་དཀའ་སེལ་གྱི་ཐབས་ལམ་ཞིག་འཚོལ་རྙེད་ཐུབ་ནས། ྋགོང་ས་མཆོག་གིས་རིང་མོ་ཞིག་ནས་སྨོན་པ་ལྟར་རང་ཡུལ་གངས་ལྗོངས་སུ་ཆིབས་བསྒྱུར་གནང་ཐུབ་པ་ཡོང་རྒྱུར་ངས་ཡིད་ཆེས་གཙང་མ་ཞུ་གི་ཡོད། སེམས་སྐྱོ་བ་ཞིག་ལ་འདི་ནི་ཤོར་དང་ཤོར་བཞིན་པའི་གོ་སྐབས་ཤིག་རེད། སྟབས་བདེའི་དོན་དངོས་ནི། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལས་ལྷག་པའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མའི་གཟི་དཔལ་འབུལ་འོས་པའི་སྐྱེ་བོ་གཞན་སུ་ཡང་ངས་མི་དྲན་པ་དེ་རེད། འཛམ་གླིང་ས་ཕྱོགས་གང་སར་ཁོང་གི་གསུང་བཤད་གནང་སར་མི་མང་སྟོང་ཚོ་མང་པོ་འདུ་ཞིང༌། སྐྱེ་བོ་དེ་ཚོས་ཁོང་གི་གསུང་ལ་ཉན་པར་རིངས་ལ། ཁོང་གི་བྱམས་བརྩེའི་སྐྱབས་འཇུག་འོག་ཏུ་ཚུད་པར་འདོད། ཁོང་གི་གསུང་ཆོས་ནི་ཆོས་ལུགས་དང་རིག་གཞུང༌། མི་རིགས་མི་འདྲ་བ་ཁག་ཡོངས་ལ་ཁྱབ་ཅིང༌། ཞི་བདེ་དང༌། འཚེ་བ་མེད་པ། བསམ་ཤེས་བཅས་དང་འབྲེལ་བའི་ཁོང་གི་གསུང་འཕྲིན་ལས་ལྷག་པའི་འབྲེལ་ཆགས་པ་གཏན་ནས་བྱུང་མྱོང་མེད། དེར་བརྟེན་ངས་འདིར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། ྋགོང་ས་མཆོག་ནས་འཛམ་གླིང་ཡོངས་ལ་བྱམས་བརྩེའི་གསུང་འཕྲིན་ཁྱབ་སྤེལ་མཛད་པར་ང་རང་སྒེར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
No comments:
Post a Comment