2009-11-07

ངས་ཁྱེད་ལ་འདི་ལྟར་དགའ་ལ་འདི་ལྟར་དྲན།

ཁྱེད་ཀྱི་མིག་ཟུང་གི་ཆར་རྒྱུན།
ངའི་སྐྱོ་གདུང་གི་གདོང་ལ་བཤེར་སྐབས།
མི་ཡུལ་དུ་འོད་སྣང་སྙེགས་པའི་གོམ་ཁ།
ཡང་ཡང་ཕྱིར་ཕྱོགས།

རྨི་ལམ་ཁོ་ནར་སྨོན་པ་བཅངས་པའི་ང་རང༌།
ཞོགས་པའི་ཉི་ཟེར་ལས་ཁྱེད་ཀྱི་མིག་འོད་མཐོང་སྐབས།
རླུང་གིས་གཡོ་མཚམས་མི་འཇོག་པའི་དར་ལྕོག་བཞིན།
འགྲོ་འདུག་གི་རང་དབང་བྲལ།

ཁྲི་ཤིང་གི་སྡེམ་ཉམས་ལས།
ཁྱེད་ཀྱི་གཟུགས་བྱད་མཐོང་ཞིང༌།
ཆུ་ཡི་རླབས་རིས་ལས།
ཁྱེད་ཀྱི་སྨིན་མ་མཐོང༌།

མེ་ཏོག་གི་འཛུམ་ཞལ།
སྟོང་སྐུད་ཀྱི་སྐྲ་ལོ།
དཀར་འཇམ་གྱི་སེམས་པ།
ངས་ཁྱེད་རང་དྲན་བྱུང༌།

དྲན་དྲན་པའི་ངའི་ཀེང་རུས་ཀྱི་གཟུགས་ཕུང༌།
མིག་ཆུའི་རྒྱ་མཚོའི་ནང་དིམ་ལ་ཉེ།
 

གལ་ཏེ།
འོད་སྣང་ལ་སྙེགས་པའི་ངའི་གངས་དཀར་སེམས་འདི་དམྱལ་བར་སོང་ནའང༌།
རུས་གོང་དཀར་པོ་འདི་ལ་ཁྱེད་ཀྱི་མིང་ཡིག་གསལ་སྲིད་པས།
ངས་ཁྱེད་ལ་འདི་ལྟར་དགའ་ལ་འདི་ལྟར་དྲན།།

No comments:

Post a Comment