2010-03-03

༄༅།། བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་བཙུགས་ནས་ལོ་ ༥༠ འཁོར་བར་དྲན་གསོ་ཞུ།


ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༣ འདི་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་བསྐྱངས་ནས་ལོ་ངོ་ ༥༠ ཏག་ཏག་སོང་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན།

དེ་ཡང། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ དགོང་དྲོ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྟོན་འཁོར། བོད་ཀྱི་རྒྱལ་ས་ལྷ་ས་ནས་བཙན་བྱོལ་དུ། ཕེབས་ཐོན་གནང་འགོ་བཙུགས་ཤིང༌། ལོ་དེའི་ཟླ་བ་ ༣ ཚེས་ ༣༠ ཉིན་རྒྱ་གར་ས་ཁོངས་སུ་ཕེབས་འབྱོར་གྱིས་ཟླ་བ་ ༤ ཚེས་ ༢༠ ཉིན་མ་སུ་རིར་ཞབས་སོར་བཀོད།

མ་སུ་རིར་ཞབས་སོར་འཁོད་རྗེས་ཀྱི་ཉིན་ལྔ་ལས་མ་སོང་བའི་སྐབས་ཏེ། ཕྱི་ཟླ་ ༤ ཚེས་ ༢༥ ཉིན། ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར། མ་སུ་རིར་སྲིད་བློན་ཟུར་པ་ཀླུ་ཁང་ཚེ་དབང་རབ་བརྟན་དང༌། གཡུ་ཐོག་བཀྲ་ཤིས་དོན་གྲུབ། སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། སྤོམ་མདའ་ཡར་འཕེལ་སོགས་ཀ་སྦུག་བདེ་དོན་ཚོགས་པའི་ཚོགས་མི་རྣམས་དང༌། གཞུང་ཞབས་ ༣༠ བརྒལ་བའི་ཚོགས་ཆེན་བསྐྱངས་ཐོག བཙན་བྱོལ་བོད་གཞུང་གི་ཁ་ཚ་དགོས་གཏུགས་ཀྱི་གནང་སྒོ་ཁག་ལས་བགོས་བསྐྱོན། སྐབས་དེར་ཕྱག་ལས་རྣམ་གྲངས་གཙོ་བོ་ནང་སྲིད་དང༌། ཕྱི་སྲིད། འདུ་འགོད། ཤེས་རིག ཆོས་དོན་བཅས་ལ་གཏན་འབེབས་བསྐྱངས་ཤིང༌། ཤེས་རིག་ལས་དོན་གྱི་འགན་ཁུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་གནང་རྒྱུར་ཐུགས་གཏན་འཁེལ།


དེ་འཕྲལ་མགོན་པོ་གང་གི་ཕེབས་རྗེས་སུ་འབྲངས་པའི་བོད་མི་སྐྱབས་བཅོལ་བ་གནས་ཡུལ་མི་ས་མ་རི་དང། བྷག་ས་སོགས་སྒར་ས་ཁག་ལ་འཚམས་འདྲི་དང་གཟིགས་རྟོག་ཆེད། ྋགོང་ས་མཆོག་ནས་སྐུ་ཚབ་ཆེད་གཉེར་གནང་བ་ལྟར། སྐུ་ཚབ་ཚོ་ས་གནས་སུ་ངོ་བསྐྱོད་ཀྱིས་གནས་སྟངས་སྤྱི་དང་ལྷག་པར་བོད་ཕྲུག་ཆུང་ཆུང་ཇི་ཡོད་དང་དེ་དག་གི་གནས་སྟངས་རྣམས་སྤྱི་ཡོངས་ཤེས་རྟོགས་ཐུབ་པ་གནང་སྟེ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེའི་གནས་སྟངས་ཐད། ཐུགས་ཚོར་ཇི་བྱུང་གང་གི་རང་རྣམ་༼ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང༌། ཤོག་ངོས་ ༢༩༨་་་༡༩༩ ལ་གསལ།༽ནང་གསལ་བཀོད་གནང་དོན།

ལོ་བཅུ་དྲུག་མན་གྱི་བོད་ཕྲུག་ལྔ་སྟོང་ལྷག་ཙམ་ཡོད་པ་ནི་ངེད་ལ་དམིགས་བསལ་གྱི་སེམས་འཁུར་ལྕི་བ་ཞིག་ཡིན། བུ་ཕྲུག་རྣམས་རང་ཡུལ་དང་ཐ་དད་ཀྱི་ཡུལ་དུ་གློ་བུར་སྤོ་འཁྲིད་སྐབས་རྒན་པ་དང་མི་འདྲ་བའི་དཀའ་ཚེགས་ཆེ་བ་ཡོང་གི་ཡོད་ཅིང༌། ཐོག་མའི་ཆར་གནམ་གཤིས་དང༌། ཟས་སྤྱོད་མ་མཐུན་པས་བོད་ཕྲུག་མང་པོ་འདས་གྲོངས་གྱུར་འདུག །ཁོང་ཚོའི་འཕྲོད་བསྟེན་ཟབ་གཅེས་དང༌། ལུས་སྲོག་བདེ་སྐྱོང་ཐུབ་ཐབས་སུ་ང་ཚོས་ཛ་གལ་ཆེན་པོས་ཐབས་ཤེས་བྱེད་དགོས་པ་མ་ཟད། ཁོང་ཚོའི་སློབ་སྦྱོང་ནི་ཤིན་ཏུ་གནད་གལ་ཆེན་པོ་ཡིན། བོད་ནང་ཡོད་པའི་བུ་ཕྲུག་ཚོ་རྒྱ་མིས་ཕ་མའི་ས་ནས་འཕྲོག་འཁྲིད་གུང་བྲན་གྱི་རིགས་སུ་གསོ་སྐྱོང་གིས་བོད་མི་ནང་པ་མིན་པ་ལྟ་བུར་བསྒྱུར་བ་ང་ཚོས་ཤེས་ཀྱི་ཡོད། བོད་ཕྲུག་ཚོས་རྒྱ་མིའི་ལྟ་སྤྱོད་དྭང་ལེན་མ་བྱས་པའི་སྐོར་གོང་དུ་བརྗོད་ཟིན་ཀྱང༌། གུང་བྲན་རིང་ལུགས་ཡུན་རིང་གནས་ན་བོད་ཕྲུག་ཆུང་ངུ་ཚོ་གུང་བྲན་གྱིས་གསོ་སྐྱོང་འོག་ན་ལོངས་སྐབས་སུ་ཡང་ཁོང་ཚོ་གུང་བྲན་དུ་མི་འགྱུར་སྙམ་པ་ཡང་དོན་མེད་རེད། དེར་བརྟེན་མི་རབས་རྗེས་མའི་སྐབས་དེང་དུས་རྒྱ་གར་ནང་ཡོད་པའི་བོད་ཕྲུག་ཚོ་གནད་གལ་ཆེན་པོར་འགྱུར་རྒྱུ་དང༌། ཁོང་ཚོ་ནི་ང་ཚོས་གཅེས་སྐྱོང་བྱ་འོས་པའི་ཆོས་སྤྱོད་ཞི་བའི་ས་བོན་ལྟ་བུར་འགྱུར་གྱི་རེད།

ཅེས་གསལ་ཡོད། ྋགོང་ས་མཆོག་ནས་བུ་ཕྲུག་དེ་དག་མ་འོངས་བོད་ཀྱི་ཆོས་སྤྱོད་ཞི་བའི་ས་བོན་དུ་བརྩེ་གཟིགས་ཀྱིས། སྐབས་དེའི་ཕྱག་ལས་སྣ་མང་གི་ནང་ནས། སློབ་གྲྭ་གསར་འཛུགས་གནང་རྒྱུ་ཨང་དང་པོའི་གྲས་སུ་འཇོག་གནང་མཛད་ཅིང༌། ལོ་དེའི་ཟླ་བ་ ༡༢ པའི་ནང་བཀའ་ཤག་དང་ས་དགེ་བཀའ་རྙིང་བཞིའི་མཁས་པ། ཁུ་ནུ་མཐར་ཕྱིན་བྷ་བྷུ། ལྷ་ལུང་བློ་བཟང་ཕུན་ཚོགས། སློབ་གྲྭ་གསར་འཛུགས་ཀྱི་འགན་བཞེས་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་བཅས་ལྷན་ཚོགས་ཀྱིས། སློབ་གྲྭའི་སློབ་ཚན་དང་སློབ་དེབ་སོགས་ཀྱི་སྐོར་གྲོས་བསྡུར་གནང་སྟེ་འཆར་གཞི་བཀོད།

༡༩༥༩ ལོའི་ལོ་མཇུག་ཏུ། ཕྱག་དངུལ་ཡོངས་རྫོགས་ྋགོང་ས་མཆོག་སྐུ་སྒེར་ནས་སྩལ་ཏེ། མ་སུ་རིར་སློབ་གྲྭ་གསར་འཛུགས་བྱ་ཡུལ་ཁང་པ་གོ་སྒྲིག་དང༌། སློབ་ཕྲུག་བསྡུ་བསྐོང༌། སློབ་ཕྲུག་ལ་ལྟ་སྐྱོང་བྱེད་མཁན་འགོ་འཛིན་དང་ལས་བྱེད་བཅས་བསྐོ་བཞག་སྩལ།

ཕྱི་ལོ་ ༡༩༦༠ ལོའི་ལོ་སྟོད་དུ་དགའ་ཤར་ཛེ་སྨད་སྤྲུལ་སྐུ་དང༌། པད་བཀོད་བདུད་འཇོམས་སྤྲུལ་སྐུ། རྭ་སྟོད་སྐྱོང་ལྷ་སྤྲུལ་སྐུ། ངོར་ཐར་རྩེ་མཁན་པོ། མཁན་དྲུང་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་བཅས་ལས་གྲུབ་པའི། སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་གནང་བ་དེས། སློབ་དེབ་རྩོམ་སྒྲིག་གནང་འགོ་བཙུགས།

༡༩༦༠ ཟླ་བ་ ༢ ཚེས་ ༢༧ ཉིན་དགའ་ལྡན་ཛེ་སྨད་སྤྲུལ་སྐུ་དང༌། ཕྲེང་རིང་ལྕམ་རིན་ཆེན་སྒྲོལ་མ། ཤོད་དྲུང་རྨ་བྱ་ཚེ་དབང་འགྱུར་མེད། བཀྲས་མཐོང་བསོད་ནམས་སྟོབས་འབྱོར་བཅས་ཕྱི་ནང་གི་སྐད་ཡིག་ཤེས་པ་ཁག་དྲག་འདེམས་ཀྱིས་ལག་ནའོ་ལེ་ཌི་སེ་ ཧའོ་སེ་ཞེས་པར། ཛ་དྲག་ཐོག་གཟའ་འཁོར་གཉིས་རིང་སློབ་སྦྱོང་སྤྲོད་ཐབས་དང་འབྲེལ་བའི་ཟབ་སྦྱོང་དུ་བཏང༌།

དེ་ལྟར་དུས་ཐུང་ནང་འགོ་ལས་ཚང་མས་འབད་འབུངས་གནང་འབྲས་སུ་སློབ་ཁང་དང་སློབ་ཚན། དགེ་རྒན་བཅས་ལམ་རོབ་ཅིག་གོ་སྒྲིག་ཟིན་རྗེས། བོད་ལྕགས་བྱི་ལོའི་ལོ་གསར་ཚེས་ ༥ དང༌། ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོ་བསྐྱངས་ཤིང༌། སྐབས་དེའི་མཛད་སྒོའི་སྐོར་༼སྲིད་ཞིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སློབ་གྲྭ་ཁག་སོགས་ལ་ཤེས་ཡོན་སློབ་སྦྱོང་བྱེད་སྒོའི་སྐོར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས་པོད་དང་པོ། ཤོག་ངོས་ ༤།༥༽ནང་འཁོད་དོན།


གོང་ཚེས་ཉིན་མོའི་ཆུ་ཚོད་ ༣ དང་ཕྱེད་ཀའི་ཐོག ཤེས་རིག་གཙོ་འཛིན་ཛ་སག་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་དང༌། སློབ་སྤྱི་ཕྲེང་རིང་ཛ་སག་འཇིགས་མེད་སུམ་རྩེན་དབང་པོ། སློབ་དགེ་འགའ་ཤས་བཅས། འབིར་ལ་ཧའོ་སོའི་ཕོ་བྲང་དུ་ྋགོང་ས་མཆོག་གདན་ཞུར་བཅར་བསྟུན། བཀའ་བློན་ཚོ་བཅས་སྐུ་འཁོར་ཧྲག་བསྡུས་ཆིབས་བསྒྱུར་གནང༌། སློབ་གྲྭའི་ཉེ་འགྲམ་ནས་སློབ་ཕྲུག་ཚོས་གྲལ་བསྟར་བསྒྲིགས་ཏེ་གུས་འདུད་ཕེབས་བསུ་ཞུས། སློབ་གྲྭའི་མ་ཁང་གི་མདུན་ངོས་ཐོག་གཡབ་འོག་ཧྲལ་སྒོ་ཉིས་གཤིབས་ཡོད་པ་དེར། དར་ཚོན་དང་མེ་ཏོག་གསར་པ་སྣ་ཚོགས་སྦྲེལ་བའི་ཕྲེང་ཤལ་འཕྲེད་དུ་བཏང་ཡོད་པ་དེ་དག སྒོ་དབྱེའི་མཚོན་བྱེད་དུ་ྋགོང་ས་ཆེན་པོས་གཅོད་བྲེགས་གནང་རྗེས། ཧྲལ་སྒོ་དབྱེ་འབྱེད་མཛད་ཁར་ཐུགས་སྨོན་མཛད་དེ་ཅུང་ཟད་བཞུགས་པའི་རིང༌། དེ་ཉིན་གྱི་སྐུ་མགྲོན་ཌོག་ཊར་ཕིའི་ཤྭ་ཞུ་བ་བགྲེས་སོང་དེ་དང༌། ལྡི་ལི་དབུས་སྐྱོབས་གསོ་ཚོགས་པ་དང༌། ཁའི་ཏོ་ལིག་སྐྱོབས་གསོ་ཚོགས་པ། ཨ་རིའི་ཛ་དྲག་སྐྱོབས་གསོ་ཚོགས་པ་སོགས་ཀྱི་ལས་བྱེད་སྐུ་མགྲོན་རྣམས་སྒོའི་ཉེ་འཁྲིས་སུ་བཅར། ྋགོང་ས་མཆོག་གིས་ཧྲལ་སྒོ་དབྱེ་འབྱེད་གནང་སྟེ། ནང་དུ་ཕེབས་རྗེས་སྐུ་མགྲོན་ཚོས་བསྡེབས་གཅིག་ཏུ་བཅར་བར། ཧྲལ་སྒོ་ཆུང་ཞིང༌། ནང་དུ་གཡབ་འོག་ས་ཆ་གོ་ཡུལ་དོག་པའི་དབང་གིས། ཁོང་ཚོ་ཕན་ཚུན་འཚང་ག་ཐེབས་པ་ལྟ་བུས་ཌོག་ཊར་ཕིའི་ཤྭ་འགྱེལ་གྲབས་བྱས་པ་ྋགོང་ས་མཆོག་གིས་གཟིགས་ཏེ། རྟེན་འབྲེལ་ཡག་པོ་བྱུང༌། རྒྱ་གར་ནང་བོད་པའི་སློབ་གྲྭར་སློབ་སྦྱོང་བྱེད་མཁན་འཚང་ག་ཤིག་ཤིག་ཡོང་བ་འདུག་ཅེས་བཀའ་གནང༌། དེ་ནས་སློབ་ཁང་ཁག་ལ་གཟིགས་སྐོར་གྲུབ་རྗེས། མདུན་གྱི་པང་ཐང་ཆུང་ཆུང་དེའི་དབུས་སུ་ྋགོང་ས་མཆོག་དང༌། གཡས་གཡོན་དུ་སྐུ་མགྲོན་ཁག་ཞབས་སྟེགས་སྟེང་བཞུགས། མདུན་དཀྱིལ་དུ་དགེ་རྒན་ཚོ་དང༌། སློབ་ཕྲུག་ལྔ་བཅུ་སྐོར་སྐྱིལ་ཀྲུང་གིས་འཁོད། ཕྱེ་མར་ཆང་ཕུད་དང༌། གྲོ་མ་འབྲས་སིལ། གསོལ་ཇ་སོགས་རིམ་བཞིན་བསྟེགས། ཤེས་རིག་གཙོ་འཛིན་ནས། སློབ་གྲྭ་དངོས་གཞི་ཚུགས་ཆོག་གྲ་སྒྲིག་ཞུ་སྟངས་དང་སློབ་སྦྱོང་ཡང་འགོ་འཛུགས་ཟིན་པས་གནས་ཚུལ་རྣམས་སྙན་སེང་ཞུས། དེ་རྗེས་ྋགོང་ས་མཆོག་ནས་དགེ་སློབ་རྣམས་ལ། སྐྱབས་འགྲོ་དང༌། གང་བློ་མ། ྋརྒྱལ་བའི་ཞབས་བརྟན་བཅས་ཀྱི་ལྗགས་ལུང་སྩལ་མཇུག་ཏུ། བཀའ་སློབ་ཟབ་རྒྱས་གནང་བའི་སྙིང་དོན་དུ་ ་ ་ ་ད་ཕྱིན་ཆད་ང་ཚོས་སྔར་བཞིན་ཕྱི་རྒྱལ་དང་འབྲེལ་བ་མ་བྱས་པར། རང་ཉིད་གཅིག་པུར་སྡོད་ཐུབ་ཐབས་གཏན་ནས་མེད་པས། ང་ཚོའི་ཁྱིམ་མཚེས་རྒྱ་གར་གྱི་སྐད་ཡིག་དང༌། འཛམ་གླིང་དུ་ཁྱབ་ཆེ་ཤོས་དབྱིན་ཇིའི་སྐད་ཡིག འཛམ་གླིང་གི་ཆབ་སྲིད་དཔལ་འབྱོར་སྐོར། ཚན་རིག་ལ་སོགས་དེང་དུས་ཤེས་བྱའི་རྣམ་གྲངས་གཙོ་ཆེ་བ་ཚང་མ་སློབ་སྦྱོང་བྱེད་དགོས་ཤིང༌། དེ་དང་ཆབས་ཅིག་ང་ཚོ་བོད་མི་རིགས་རང་ཉིད་ཀྱི་ཡི་གེ་དང༌། ནང་ཆོས་གཙོ་བོར་གྱུར་པའི་རིག་གཞུང་གི་རྣམ་གྲངས་མང་དག་ཡོད་པ་རྣམས་ཀྱང། ངེས་པར་དུ་སློབ་སྦྱོང་བྱས་ཏེ། དོན་སྙིང་ང་ཚོའི་བོད་ཕྲུག་ན་གཞོན་མི་རབས་གསར་པ་འདི་དག ཆོས་སྲིད་གཉིས་ལྡན་གྱི་ཤེས་ཡོན་ཅན་ཤ་སྟག་ཡོང་ཐབས་འབད་བརྩོན་བྱེད་དགོས་ལུགས་སོགས་བཀའ་སློབ་ཞིབ་རྒྱས་སྩལ།

ཞེས་འཁོད་འདུག དེའི་སྐོར་ལ་སློབ་གྲྭའི་གཙོ་འཛིན་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་ཀྱི་ལོ་རྒྱུས་ ༼མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ། དེབ་དང་པོ། ཤོག་གྲངས་ ༣༡༧།༣༡༨༽ནང༌།

སྒོ་གང་ས་ནས་སློབ་གྲྭའི་མིང་གཟུགས་ཙམ་ལས་མེད་པ་ཞིག་ལ་སློབ་གྲྭ་གསར་འཛུགས་ཀྱི་དབུ་འབྱེད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཞུ་ནུས་མ་གྱུར་ཀྱང་སེམས་པའི་ངར་ཤུགས་སྡིག་པ་མིག་བཙུམས་ཀྱིས་བཀའ་ཤག་བརྒྱུད་གསོལ་བ་བཏབ་པར་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ་མཛད་སྒོ་དངོས་གཞི་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་ཐུགས་གཏན་འཁེལ་བ་བཞིན་༼ཀིལ་ཀྲར་༽སློབ་གྲྭའི་མདུན་ངོས་ཀྭ་ཕིབས་ཆུང་ཆུང་དེར་ཤིང་གི་སྟག་ཁྲ་བསྒྲིགས་པ་དེའི་དཀྱིལ་དུ་སྒོ་ཆུང་ཉིས་བསྒྲིགས་ཤིག་ཡོད་པ་དེར་དར་ཚོན་དང༌། མེ་ཏོག་གི་རྒྱན་སྤྲོས། ཐང་སྟེང་དུ་ྋགོང་ས་ཆེན་པོའི་བཞུགས་ཁྲི་དང༌། སྐུའི་གཡས་གཡོན་དུ་ཡོངས་འཛིན་རྣམ་གཉིས་དང༌། བཀའ་བློན་རྣམ་པས་དབུས་ཕྱི་ནང་གི་སྐུ་མགྲོན་ཆེ་ཁག་བཞུགས་ཡུལ། ཐང་གཤོང་དུ་ཆིབས་ཞབས་རྣམས་དང༌། སློབ་གྲྭའི་དགེ་ལས། སློབ་ཕྲུག་དང་བཅས་བཞུགས་ཡུལ་གྲ་སྒྲིག་སྔོན་ཞུས་ཟིན་པ་བཞིན་ྋགོང་ས་ཆེན་པོ་སྟོན་འཁོར་རྣམས་ཕོ་བྲང་༼འབི་ལ་ཧའོ་སེ་༽ནས་དགྱེས་འཛུམ་དང་བཅས་ཆིབས་བསྒྱུར་གྱིས་ཞབས་སོར་འཁོད། སློབ་སྤྱི་ཕྲན་ཀུན་གླིང་ཛ་སག་ནས་མཛད་རིམ་ྋསྙན་སྒྲོན་ཞུས་རྗེས། ྋགོང་ས་མཆོག་ནས་མེ་ཏོག་གི་དར་ཚོན་གཅོད་འབྲེག་གྲུབ་ནས་སྒོ་ཆུང་དེའི་གཡས་གཡོན་གཉིས་ཀ་ཕྱག་གིས་འཇུས་ནས་ཐུགས་སྨོན་ཤུགས་དྲག་མཛད་ནས་གློ་བུར་དུ་སྒོ་ཆུང་དེ་དག་ཤུགས་ཀྱིས་འབྱེད་གནང་མཛད་པར་སྐབས་དེར་སྐུའི་གཡས་ཕྱོགས་སུ་ཡོད་པའི་ཨ་རིའི་ལྕམ་༼ཕིས་ཤཱ༽ཞུ་བ་བགྲེས་མོ་དེ་ཡང་འགྱེལ་གྲབས་བྱས་སོང༌། ྋགོང་ས་མཆོག་ནང་དུ་ཐད་ཀར་ཕེབས་ནས་བཀའི་ཕེབས་སྒོར། ད་ཉིན་སློབ་གྲྭའི་སྒོ་འབྱེད་རྟེན་འབྲེལ་ཧ་ཅང་ཡག་པོ་བྱུང་སོང་ཞེས་དགྱེས་མཉེས་ཀྱིས་བཀའ་བསྩལ་བྱུང༌། ཕྲན་རང་གི་བསམ་པར་སྔར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དགོན་པ་འཇམ་དབྱངས་ཆོས་རྗེས་ཕྱག་བཏབ་པའི་དུས་སུ་ཐོག་མའི་རྟེན་འབྲེལ་དུ་འབྲས་སྤུངས་ཚོགས་ཆེན་རྒྱབ་ཀྱི་འཇམ་དབྱངས་སྒྲུབ་ཕུག་ནང་དགེ་འདུན་བདུན་གྱིས་འཚང་ག་བརྒྱབ་ནས་མི་གཅིག་ཤི་བ་དེར་རྟེན་འབྲེལ་ཆེན་པོ་འགྲིགས་པ་རེད་ཟེར་སྲོལ་གོ་ཐོས་ཡོང་མྱོང་བའི་བྱུང་ཚུལ་དེ་དང་མཚུངས་པའི་ང་ཚོའི་སློབ་གྲྭ་དེ་ནི་གཞི་རྒྱ་ཧ་ཅང་ཆུང་ཆུང་དེའི་དབུ་འབྱེད་ཐུགས་སྨོན་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་མཛད་པར་དགའ་བ་དཔག་མེད་བྱུང༌།
ཞེས་གསལ་འདུག ཡང་སྐབས་དེར་སྐབས་དེར་སྐད་གྲགས་ཡོད་པའི་བོད་ཡིག་གསར་ཤོག་༼ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང༌། ༡༩༦༠ ཕྱི་ཟླ་གསུམ་པའི་འདོན་ཐེངས་ནང༌།༽

སྤྱི་ཟླ་ ༣ ཚེས་ ༣ ཉིན་མ་སུ་རིའི་གསར་གསལ། ྋགོང་ས་མཆོག་ནས་མ་སུ་རིའི་གཤོངས་སུ་ཆགས་པའི་ཀིལ་ཌ་རི་ཞེས་པའི་ཁང་པར། བོད་མི་སྐྱབས་བཅོལ་བ་རྣམས་ལ་སྐད་རིགས་སོགས་ཡོན་ཏན་སློབ་གསོའི་ཆེད་དུ། རྒྱ་གར་ན་སྔར་མེད་སློབ་གྲྭ་ཞིག་སྒོ་འབྱེད་མཛད་འདུག་ཅིང༌། སློབ་གྲྭ་དེར་ནང་པའི་བསྟན་པ་དང་ཤེས་རིག་མི་ཉམས་གོང་འཕེལ་ཡོང་ཆེད། གནའ་སྲོལ་བཟང་པོའི་ཆོས་དང་བསྟན་བཅོས་ཤེས་རིག་གིས་མཚོན་དབྱིན་ཇི་དང་ཧིན་དིའི་སྐད་ཡིག་སློབ་སྦྱོང་བྱེད་ཐུབ་པ་དང༌། དབུ་འདོམས་སྐུ་ངོ་ཀུན་གླིང་ཛ་སག་མཆོག་ལ་ཕྱག་སྦྲེལ་དྲུག་དང་བཅས་སློབ་གྲྭ་འདིའི་འཚོ་འཛིན་བསྐོ་བཞག་གནང་འདུག་པ་མ་ཟད། སྐབས་དེར་སློབ་གཉེར་བ་ལྔ་བཅུ་སྐོར་གྲལ་བཞུགས་དང༌། རིང་མིན་སློབ་གཉེར་བ་གསུམ་བརྒྱ་ཙམ་ལ་ཡོན་ཏན་སློབ་སྦྱོང་གནང་རྒྱུ་རེད། བིར་ལ་ཧའུ་སིར་ྋགོང་ས་མཆོག་གི་ྋཞབས་འདེགས་ཞུ་མི་ ༣༠ སྐོར་ལའང་སློབ་གྲྭ་དེར་གྲལ་ཞུགས་གནང་དགོས་པའི་བཀའ་གནང་འདུག་པའི་གནས་ཚུལ་མདོར་བསྡུས།
ཞེས་གསལ་འདུག སློབ་གྲྭའི་སློབ་ཕྲུག ༥༠ དེའི་སྐོར་ལ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས། བོད་ནས་མ་སུ་རིར་ལྷན་བཅར་ཆིབས་ཞབས་རྣམས་ཀྱི་ཞབས་གྲས་ལོ་གཞོན་རིགས་དང༌། སྐུ་སྲུང་དམག་ཁོངས་ནས་ལོ་གཞོན་མི་གྲངས་ ༨ ཀ་སྦུག་ཏུ་ཡོད་པའི་གཞུང་ཞབས་ལོ་གཞོན་ཁོངས་ནས་མི་གྲངས་ ༥ སྒང་ཏོག་ལམ་བཟོར་ཡོད་པའི་གཞུང་དམག་ཁོངས་ནས་ལོ་གཞོན་མི་ ༡༠ ཆོས་ལུགས་ཁག་གི་ཁོངས་ནས་དགེ་འདུན་ལོ་གཞོན་མི་ ༡༠ ལམ་བཟོ་ཁག་ལ་ཡོད་པའི་ཁོངས་ནས་ལོ་གཞོན་མི་ ༡༥ བསྟན་སྲུང་དང་བླངས་དམག་ཁོངས་ནས་ལོ་གཞོན་མི་ ༡༠ བཅས་ཁྱོན་བསྡོམས་མི་གྲངས་ ༥༨ བསྡུ་བསྐོངས་རྩ་འཛུགས་ཞུས་ཤིང༌། གོང་དུ་གསལ་བའི་སློབ་ཕྲུག་ཚོའི་ལོ་ཚོད་ཆུང་ཤོས་ལོ་ ༡༣ དང༌། ཆེ་ཤོས་ལོ་ ༡༧ བར་སླེབས་ཚུལ་གསུངས་འདུག ཡང་སྐབས་དེའི་སློབ་ཕྲུག ༥༠ ཁོངས་ཡིན་ཞིང། ད་ལྟ་འཚོ་བཞུགས་བཀའ་ཟུར་མདོ་སྔགས་བསྟན་འཛིན་གྱིས། རང་གི་ལོ་རྒྱུས་ཕྱག་དེབ་༼བཤུལ་རིང་མི་ཚེའི་བྱུང་རབས་གནད་བསྡུས། ཤོག་ངོས་ ༩༥།༩༦༽ནང༌།
ཐོག་མའི་སློབ་ཕྲུག་གི་ཡོངས་ཁུངས་ཐད་འདི་ལྟར། བོད་གཞུང་དམག་སྒར་ཁག་ནས་མི་བཅུ་དང༌། རིས་མེད་ཆོས་ལུགས་ཁག་ནས་མི་གྲངས་བཅུ། ཀ་རྡོར་སྒང་གསུམ་དང༌། མི་ས་མ་རི་གསོག་སྒར་མི་མང་ཁོངས་ནས་མི་གྲངས་བཅོ་ལྔ༌། གཞུང་ཞབས་ཁོངས་ནས་མི་གྲངས་ལྔ་བཅས་བསྡོམས་སློབ་ཕྲུག་ལྔ་བཅུ་ཐམ་པའི་ཐོག བླ་དཔོན་ཁག་གི་ཆིབས་ཞབས་ཁོངས་སུ་ཡོད་པའི་ཞབས་གྲས་མི་བདུན་དམིགས་བསལ་སློབ་ཞུགས་བྱས་ཡོད། ཅེས་གསུངས་འདུག

ཕྲན་ལ་ཡིག་ཆ་ཞིག་རྙེད་སོན་བྱུང་བའི་ནང༌། ༡༩༦༡ ཟླ་ ༡ ཚེས་ ༢༣ ནས་ལོ་ཕྱེད་རིང་ལག་ནའོ་ལི་ཀྲི་སི་ཧའོ་སེ་ཞེས་པའི་སློབ་གཉེར་ཁང་སྐད་གྲགས་ཅན་དེར་མ་སུ་རི་སློབ་གྲྭའི་ཐོག་མའི་སློབ་ཕྲུག་ཁོངས་ནས་ཤེས་ཚད་དྲག་གྲས་ཕུན་ཚོགས་རྣམ་རྒྱལ་དང༌། ༼གྲྭ་བཞི་དམག་༽ཚེ་རིང་ཆོས་གྲགས། ༼གྲྭ་བཞི་དམག་༽རྒྱལ་མཚན་ཆོས་འཕེལ། ༼སྣེ་ཤར་༽ཐུབ་བསྟན་རབ་རྒྱས། ༼འབའ་པ་༽སྐལ་བཟང༌། ༼གྲྭ་བཞི་དམག་༽རྡོ་རྗེ་ཚེ་རིང༌། ཀུན་བཟང་དཔལ་འབྱོར། ༼གྲྭ་བཞི་དམག་༽མདོ་སྔགས་བསྟན་འཛིན་ ༼བཀའ་བསྒྱུར་༽འཇིགས་མེད། བློ་བཟང་རྣམ་གྲོལ་བཅས་དགེ་རྒན་འོས་སྦྱོང་དུ་བཏང་ཞིང༌། སློབ་ཕྲུག་འདི་དག་གིས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་རང་འགུལ་གྱིས་ནང་ཁུལ་སྒྲིག་གཞི་དོན་ཚན་ལྔ་སྤྱི་མོས་ཐོག་གཏན་འབེབས་ཀྱིས་ལག་བསྟར་གནང་བར་མ་ཟད། སློབ་གསེང་དུ་ཧིན་དིའི་སློབ་དེབ་དང་པོ་ནས་བརྒྱད་པ་བར་གྱི་ཚིག་དོན་བོད་སྐད་དུ་བསྒྱུར་ཏེ་ཕྱིས་སུ་སློབ་གཉེར་ཁང་དེར་སྐྱོད་མཁན་ཚོར་སྟབས་བདེ་ཡོང་བ་བཟོས། ཁོང་ཚོ་སྦྱོང་བརྡར་ཐོན་རྗེས་སློབ་གྲྭའི་དགེ་རྒན་དུ་བསྐོ་བཞག་བྱས། ཁོང་ཚོའི་རྗེས་སུ་ཡང་བསྐྱར་སློབ་ཕྲུག་ཚོ་གཅིག་དགེ་འོས་སུ་བཏང་འདུག་ཀྱང་མིང་དང་ཁ་གྲངས་སོགས་རྩད་མ་ཆོད། ༡༩༦༤ ལོའི་ཤེས་རིག་ཚོགས་ཆེན་ཐེངས་དང་པོའི་ཡིག་ཆ་ཞིག་གི་ནང་མ་སུ་རིའི་ཐོག་མའི་སློབ་ཕྲུག་ཁོངས་ནས་ཤེས་རིག་བཀྲ་བ་ ༢༥ ཙམ་དགེ་རྒན་འོས་སྦྱོང་དུ་བཏང་བ་དང༌། གཞན་རྣམས་སྐད་སྒྱུར་དང་ལས་ཁུངས་ཁག་གི་དྲུང་ཡིག་སོགས་སུ་བཏང་སྟེ་ཕན་ཐོགས་ཆེན་པོ་བྱུང་ཚུལ་གསལ་འདུག ཕྲན་གྱིས་ཤེས་རྟོགས་བྱུང་བར་གཞིགས་ན་བཀའ་ཟུར་བཀྲ་ཤིས་དབང་འདུད་ལགས་ཀྱང་ཐོག་མའི་སློབ་ཕྲུག ༥༠ ཁོངས་སུ་ཡོད་འདུག

མ་སུ་རི་བོད་གཞུང་གཏན་སློབ་དེ་ཉིད་ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པར་རྩིས་འབུལ་ཞུས་པ་ནས་ད་བར་ཚོགས་པ་དེའི་འཛིན་སྐྱོང་འོག་ཡོད་ཅིང༌། ལོ་རིམ་སོང་དང་མཉམ་དུ་ད་ཆ་སློབ་གྲྭའི་ཕྱི་ནང་གི་མཐུན་རྐྱེན་ཡག་པོ་ཆགས་ཡོད།

མ་སུ་རི་གཏན་སློབ་ཏུ་ཕྱི་ལོ་ ༡༩༦༠ ནས་ ༢༠༠༨ བར་ཁྱོན་བསྡོམས་སློབ་ཕྲུག ༧༡༢༢ ཙམ་སློབ་ཞུགས་བྱས་ཡོད་པ་དང༌། ཕྱི་ལོ་ ༡༩༦༩ ལོར་སློབ་གྲྭ་འདིའི་སློབ་ཕྲུག ༧ གྱིས་འཛིན་རིམ་ ༡༡ ༼དེང་གི་འཛིན་རིམ་ ༡༢ པ་དང་མཚུངས་༽པའི་ཡིག་རྒྱུགས་ནང་ཞུགས་ཏེ་གཅིག་གིས་ཨང་སྡེ་དང་པོ་དང༌། གཞན་རྣམས་ཨང་སྡེ་གཉིས་པ་ལོན་པ་ལྟར་རྒྱ་གར་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་རོགས་རམ་གནང་བའི་འོག་ཚང་མ་མཐོ་སློབ་ཏུ་བཏང༌། འདི་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ནས་གཞི་རིམ་སློབ་གྲྭ་སློབ་ཐོན་བྱུང་བ་ཐེངས་དང་པོ་དེ་རེད། དེ་ནས་བཟུང་ད་བར་མ་སུ་རི་གཏན་སློབ་ནས་འཛིན་རིམ་ ༡༢ ཐོན་པ་ ༢༦༨༩ ཙམ་བྱུང་ཡོད།

ད་ལྟ་སློབ་གྲྭ་དེར་དགེ་རྒན་ ༤༨ དང་གཞོགས་འདེགས་ལས་བྱེད་ ༡༩ སློབ་ཕྲུག ༧༣༦ ཡོད།

མ་སུ་རི་བོད་གཞུང་གཏན་སློབ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྟོན་འཁོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་འཕྲལ། གསར་རྩོམ་མཛད་པའི་ཕྱག་ལས་གལ་ཆེ་མང་པོ་ཡོད་པའི་ནང་གི་གནད་འགག་ཆེ་ཤོས་ཤིག་ཡིན་ཞིང༌། སྐབས་དེར་བོད་ཕྲུག་ཚོར་སློབ་སྦྱོང་སྤྲོད་རྒྱུ་ཛ་དྲག་ཡིན་པ་དང༌། སློབ་སྦྱོང་དེ་ཡང་བོད་པ་རང་གི་ཁྱད་ཆོས་ལྡན་པ་ཞིག་དགོས་པར་ངོས་འཛིན་གྱིས། བོད་མིའི་སློབ་གྲྭ་དང་པོ་དེ་ཟུར་དུ་འཕྲལ་འཛུགས་གནང་མེད་ན། ལོ་ངོ་ ༥༠ སོང་རྗེས་ཀྱི་དེ་རིང་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་དང༌། བོད་མི་བཙན་བྱོལ་བའི་གནས་སྟངས། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་གི་གནས་སྟངས་དེ་ད་ལྟ་ལས་རྦད་དེ་ཐ་དད་པ་ཞིག་ཆགས་ཡོད་ངེས་རེད།

མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་གནང་རྗེས། བཙན་བྱོལ་ནང་གཏན་ཉིན་སློབ་ཁག་བརྒྱ་སྐོར་གསར་འཛུགས་གནང་ཡོད་ཅིང༌། ཐོག་མའི་སློབ་ཕྲུག ༥༠ ནས་ད་ཆ་སློབ་ཕྲུག ༢༦༠༠༠ བརྒལ་བ་ཡོད་ཅིང༌། ཐོག་མར་བོད་ཕྲུག་ཉུང་ཤས་ལ་མ་གཏོགས་སློབ་སྦྱོང་སྤྲོད་མི་ཐུབ་པ་ནས་ད་ཆ་བཙན་བྱོལ་ནང་གསར་བཙས་བོད་ཕྲུག་ཡོངས་དང་བོད་ནས་གསར་འབྱོར་སློབ་ལོ་སོན་པ་ཚང་མར་རང་གིས་གོ་སྐབས་བླངས་ཕྱིན་སློབ་སྦྱོང་བྱ་ཡུལ་མེད་པའི་དཀའ་ངལ་རྩ་བ་ནས་མེད་པར་གྱུར་ཡོད། དོན་དངོས་སུ་དེང་སྐབས་སློབ་ཕྲུག་ཉུང་དྲགས་པའི་དབང་གིས་སློབ་གྲྭ་སྒོ་རྒྱག་དགོས་པའི་ གནས་ཚུལ་ཡང་བྱུང་དང་འབྱུང་མུས་རེད།

ད་ཆ་ང་ཚོའི་ཕྱིའི་མཐུན་རྐྱེན་འདི་ཙམ་ཡག་པོར་གྱུར་བའི་བྱུང་རིམ་དང༌། མ་འོངས་པའི་དགོས་མཁོར་བསམ་གཞིགས་ཀྱིས་ད་ཕྱིན་ཤེས་ཡོན་སློབ་སྦྱོང་གི་སྤུས་ཚད་ལ་དམིགས་བསལ་ཐུགས་སྣང་གནང་སྟེ། ྋགོང་ས་མཆོག་གི་བཀའ་དགོངས་ལྟར་རིགས་གཅིག་རྐང་འཛིན་པ་དང་ཁྱད་ལས་པ་གང་མང་ཐོན་རྒྱུར་ཤུགས་སྐྱེད་ནུས་འདོན་གནང་དགོས་པའི་དུས་སུ་བབས་འདུག་གོ། ཕྲན་ཤེས་རིག་ལས་བྱེད་ཆུང་ཚེ་རིང་གིས་བྲེལ་སྟབས་སུ་སྤེལ།། །།


འདྲ་པར་དང་པོ། ༸གོང་ས་མཆོག་གིས་བོད་ཕྲུག་ལ་བྱམས་གཟིགས་མཛད་བཞིན་པ།
འདྲ་པར་གཉིས་པ། ༡༩༦༠ ཟླ་ ༣ ཚེས་ ༣ ཆུ་ཚོད་ ༣ པར་མ་སུ་རིའི་ཐོག་མའི་སློབ་ཕྲུག་ ༥༠ ༸གོང་ས་མཆོག་ལ་ཕེབས་བསུ་ཞུ་བཞིན་པ། ༼མདུན་ཕྱོགས་དབུ་ཞྭ་བཞེས་པ་དེ་ཤེས་རིག་གཙོ་འཛིན་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་ལགས་རེད་༽
྄འདྲ་པར་གསུམ་པ། མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་བཀའ་སློབ་སྩོལ་བཞིན་པ།

6 comments:

  1. ཆ་ཚང་བལྟས་པ་ཡིན། ཞིབ་ཚགས་པོ་དང་གོ་རིམ་ལྡན་པ་བྲིས་འདུག ང་རང་ལ་ཕན་ཐོགས་ཆེན་པོ་བྱུང། ཐོག་མའི་སློབ་ཕྲུག་ ༥༠ ཐམ་པའི་སྐོར་ལ་མུ་མཐུད་ཞིབ་འཇུག་གནང་རོགས།

    ཕྲན་ཤེས་རབ་བསྟན་འཛིན་གྱིས།

    ReplyDelete
  2. མགུར་རྒྱང་འཐེན་ལགས་དང། ཤེས་རབ་བསྟན་འཛིན་གཉིས་ཀྱིས་རྩོམ་འདིར་ཐུགས་སྣང་དང་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

    ཐོག་མའི་སློབ་ཕྲུག་ ༥༠ ཐམ་པའི་སྐོར་ལ་མུ་མཐུད་དོ་སྣང་བྱེད་རྩིས་ཡོད།

    ReplyDelete
  3. ཆུང་ཚེ་ལགས། ཁྱེད་ཀྱི་ཟིན་བྲིས་འཇལ་བ་དགའ་པོ་བྱུང་། ཁོ་བོར་གྷོ་གྷོལ་ཟིན་བྲིས་ད་ཆ་མེད་ནའང་། སྐྱ་རེངས་ཟིན་བྲིས་སུ་རྩོམ་ཡིག་སྤེལ་གྱི་ཡོད། http://kyareng.blogspot.com/

    ReplyDelete
  4. ར་ས་ཕོ་ཉ་ལགས། ཕེབས་པ་བཟང། ད་ལྟ་སྐུ་ཉིད་ཀྱིས་སྤྱོད་མུས་སྐྱ་རེངས་ཟིན་བྲིས་དེ་དོན་དུ་གྷུ་གྷོལ་ཟིན་བྲིས་རང་རེད། ངས་ངའི་ཟིན་བྲིས་དང་སྐུ་ཉིད་ཀྱི་ཟིན་བྲིས་དབར་འབྲེལ་ཐག་སྦྲེལ་ཟིན་པ་ཡིན།

    ReplyDelete
  5. ངའི་ཟིན་བྲིས་འདི་སྒོ་ཕྱེ་ཡོད། http://rasaphonya.blogspot.com/

    ReplyDelete