2010-03-05

དཔྱོད་ལྡན་གངས་ཐིགས་ལགས་སུ་ལན་དུ་ཕུལ་བ།

མཁྱེན་ལྡན་གངས་ཐིགས་ལགས།
                                 སྐུ་ཁམས་བཟང། ཉིད་ཀྱིས་བཞག་པའི་དྲི་བ་ཁག་དེ་རིང་གཞི་ནས་མཐོང་བྱུང། ལན་མདོར་བསྡུས་སུ་འབུལ་ཐབས་ཞུས་པ་གཤམ་གསལ།

༡༽ ཕྲན་གྱི་ཟིན་བྲིས་འདི་ལས་ཞོར་དུ་ཚོད་ལྟ་ལྟ་བུར་སྤེལ་བ་ཞིག་ཡིན། ལ་ལས་ཆ་ཚང་གཟིགས་ཐུབ་ཀྱི་འདུག་ཟེར། ལ་ལས་གཟིགས་ཐུབ་ཀྱི་མི་འདུག་ཟེར། ལ་ལས་ཡིག་གཟུགས་ཆེ་འདུག་ཟེར། ལ་ལས་ཆུང་འདུག་ཟེར། ལ་ལས་དབུ་མེད་ཤར་གྱི་འདུག་ཟེར། ལ་ལས་ཡིག་གཟུགས་གང་ཡིན་མི་ཤེས་པ་ཞིག་ཤར་གྱི་འདུག་ཟེར། ཕལ་ཆེར་རང་རང་གི་ལས་བཀོད་བཞིན་རྣམ་པ་སྣ་ཚོགས་སུ་ཤར་བཞིན་ཡོད་པ་འདྲ། རྩ་བ་གཏུགས་ན་ང་རང་གི་ལག་རྩལ་ལ་ཐུག་ཡོད་པར་སེམས། དེ་རིང་བསྐྱར་སྒྲིག་བྱས་ཡོད་པ་འདི་ཚང་མས་ལེགས་པར་གཟིགས་ཐུབ་པའི་རེ་བ་ཡོད།

༢༽ བོད་ཀྱི་ཡིག་སྒྱུར་མཁན་ཚོས་ངེས་པར་ནང་འདྲེན་བྱེད་དགོས་པ་གང་ཡིན་ཐད། ང་རང་གི་ལྟ་སྟངས་ཞུས་ན། སྔར་ཡོད་ཁ་སྐོང་དང་སྔར་མེད་རིག་གནས་ནང་འདྲེན་བྱེད་དགོས་པ་དེ་གཙོ་བོ་རེད་སྙམ། སྔར་ཡོད་བོད་ཀྱི་གསོ་བ་རིག་པ་ལྟ་བུར་མཚོན་ན། ཙ་ར་ཀ་མདོ་བརྒྱད་༼དག་ཆ་ཇི་བཞིན་མི་དྲན་༽ལྟ་བུ་བོད་ཀྱི་གསོ་རིག་གི་གཞུང་འགར་ལུང་དྲངས་པ་ཙམ་ལས་གཞུང་ཆ་ཚང་བ་བསྟན་དུ་མེད། དེ་བཞིན་སྙན་ངག་ལ་མཚོན་ནའང་དཎ་ཌིའི་གཞུང་དང་འབྲེལ་ཡོད་མང་པོ་ད་དུང་བསྒྱུར་མེད། དེ་དག་བསྒྱུར་དགོས་པ་ཧ་ཅང་གལ་ཆེན་རེད་སྙམ། དེ་བཞིན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལྟ་བུར་ཆ་མཚོན་ནའང། དུས་རབས་བཅུ་དགུ་པ་ནས་ད་ལྟ་བར་གྱི་བོད་ཀྱི་ལོ་རྒྱུས་རྣམས་བོད་ཡིག་ནང་གསལ་པོ་དང་ཆ་ཚང་བ་མེད། དབྱིན་ཡིག་ནང་མང་བ་ཡོད། དེ་དག་ཀྱང་བོད་སྐད་དུ་ཕབ་སྒྱུར་རམ་གསལ་པོ་བཟོ་མ་ཐུབ་ཚེ། ནམ་ཞིག་བོད་ཡིག་འདིས་བོད་ཀྱི་ལོ་རྒྱུས་ཆ་ཚང་བ་ཡང་སྦྱོང་མི་ཐུབ་པར་གྱུར་ཉེན་ཡོད།

སྔར་བོད་དུ་མེད་པའི་རིག་གནས་ཁོངས་སུ་རྣམ་གྲངས་ཧ་ཅང་མང་ལ་རྒྱ་ཆེ་ཡང། གཙོ་བོ་ཚན་རིག་དང་སྤྱི་ཚོགས་ཀྱི་ལམ་ལུགས་དང་འབྲེལ་བའི་གཞུང་ལུགས་རྣམས་ཕབ་སྒྱུར་བྱེད་དགོས་པ་དེ་ཧ་ཅང་གནད་ཆེན་རེད་སྙམ། ཚན་རིག་ལྟ་བུའི་གཞུང་ལུགས་བསྒྱུར་བར་དཀའ་ཚེགས་ཧ་ཅང་ཆེན་པོ་རེད་འདུག ཕྲན་པས་ ༢༠༠༧ ལོར་འཛིན་རིམ་ ༨ པའི་ཚན་རིག་སློབ་དེབ་བོད་ཡིག་ཏུ་བསྒྱུར་བ་ཡིན། དེ་ནི་དབྱིན་སྐད་ཤེས་པ་དང་བོད་སྐད་ཤེས་པ་ཙམ་གྱིས་བསྒྱུར་ཐུབ་པ་ཞིག་རེད་མི་འདུག ཚན་རིག་གི་གཞུང་དང་འབྲེལ་བའི་ཤེས་ཚད་མེད་ན་སྒྱུར་ཐབས་བྲལ་འདུག ངས་ཚན་རིག་གི་སློབ་དེབ་གཅིག་བསྒྱུར་བར་འཛིན་གྲྭ་དང་པོ་ནས་བདུན་པ་བར་གྱི་སློབ་དེབ་ཆ་ཚང་ལ་བལྟ་དགོས་བྱུང་ལ། དཔྱད་གཞིའི་རྒྱུ་ཆ་བརྒྱ་ཕྲག་ཁ་ཤས་ལ་བལྟ་དགོས་བྱུང། དེ་ལྟར་བྱས་ཏེ་བསྒྱུར་རུང་ད་དུང་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཙམ་གྱི་གདེང་ལས་མི་འདུག ད་ལྟ་ཚན་རིག་སྐོར་གྱི་ཤེས་བྱ་ཤེས་རིག་དང་བོད་ཀྱི་དཔེ་མཛོད་ཁང། བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན། རིགས་ལམ་སློབ་གྲྭ་སོགས་ཀྱིས་ཕབ་སྒྱུར་གནང་བཞིན་ཡོད་ཀྱང། ཚང་མས་བསྒྱུར་དང་སྒྱུར་བཞིན་པ་དེ་དག་ཚན་རིག་གི་རྨང་གཞིའི་ཤེས་བྱ་ཙམ་རེད་མ་གཏོགས། རྩ་བའི་གཞུང་ཆ་ཚང་བ་མ་རེད། དེར་བརྟེན་ད་ཕྱིན་ང་ཚོས་སྔོན་གྱི་ལོ་ཙཱ་བ་རྣམ་པ་ལྟར་རྩ་བའི་གཞུང་ལུགས་ཆ་ལག་ཚང་བ་བསྒྱུར་ཐུབ་ཐབས་གནང་དགོས་འདུག དེ་མིན་འདི་མུར་བསྡད་ན་ཁ་གཡབ་གཡབ་ཙམ་ལས་གཏིང་ཕྱིན་པ་རྩ་བ་ནས་ཡོང་ས་མ་རེད།

༣༽ ཕྲན་གྱིས་ཡིག་སྒྱུར་བྱེད་སྐབས་ཚིག་མཛོད་སོགས་གང་དག་བེད་སྤྱོད་བྱེད་མིན་གྱི་ཐད། སྤྱིར་བཏང་ཚིག་མཛོད་གང་ལ་བལྟས་ནའང་ལེགས་ཆ་རེ་མེད་པ་གཅིག་ཀྱང་མི་འདུག འོན་ཀྱང་ཐམས་ཅད་ཀྱི་གོ་ཆོད་པའི་ཚིག་མཛོད་གཅིག་འཁྱེར་ཤོག་ཟེར་ན་ཕལ་ཆེར་རྩ་བ་ནས་ཡོད་མ་རེད་ཅེས་བཤད་ན་འགྲིག་གི་རེད། ངས་ཡིག་སྒྱུར་བྱེད་དུས་དབྱིན་བོད་ཚིག་མཛོད་ཁོངས་གདོང་ཐོག་རིན་པོ་ཆེའི་ཚིག་མཛོད་སྣང་བ་གསར་པ་དང། ཀརྨ་སྨོན་ལམ་གྱི་དབྱིན་བོད་ཚིག་མཛོད་གསར་མ། བཀྲ་ཤིས་ཚེ་རིང་གི་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་སོགས་བཀོལ་གྱི་ཡོད། བོད་དབྱིན་ཚིག་མཛོད་ལ་མཚོན་ན། གྷོལྜ་སེྚན་གྱི་བོད་ཀྱི་དེང་རབས་ཚིག་མཛོད་ཅེས་པའི་དེབ་ཆེན་དེ་བེད་སྤྱོད་བྱེད་ཀྱི་ཡོད། དབྱིན་ཡིག་ལ་མཚོན་ན། Encarta ཚིག་མཛོད་དང། Encarta ཤེས་བྱ་ཀུན་བཏུས་ཆེན་མོ། དབྱིན་སྐད་ཀྱི་གཏམ་དཔེ་དང་ཚིག་དུམ། ལེགས་བཤད་སོགས་ཀྱི་ནང་དོན་རྟོགས་ཐབས་སུ་ Oxford-Idioms དང། Oxford-Phrasal Verbs ལྟ་བུ་རྒྱུན་དུ་བཀོལ་གྱི་ཡོད། དེ་མིན་ཚན་རིག་གི་སྐོར་བསྒྱུར་དུས་བསྒྱུར་བྱའི་ནང་དོན་དང་ཆེད་དུ་འབྲེལ་བའི་དབྱིན་ཡིག་ཚིག་མཛོད་བེད་སྤྱོད་བྱེད་ཀྱི་ཡོད། སྔོན་མ་རྡོ་རྗེ་གདན་གྱི་མཆོད་རྟེན་ནང་ནས་ A Manual Of Chinese Tibetan and English Words ཞེས་པའི་ཚིག་མཛོད་དམར་པོ་ཆུང་ཆུང་ཞིག་ཉོས་པ་ཡིན། དེ་ཡང་ཕན་ཐོགས་ཆེན་པོ་འདུག

༤༽ a death of old. ཞེས་པ་དེ་ཐད་ཀར་བསྒྱུར་ན། ན་རྒས་ཀྱི་འཆི་བ་ཞིག་ཅེས་དང། a birth of new ཞེས་པ་དེ་གསར་པའི་འཕེལ་ཁ་ཞིག་ལྟ་བུ་མིན་ནམ། བོད་སྐད་ཀྱི་བཤད་སྟངས་ལྟར་བསྒྱུར་ན། སྔ་མ། རྒས་ཏེ་འཆི་བ་དང། ཕྱི་མ་ནི། གསར་བཙས་སམ་གསར་དུ་བཙས་པ་ལྟ་བུར་བསྒྱུར་འོས། གཙོ་བོ་མ་ཡིག་གི་བསྟན་དོན་ནམ་སྐབས་དོན་ངོ་མ་ཅི་ཡིན་མིན་དེ་ཤེས་དགོས་པ་གནད་འགག་རེད། དེ་མིན་ཚིག་དུམ་འཁྱེར་ཡོང་སྟེ་བསྒྱུར་ན་དོན་ལ་གནས་པ་དཀའ། དཔེར་ན། Death ཞེས་པ་དེ་ཉམས་ཉེས་དང་རྩ་མེད་སོགས་མང་པོར་འཇུག་པའི་སྐབས་ཡོད་པ་ལྟ་བུ་ལགས། དེ་ཙམ་ཡིན། ཕྲན་ཆུང་ཚེ་རིང་པས་ལས་གསེང་དུ་བྲེལ་སྟབས་སུ་ཕུལ།། །།

8 comments:

  1. ཆུང་ཚེ་རིང་ལགས། བཀྲ་ཤིས་བདེ་ལེགས། དྲི་བ་ངོ་མ་གང་དང་གང་ཡིན་མིན་མ་མཐོང་བས་བསམ་འཆར་ཞུ་ཚོད་མ་ཐིག

    བསྒྱུར་གལ་ཆེ་བའི་ཁོངས་སུ་འཛམ་གླིང་གི་གྲགས་ཅན་རྩོམ་རིག་རྣམས་ཀྱང་འཇོག་གལ་ཆེ་བར་སྙམ།

    གྲོགས་མིང་ཤེས་རབ་བསྟན་འཛིན་པས།

    ReplyDelete
  2. ཆུང་ཚེ་རིང་ལགས། ཕྲན་ཁང་གསར་རྡོ་རྗེ་ཡིན།

    ཐོག་མར་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད།

    ད་ནངས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཟུར་པ་བཀྲ་ཤིས་ཚེ་རིང་ལགས་དང་ཞལ་པར་བརྒྱུད་བཀའ་མོལ་བྱུང། ཁོང་གིས་ཁྱེད་རང་གི་སྐོར་ཕྲན་བུ་མཁྱེན་གྱི་འདུག་ལ། ཁྱེད་ཀྱིས་ཁོང་གི་ལོ་རྒྱུས་དེབ་དེ་སྒྱུར་བཞིན་ཡོད་པ་མཁྱེན་འདུག དེབ་དེ་ག་དུས་པར་སྐྲུན་ཟིན་མིན་ཕྲན་ལ་ལན་གསལ་ཞིག་གནང་རོགས། པར་སྐྲུན་ཟིན་རྗེས་རྒན་བཀྲ་ཤིས་ཚེ་རིང་ལགས་ལ་དེབ་ལྔ་དང། ཕྲན་ལ་དེབ་ལྔ་བསྐུར་རོགས།

    ཁང་གསར་རྡོ་རྗེས།

    ReplyDelete
  3. ཨོ། བསམ་འཆར་ཞུ་རྒྱུ་ཞིག་ལ། སྐུ་ཉིད་ཀྱིས་བསྒྱུར་ཡོད་གསུངས་པའི་འཛིན་གྲྭ་བརྒྱད་པའི་ཚན་རིག་སློབ་དེབ་དེ་ཟིན་བྲིས་ནང་འཇོག་ཐུབ་ན་ཡག་པོ་འདུག

    ReplyDelete
  4. ཤེས་རབ་བསྟན་འཛིན་ལགས་ཀྱིས་འཛམ་གླིང་གི་གྲགས་ཅན་རྩོམ་རིག་བོད་སྒྱུར་བྱེད་དགོས་གསུངས་པར་མོས་མཐུན་ཡོད། འོན་ཀྱང་ངས་དེ་གཙོ་གནད་དམ་ཛ་དྲག་ཏུ་ངོས་འཛིན་བྱེད་ཀྱི་མེད།
    གངས་ཐིགས་ལགས་ཀྱི་དྲི་བ་རྣམས་ཟིན་བྲིས་འདིའི་ནང་གི་མཚར་གཏམ་གྱི་འོག་ཏུ་བཞག་འདུག

    ReplyDelete
  5. ཁང་གསར་རྡོ་རྗེ་ལགས་ཡང་བསྐྱར་ཕེབས་པར་འཚམས་འདྲི་དང་། ལོ་གསར་པའི་ནང་སྐུ་ཁམས་གསལ་ཐང་དང་མཛད་འཕྲིན་ཡར་རྒྱས་ཡོང་བའི་སྨོན་འདུན་ཡོད།
    བཀྲ་ཤིས་ཚེ་རིང་ལགས་ཀྱི་ལོ་རྒྱུས་དེབ་གཉིས་བོད་ཡིག་ཏུ་ཕབ་བསྒྱུར་ཟིན་ཏེ། བོད་ཀྱི་དཔེ་མཛོད་ཁང་ནས་ཟླ་བ་གཅིག་ལྷག་གི་གོང་དུ་ལྡི་ལིར་པར་ཁང་དུ་བཏང་སོང་། ཕལ་ཆེར་ཟླ་བ་གཅིག་ལས་མ་འགྱངས་པར་ཐོན་ངེས་རེད། བཀྲ་ཤིས་ཚེ་རིང་ལགས་ལ་དེབ་ལྔ་བསྐུར་རྒྱུའི་ཁ་ཆད་བྱས་ཟིན་པ་ལྟར་བསྐུར་རྩིས་ཡོད། དེ་ཡང་ཨ་རིར་བཅའ་བཞུགས་གྷོལྜ་སེ་ཊན་བརྒྱུད་བསྐུར་ན་ལེགས་སམ་སྐུ་ཉིད་བརྒྱུད་བསྐུར་ན་ལེགས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐག་གཅོད་གནང་རོགས། སྐུ་ཉིད་ཀྱི་ཞལ་བྱང་གསལ་པོ་གནང་ཚེ་དགོས་མཁོའི་དེབ་ལྔ་ཕྲན་པས་བོད་ཀྱི་དཔེ་མཛོད་ཁང་ནས་གླུ་ཡོན་ཞུས་ཏེ་བསྐུར་ཆོག

    སྐུ་ཉིད་ཀྱི་དགོངས་འཆར་ལྟར་ཚན་རིག་སློབ་དེབ་བོད་འགྱུར་མ་དེ་ཟིན་བྲིས་ནང་འཇོག་གི་ཡིན། འོན་ཀྱང་ཡིག་གཟུགས་བསྒྱུར་དགོས་པ་དང་པར་རིས་བསྒྲིགས་དགོས་པ་སོགས་ཀྱི་ལས་རྙོག་ཅུང་ཡོད་སྟབས་ལམ་སེང་ཡོང་དཀའ། ཐུགས་རྗེ་ཆེ།

    ReplyDelete
  6. གྲོགས་པོ་ཆུང་ཚེ་ལགས། ང་བྱས་ན་ཁྱེད་ཀྱི་བོད་གཞུང་ཡིག་གཟུགས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་འདྲ། དེ་ལྟར་བྱས་ན་སྣ་ཚོགས་མཐོང་སྲིད་པ་རེད། མ་གཞི་ཧི་གཟུགས་དེ་ཡང་ཊི་སི་ཨར་སི་ཡིག་གཟུགས་ཐོག་བྲི་ཐུབ་ཀྱི་ཡོད་པ་མཁྱེན་ཡོད་ཤག

    ReplyDelete
  7. ར་ས་ཕོ་ཉ་ལགས། ཟིན་བྲིས་འདི་ལ་དེ་རིང་བཀོད་སྒྲིག་བསྐྱར་དུ་བྱས་རྗེས་གྲོགས་པོ་མང་ཆེ་བས་མཐོང་ཐུབ་ཀྱི་འདུག་ཟེར། ཁ་ཤས་ལ་འཁྱུག་ཡིག་ཤར་འདུག འོན་ཀྱང་དེ་ནི་ཁོང་ཅག་ལ་ཧི་གཟུགས་གམ་སྨོན་ལམ་ཡིག་གཟུགས་གང་རུང་མེད་པས་ཡིན་འདུག ངས་སྨོན་ལམ་གསུམ་པ་སྤྱད་དེ་འཇུག་སྒྲིག་བྱེད་བཞིན་ཡོད། ཁྱེད་རང་གིས་ལེགས་པར་གཟིགས་ཐུབ་ཀྱི་འདུག་གམ།

    ReplyDelete
  8. Dear Gen Chungtse:
    I just came across your message through my twitter. Thanks for your kind reply. It is never too late to get the answers which quietly washed away my doubts and satisfied my curiosity! To me, being an enthusiastic in translation, your words are immensely instructive and helpful!!!

    Now I can read well your website. Your resetting is the most welcome! But I neither can update my Tibet Times Blog nor post any message on your prestige website in Tibetan language as the Tibetan font is currently not available in our school’s computers. You may delete my message after reading!

    You are the most welcome at my http://tibettimes.net/blogs.php?id=112

    With Regards
    Gangthik

    ReplyDelete