2010-03-08

གསུམ་བཅུའི་དུས་དྲན།



༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སའི་ནོར་བུ་གླིང་ཁའི་གཞུང་སྒོའི་མདུན་དུ་ཆོལ་གསུམ་བོད་མིས་ཞི་བའི་སྒེར་ལངས་བྱེད་བཞིན་པ།

༄༅།། གསུམ་བཅུའི་དུས་དྲན་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཞིག་གི་རྗེས་དྲན་ཡིན་ལ་རྒྱལ་གཅེས་དཔའ་བོ་ཁྲི་སྟོང་མང་པོས། རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཐ་དག བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ཕུལ་བའི་རྨད་བྱུང་སྙིང་སྟོབས་ལ་གུས་བཀུར་རྗེས་དྲན་དང༌། ཁོང་ཚོའི་སྙིང་སྟོབས་དེ་མི་རབས་ཕྱི་མ་རྣམས་ཀྱིས་རྒྱུད་འཛིན་བྱེད་དགོས་པའི་དྲན་སྐུལ་ཡང་ཡིན། མདོར་བསྡུས་ནས་བཤད་ན། གསུམ་བཅུའི་དུས་དྲན་ནི། བོད་ཀྱི་བསྟན་སྲིད་རང་དབང་དེ་དགྲ་བོ་རྒྱ་དམར་གྱི་འོག་ཏུ་ཡོངས་སུ་ཤོར་ཁའི་ཉིན་མོ་སྟེ། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ལ་རྗེས་དྲན་ཞུ་བ་ཞིག་ཡིན་ཞིང༌། ཉིན་མོ་འདིར་ཆོལ་གསུམ་བོད་མིས་བཙན་འཛུལ་བ་རྒྱ་ནག་དམར་པོའི་གཞུང་གི་དབང་སྒྱུར་འོག་ནས་རང་དབང་སྒེར་ལངས་བྱས་ཤིང་། ཉིན་འདིའི་རྗེས་ཙམ་ནས་ང་ཚོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག བོད་ཀྱི་བསྟན་སྲིད་བདེ་དོན་གྱི་ཆེད་དུ་གཞན་ཡུལ་དུ་བཙན་བྱོལ་ལ་ཕེབས་པ་དང༌། བོད་འབངས་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་ཏེ། རང་ཡུལ་གཞན་ལག་ཏུ་ཤོར་བའི་ཆེས་ཐབས་རྡུགས་ཀྱི་འཚོ་བ་སྟེ། མི་ཡུལ་གྱི་སྡུག་བསྔལ་ཡོད་རྒུ་ང་ཚོའི་མི་རིགས་འདིས་མྱོང་དགོས་བྱུང༌།

༡༩༥༩ ཕྱི་ཟླ་ ༣ ནང་རྒྱ་དམག་གིས་དྲག་གནོན་བྱས་ཏེ་བོད་དམག་འཛིན་བཟུང་བྱེད་བཞིན་པ།
དེ་ཡང་ང་ཚོའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ན། གསུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་བོད་རྗེ་ཆོས་རྒྱལ་ཚོའི་སྐུ་དུས་ནས། ྋགོང་ས་སྐུ་ཕྲེང་རིམ་བྱོན་བར་གྱི་ལོ་རྒྱུས་ལས་བོད་འདི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ར་འཕྲོད་ངེས་ཡོད་པ་མ་ཟད། བོད་ཀྱི་ས་ཁམས་ཆགས་ཚུལ་དང༌། སྐད་ཡིག ཆས་གོས། རིག་གཞུང་སོགས་ཀྱི་ཐོག་ནས་ཀྱང་བོད་མི་རིགས་འདི་རྒྱ་མི་རིགས་དང་འབྲེལ་མེད་ཐ་དད་ཀྱི་མི་རིགས་གཙང་མ་ཞིག་ཡིན་པ་གསལ་པོ་ཡོད་རུང༌། གཅིག་ནས་བོད་སིལ་བུར་གྱུར་རྗེས་ཡུལ་ཚོ་ཡུལ་ཚོ་ཁག་བགོས་སོང་སྟབས་ཚོ་ཁག་ནང་ཕན་ཚུན་མི་མཐུན་པའི་འཐབ་རྩོད་ཀྱང་ཡང་ཡང་བྱུང་ཞིང་རྒྱ་ནག་གཙོ་གྱུར་ཕྱི་རྒྱལ་ཚོས་བོད་ཀྱི་ས་མཚམས་ཁག་ཏུ་བཙན་འཛུལ་བྱུང་རིགས་ལའང་བཀག་འགོག་འགན་ཁུར་སྤྱི་ཟོམ་དུ་ལུས་ཏེ། འཐུས་ཤོར་ཇེ་ཆེར་སོང་བ་ཉེར་ལེན་དང༌། གཉིས་ནས་རྒྱ་ནག་ཡོངས་རྫོགས་དམར་པོས་དབང་བསྒྱུར་བྱས་རྗེས་སྔར་རྒྱ་ནག་གི་གོང་མ་རིམ་པའི་དུས་སུ་རྒྱ་བོད་མཆོད་ཡོན་གྱི་འབྲེལ་ལམ་སྣ་ཚོགས་ཤིག་བྱུང་བ་དེར་བསྙད་དེ། བོད་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་གླེང་ཐོག ༡༩༤༩ ལོ་ནས་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ་ ༡༩༥༡ ལོར་ཁྲིམས་མཐུན་དང་དྲང་བདེན་མ་ཡིན་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་བཙན་ཤེད་ཀྱིས་མིང་རྟགས་བཀོད་དུ་བཅུག་པ་མ་ཟད། བོད་གཞུང་གི་དམ་ཕྲུག་ཀྱང་རྫུན་བཟོ་བྱས་ཏེ་ཕབ་པ་དང༌། དེ་རྗེས་ཐོག་མར་རྒྱ་བོད་མི་རིགས་ནི་སྤུན་ཟླ་ཡིན་ཞེས་བཅོས་མའི་འཛུམ་གྱིས་བློ་བྲིད་སྣ་ཚོགས་དང༌། བར་དུ་བོད་མི་ཀླད་ཆུང་འགའ་ཤས་ལ་ངན་སློབ་དང་དངུལ་དངོས་ཀྱི་འགྲོ་གྲོན་ཕངས་མེད་བཏང་ནས་བསླུ་མཁས་དུ་མ་བྱས། མཐར་བོད་ཀྱི་ཆོས་དང་རིག་གཞུང་གི་གཞི་རྩ་བཟང་པོ་རྣམས་དགྲ་རུ་བཟུང་ནས་མདོ་སྟོད་སྨད་ཁུལ་དུ་ཆོས་དང་ཆོས་བྱེད་མི་སྣར་སྐྱོན་བརྗོད་དང༌། ངན་སྨྲས། དགོན་ཁག་བླ་གྲྭ་གཏོར་བཅོམ། དབང་དང་འབྱོར་པ་ཅན་གྱི་སེར་སྐྱ་བསམ་ཡོད་ཅན་ཕལ་ཆེར་གསོད་བཟུང༌། ཉམས་ཆུང་མི་མང་རྣམས་ངན་ལས་སུ་བཀོལ་ནས་ཟས་ཕྱེད་བགྲངས་དང༌། གོས་ཕྱེད་དྲོས་ཀྱི་འཚོ་བ་སྐྱེལ་དགོས་བྱུང་བ། དབུས་གཙང་ཁུལ་དུ་ནང་ཁུལ་དཀྲུག་ཤིང་དང་། ལྷག་བསམ་དཀར་བའི་སྲིད་ཚབ་ཀླུ་ཁང་པ་དང་བློ་བཟང་བཀྲ་ཤིས་གཉིས་གནས་དབྱུང་བྱེད་བཅུག་པ། བོད་ལྗོངས་མི་དམངས་ཚོགས་འདུ་སོགས་ཀྱིས་དངོས་ཡོད་བདེ་སྡུག་གནས་ཚུལ་བཤད་པར་ཉན་འཇོག་རྩ་བ་ནས་མེད་པ། བོད་གཞུང་གིས་བོད་མིའི་སྤྱི་ཚོགས་ལ་ལེགས་བཅོས་གནང་ཐབས་མཛད་པར་འགོག་རྐྱེན་བཟོས་པ་སོགས་བོད་མིའི་འདོད་བློ་དང་མི་འཚམས་པའི་བཙན་འཛུལ་གྱི་བྱ་ངན་རིམ་པར་བྱས་པ་དང༌། ལྷག་པར་ཕྱི་ཚུལ་དུ་ྋགོང་ས་མཆོག་དམག་ཁུལ་ཁང་དུ་གཟིགས་མོར་གདན་འདྲེན་ཞུ་ཁུལ་དང༌། དོན་དངོས་སུ་སྐུ་ཕྱྭར་གནོད་འཚེ་བརྩམས་རྒྱུའི་ངན་འཆར་བཤམས་པའི་མཐོང་ཚུལ་བྱུང་བར་བརྟེན། བོད་མིའི་སེམས་ཁོང་ནང་རིང་ནས་བསགས་པའི་ཟུག་གཟེར་རྣམས་དུས་གཅིག་ཏུ་ལངས་ནས་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་འབངས་ཚོས་ྋགོང་ས་མཆོག་རྒྱ་དམར་གྱི་དམག་སྒར་དུ་ཕེབས་ཐལ་མི་ཡོང་བའི་ཞུ་འབོད་དང་འབྲེལ་བོད་རང་དབང་སྒེར་ལངས་ཀྱི་ངོ་རྒོལ་རྔམ་སྟོན་གཞི་རྒྱ་ཆེན་པོ་བྱས་པ་དང༌། དེར་རྒྱ་ནག་གཞུང་གིས་ཡ་ང་བྲལ་བའི་དྲག་གནོན་བྱས་ཏེ། བོད་མི་ཁྲི་ཕྲག་མང་པོ་དམར་གསོད་བཏང་བར་བརྟེན། ྋགོང་ས་མཆོག་ཀྱང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང༌།
          ༸གོང་ས་༸སྐྱབས་མགོན་ཆེན་པོ་སྟོན་འཁོར་བཙན་བྱོལ་དུ་ཕེབས་དགོས་བྱུང་བ།
 

དུས་དེ་ནས་བཟུང་ད་ལྟ་བར་ང་ཚོས་ལོ་ལྟར་རྒྱ་བལ་འབྲུག་གསུམ་གཙོ་གྱུར་བཙན་བྱོལ་བོད་མི་གནས་ཡུལ་ཚང་མར་ཕྱི་ཟླ་ ༣ ཚེས་ ༡༠
ཉིན། གོང་གསལ་ཁྲག་དང་མིག་ཆུའི་ལོ་རྒྱུས་དེར་ཕྱིར་དྲན་དང། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་ལ་གུས་བཀུར་བྱེད།
 ༸གོང་ས་མཆོག་ནས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ལྗགས་སྒྲོན་མཛད་བཞིན་པ།
ཉིན་མོ་འདིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དུས་དྲན་གྱི་གསུང་འཕྲིན་རེ་ཆེད་སྩལ་གནང་གི་ཡོད་ཅིང་བཞུགས་སྒར་དྷ་རམ་ས་ལར་མཚོན་ན། ཉིན་འདིར་བོད་གཞུང་གི་མཛད་གཙོ་དང་མང་ཚོགས་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཛོམས་པའི་དབུས་སུ་ཐོག་མར་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེང་རྒྱུ་དང་། དེ་ནས་བོད་ཀྱི་དཔའ་བོ་ཕོ་མོ་ཚོའི་ཆེད་ངག་བཅད་མྱ་ངན་དང་གུས་འདུད་སྐར་མ་གཅིག དེ་རྗེས་བོད་གཞུང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱང་། མཐའ་མ་༸གོང་ས་མཆོག་སྐུ་ངོ་མས་ཉིན་འདིའི་གསུང་འཕྲིན་ལྗགས་སྒྲོག་གནང་གི་ཡོད་ཅིང་། དེ་དག་ཟིན་རྗེས་བོད་གངས་ཅན་གྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་ཐང་བཤམས་པའི་མདུན་དུ་༸གོང་ས་མཆོག་གིས་ཕྱག་ཏུ་ཏིང་ཤག་བཞེས་ཏེ་བདེན་ཚིག་སྨོན་ལམ་དབྱངས་དང་བཅས་ཏེ་གསུང་འདོན་དང་། དེ་བཞིན་བོད་གཞུང་ཟློས་གར་གྱིས་གསུམ་བཅུའི་དྲན་གླུ་དང་མི་མང་ལངས་གླུ་བཅས་གཏོང་གི་ཡོད།

མཛད་སྒོ་གྲོལ་རྗེས་བོད་མི་ཚོས་རྒྱ་ནག་གཞུང་གི་ངན་སྤྱོད་ལ་ངོ་རྒོལ་སྐད་འབོད་དང༌། འཛམ་གླིང་རྒྱལ་ཁབ་ཁག་དང་མི་མང་ཚོར་བདེན་པར་རྒྱབ་སྐྱོར་ཡོང་བའི་རེ་འབོད་བྱེད། ང་ཚོས་འདི་ལྟར་དྲན་གསོ་བྱས་ཏེ་ད་ལྟ་(ཕྱི་ལོ་ ༢༠༡༡)གསུམ་བཅུའི་དུས་དྲན་ཐེངས་ ༥༢ པར་སླེབས་ཡོད་ལ་དེས་ང་ཚོའི་དཀའ་སྡུག་དང་རེ་འབོད་ཀྱི་ལོ་ངོ་ ༥༢ མཚོན་ཞིང་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱང་མཚོན།

ང་ཚོའི་འདོད་དོན་མ་སྒྲུབ་བར་གསུམ་བཅུའི་དུས་དྲན་བྱེད་མཚམས་འཇོག་མི་སྲིད་ཅིང༌། ང་ཚོའི་འདོད་དོན་ཡོངས་སུ་སྒྲུབ་པའི་ཉིན་མོར་ཡང༌། ང་ཚོས་དུས་ཚོད་འདི་རྗེས་དྲན་བྱེད་པར་ངེས། རྒྱུ་མཚན་ནི། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་བ་ནི་དུས་ནམ་ཡང་ཕྱི་རབས་པ་ཚོས་དྲན་གསོ་བྱ་འོས་པས་སོ།། 

  ཉིན་འདིར་འཛམ་གླིང་ས་ཕྱོཌ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱེད་བཞིན་པ།

༸གོང་ས་མཆོག་གིས་སྩལ་བའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཡོངས་རྫོགས་གཤམ་གསལ་དྲྭ་ཐག་ལ་མནན་ན་གཟིགས་ཐུབ།
བོད་ཡིག http://tibettimes.net/news.php?cat=40
དབྱིན་ཡིག http://www.dalailama.com/messages/tibet/10th-march-archive

2 comments:

  1. རྩོམ་ཡིག་ཡག་པོ་ཞེ་བོ་བྲིས་འདུག་ན་བཀའ་དྲིན་ཆེ་ཞུས་པ་ཡིན།
    བཟོད་རྒྱམ་པས།

    ReplyDelete
  2. བཟོད་རྒྱམ་ལགས་ཀྱིས་རྩོམ་འདིར་གདེང་འཇོག་གནང་བར་བཀའ་དྲིན་ཆེ། ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས།

    ReplyDelete