2010-03-23

ཕ་ཡུལ་གྱི་ཕན་བདེའི་ཆེད་དུ།


(གཞིས་བཞུགས་མཁྱེན་ལྡན་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་དཔེ་དེབ་ངོ་སྤྲོད།)


 བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་བོད་འགྱུར་མ།

༅༅།། བོད་ཀྱི་གྲོང་གསེབ་པ་ཞིག་གིས་ཕྱི་ལོ་ ༡༩༥༥།༥༦ ནས་ཚོང་ལས་གཉེར་བའི་ཁེ་འབབ་བསགས་ཏེ། ཕྱི་ལོ་ ༡༩༥༧ ལོར་རྒྱ་གར་ལ་དབྱིན་སྐད་དང་དེང་དུས་ཀྱི་ཤེས་ཡོན་སྦྱོང་བར་སོང་བ་རེད་ཟེར་ན་སྐུ་ཉིད་ཡིད་ཆེས་སམ།

          བོད་མི་དེས་རྒྱ་གར་དང་ཨ་རིར་སློབ་སྦྱོང་བྱས་རྗེས་ ༡༩༦༣ ལོར་བོད་མི་དམངས་ལ་ཞབས་འདེགས་ཞུ་སེམས་བཅངས་ནས་སྐྱིད་པའི་འཚོ་བ་དང་མཐོ༌བའི་གོ་གནས་ཚང་མ་བསྐྱུར་ཏེ་བོད་ལ་ལོག་པ་རེད་ཟེར་ན་ཁྱེད་རང་ཡིད་ཆེས་ས་ཨེ་རེད།

       ད་དུང་རང་ཉིད་ཀྱི་གནས་བབ་དབང་གིས་ཐོག་མའི་བརྩེ་དུང་ཆགས་སའི་བུ་མོ་དང་ཁ་བྲལ་དགོས་བྱུང་བ་དང་། དེ་ནས་བུད་མེད་གཅིག་གི་ཚེ་སྲོག་སྐྱོབས་ཆེད་ཨ་རིར་གཉེན་སྒྲིག་བྱས་པ། ཐ་མ་དེ་ཡང་བསྐྱུར་ནས་བོད་རིགས་སྨད་ཚོང་མ་ཞིག་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་རེད་ཟེར་ན་ཁྱེད་རང་ཡིད་ཆེས་སམ།

                      འདི་དག་ནི་ཡིད་ཆེས་དཀའ་བའི་གནས་ཚུལ་ཡིན་ཡང་ཡིད་མ་ཆེས་རང་ཆེས་ཀྱི་དོན་དངོས་ཀྱང་ཡིན། འདི་ནི་གཞན་མ་ཡིན་པར། ཁྱེད་དང་ང་ཚོའི་མདུན་དུ་འཚོ་ཞིང་བཞུགས་པའི་བོད་ཀྱི་མི་རིགས་རིང་ལུགས་པ་བཀྲ་ཤིས་ཚེ་རིང་གི་མི་ཚེའི་ལོ་རྒྱུས་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་ཞེས་པའི་ནང་གསལ་ཡོད།

བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་དཔེ་དེབ་དང་པོ་དེ་དོ་བདག་བཀྲ་ཤིས་ཚེ་རིང་དང་ཨ་རི་བ་གྷོལྜ་སི་ཊཻན། ཨ་རི་བ་སའི་བྷན་ཤུ་བཅས་མི་གསུམ་གྱིས་བརྩམས་པ་དང་། དེབ་གཉིས་པ་ནི་བཀྲ་ཤིས་ཚེ་རིང་དང་སའི་བྷན་ཤུ་གཉིས་ཀྱིས་བརྩམས་པ་རེད། ད་ཐེངས་ཕྲན་གྱིས་བོད་ཡིག་ཏུ་བསྒྱུར་ཞིང་བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་གནང་བའི་དེབ་འདིའི་ནང་། གོང་གསལ་དེབ་དང་པོ་ཆ་ཚང་ཡོད་པར་མ་ཟད། དེབ་གཉིས་པའི་ནང་དོན་སྙིང་བསྡུས་སུ་བཀོད་ཡོད། (དེབ་སྔ་རྗེས་གཉིས་ཀྱི་བརྗོད་དོན་མང་པོ་ཞིག་གཅིག་མཚུངས་ཡིན་པའི་ཆ་ནས་དེབ་གཉིས་པ་ཆ་ཚང་བསྒྱུར་གལ་མེད་) དེ་ཙམ་མ་ཟད་བཀྲ་ཤིས་ཚེ་རིང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་། བོད་ནང་གི་ཤེས་ཡོན་སློབ་གསོའི་གནས་སྟངས་ཐད་ཕུལ་བའི་སྙན་ཞུ་སྔ་རྗེས་སོགས་ཀྱང་ལྷན་ཐབས་ཀྱི་ཚུལ་དུ་བཀོད་ཡོད་པས། བཀྲ་ཤིས་ཚེ་རིང་གི་མི་ཚེ་དང་འབྲེལ་བའི་དཔེ་དེབ་ཆ་ཚང་ཤོས་དེ་ཆགས་ཡོད།

དེབ་འདིའི་དཀར་ཆག་དང་གླེང་བརྗོད། ལོ་རྒྱུས་དངོས་གཞི། ལྷན་ཐབས༌སོགས་བསྡོམས་ན་ཤོག་གྲངས་ ༤༡༠ ཙམ་ཡོད་ཅིང་། བར་འཇུག་ཏུ་ལོ་རྒྱུས་དང་འབྲེལ་བའི་འདྲ་པར་ ༡༧ བཀོད་ཡོད། དེབ་གཟུགས་ཧ་ཅང་མཐུག་པོ༌མ་ཆགས་པའི་ཆེད་དུ་ཡིག་གཟུགས་ཆུང་ཙམ་སྤྱད་དེ་ཤོག་ངོས་རེར་ཡིག་ཕྲེང་ ༢༨ ཤོང་བ་བྱས་ཡོད། 

དེབ་དེ་ཕྲན་གྱིས་བསྒྱུར་ཟིན་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་སྐད་གསུམ་སྨྲ་བ་དགེ་བཤེས་ལྷག་རྡོར་དང་། བོད་ཀྱི་དཔེ་མཛོད་ཁང་གི་པར་སྐྲུན་དང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་སྐད་གསུམ་སྨྲ་བ་ན་ག་སངས་རྒྱས་བསྟན་དར་གྱིས་མ་རྩོམ་དང་བསྡུར་ཏེ་ཞུ་དག་དང་། བོད་གཞུང་བདེ་སྲུང་ཉམས་ཞིབ་ཁང་གི་དྲུང་འཕར་སྐད་གཉིས་སྨྲ་བ་འཕགས་པ་ཚེ་རིང་གིས་རྒྱ་ཡིག་གི་འགྱུར་དང་བསྡུར་ཏེ་ཞུ་དག བོད་གཞུང་ཤེས་རིག་སྡེ་ཚན་ཕ་ཡུལ་ཤེས་བྱའི་བང་མཛོད་ཀྱི་རྩོམ་སྒྲིག་པ་ཀུན་དགའ་རྒྱལ་མཚན་དང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་སློབ་དཔོན་དང་རིག་གནས་སྨྲ་བ་རེ་མདོ་སེངྒེས་བོད་ཚིག་གི་དག་སྡེབ་ལ་ཞུ་བཅོས་གནང་བ་བཅས་ཀྱི་ཐོག ཕྲན་རང་གིས་ཀྱང་ཞུ་དག་ཐེངས་མང་བྱས་པས། སྒྱུར་སྐྱོན་དང་ཡིག་ནོར་ཉུང་བའི་དཔེ་དེབ་ཅིག་ཆགས་ཡོད་པའི་རེ་བ་བྱེད་བཞིན་མཆིས།

དཔེ་དེབ་བྱུས་འགོད་དང་པར་སྐྲུན་ལས་རིགས་ཐད་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་ཚེ་རྣམ་ལགས་དང་བུ་མོ་འཆི་མེད་དབང་མོས་དེབ་འདིའི་རྒྱབ་ཤོག་བྱུས་འགོད་དང་དེབ་གཟུགས་བསྒྲིགས་པ་ཞིག་ཡིན་པས། བཟོ་འགོད་དང་སྒྲིག་རིམ་སོགས་ཀྱང་དེང་རབས་པར་སྐྲུན་ལས་རིགས་ཀྱི་ཡོངས་ཁྱབ་གཞུང་ལུགས་དང་ཚད་མཐུན་བྱུང་ཡོད་པའི་ཁུལ་ཡིན།


ལོ་རྒྱུས་དངོས་གཞིར་ཁྱོན་བསྡོམས་ལེའུ་བཅུ་བཞི་ཡོད་པའི་ནང་ནས་ལེའུ་དང་པོ་ནི་བཀྲ་ཤིས་ཚེ་རིང་སྐྱེ་ཡུལ་གྲོང་གསེབ་ནས་བོད་གཞུང་གིས་ཁྲལ་འཕྱག་བརྒྱབ་སྟེ་ལྷ་སའི་མཆོད་སྤྲིན་གར་རོལ་བའི་ཁོངས་སུ་བཅུག་པ་སོགས་ཀྱི་སྐོར་ཡིན་ཞིང་། ལེའུ་གཉིས་པ་ནི། ལྷ་སར་གར་ཕྲུག་བྱེད་རིང་གི་དཀའ་ངལ་དང་ལྷག་པར་གནས་ཚང་གིས་སྡུག་སྦྱོང་བཏང་བར་བརྟེན་བྲོས་བྱོལ་དུ་ཕྱིན་པའི་སྐོར་སོགས་ཡིན། ལེའུ་གསུམ་པ་ནི་མཚན་མཐུན་འཁྲིག་སྤྱོད་བྱ་ཡུལ་དུ་གྱུར་པ་དང་མཉམ་དུ་ནང་མིའི་མཚམས་སྦྱོར་འོག་བུད་མེད་གཅིག་དང་གཉེན་སྒྲིག་བྱས་ཀྱང་ཁྱིམ་ཚང་དེས་མཐོང་ཆུང་བྱས་སྟབས་བཟའ་ཚང་ཁ་བྲལ་བ། རྩེ་ཕྱག་མཛོད་ཁང་གི་ལས་བྱར་ཞུགས་པ་སོགས་ཀྱི་སྐོར་རེད། ལེའུ་བཞི་པའི་ནང་བུད་མེད་མཛེས་མ་ཞིག་དང་བརྩེ་བ་ཆགས་ཏེ་ཕྲུ་གུ་བཙས་ཀྱང་ཁ་བྲལ་དགོས་བྱུང་བ་དང་། དེ་ནས་རང་གི་ཕའི་འཁོན་ལན་སློག་པའི་འབྲས་བུར་ཁྲིམས་རར་ཁ་མཆུ་ཐུག་པའི་སྐོར་སོགས་ཡིན།

ལེའུ་ལྔ་པ་ནི་ ༡༩༥༧ ལོར་རྒྱ་གར་དུ་སོང་ནས་བརྩོན་པ་ཆེན་པོས་སློབ་སྦྱོང་བྱས་ཤིང་། བོད་རྒྱ་ནག་ཏུ་གི་དབང་བསྒྱུར་འོག་ཏུ་ཡོངས་སུ་ཤོར་ཏེ་བོད་མི་མང་པོ་བཙན་བྱོལ་དུ་སླེབས་སྐབས། མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་ལྷན་ཚོགས་ལ་འབུལ་རྒྱུའི་ཚིག་ཐོ་བསྡུ་བར་བསྐྱོད་པ་སོགས་ཀྱི་སྐོར་ཡིན། ལེའུ་དྲུག་པ་ནི་ཨ་རིར་བསྐྱོད་དེ་བརྩོན་པ་ཆེན་པོས་སློབ་སྦྱོང་བྱས་རྗེས་གོ་རྟོགས་རྙེད་པ་དང་། བུད་མེད་ཅིག་དང་གཉེན་སྒྲིག་བྱས་པ། ཐ་མ་བསམ་གཞིགས་དང་འཐབ་རྩོད་མང་པོ་བྱས་རྗེས་བོད་མི་དམངས་ལ་ཞབས་འདེགས་ཞུ་ཆེད་ཡོད་ཚད་བསྐྱུར་ནས་བོད་ལ་ལོག་པའི་སྐོར་ཡིན།
 
ཨ་རིར་ས་སྐྱ་ཚེ་སྦྱིན་དང་གཉེན་སྒྲིག་བྱས་པ།

ལེའུ་བདུན་པ་ནི་རྒྱ་ནག་ཏུ་བསྐྱོད་དེ་རྒྱ་ཡིག་དང་དམར་པོའི་གཞུང་ལུགས་སྦྱངས་པའི་དཀའ་ཚེགས་དང་རང་གི་ཕ་མ་གཉིས་ལ་ཉེས་མེད་འཐབ་འཛིང་ཕོག་པ་སོགས་ཀྱི་སྐོར་རེད། ལེའུ་བརྒྱད་པའི་ནི་རྒྱ་ནག་ཏུ་རིག་གནས་གསར་བརྗེ་ལངས་པ་དང་མའོ་ཙེ་ཏུང་མཇལ་བར་བསྐྱོད་པ་སོགས་ཀྱི་སྐོར་རེད། ལེའུ་དགུ་པ་ནི་རྒྱ་ནག་གཞུང་གིས་འཛིན་བཟུང་གིས་འཐབ་འཛིང་བྱས་པ་དང་། ཐ་མ་བཙོན་འཇུག་བྱས་པའི་སྐོར་རེད། ལེའུ་བཅུ་པ་ནི་རྒྱ་ནག་དང་བོད་དུ་ཡོད་པའི་བཙོན་ཁང་ཁག་གི་ནང་སྡུག་སྦྱོང་མྱངས་ཚུལ་དང་རྗེས་སུ་བཙོན་གྲོལ་ཐོབ་ཚུལ་སོགས་ཀྱི་སྐོར་རེད། 
 
བཀྲ་ཤིས་ཚེ་རིང་བཙོན་ཁང་ནས་གློད་མ་ཐག་གི་འདྲ་པར།

ལེའུ་བཅུ་གཅིག་པ་ནི། ཞན་ཡང་སློབ་གྲྭར་སྡུག་ལས་བྱེད་བཅུག་པའི་སྐོར་དང་། སྡུག་ལས་དེ་ནས་ཐར་ཆེད་ལྷ་སའི་བུད་མེད་ཅིག་དང་གཉེན་སྒྲིག་བྱས་ཀྱང་བོད་ལ་སྤོ་མ་ཐུབ་པ་སོགས་ཀྱི་སྐོར་རེད། ལེའུ་བཅུ་གཉིས་པ་ནི། རང་ཉིད་བཙོན་ནས་གློད་ཀྱང་བཙོན་པ་ལྟར་གྱི་སྡུག་ཐང་སྤྱོད་པ་འདི་དྲང་པོ་མིན་པར་ཤེས་ནས་པེ་ཅིང་ལ་གསང་བྲོས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུ་གཏུགས་བྱས་པ་དང་ཞུ་གཏུགས་ལ་རྒྱལ་ཁ་ཐོབ་པའི་སྐོར་རེད། ལེའུ་བཅུ་གསུམ་པ་ནི་ཞན་ཡང་དུ་རང་གི་བཟའ་ཟླ་བསུས་ཏེ་དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་གསར་རྩོམ་གྱི་འགོ་བཙུགས་པ་དང་། དེ་ནས་བོད་ལ་ལོག་ཐུབ་པ་བྱུང་བའི་སྐོར་རེད།
ལེའུ་བཅུ་བཞི་པ་ནི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་བྱེད་ཞོར་ལྷ་སའི་ནང་མཚན་མོའི་དབྱིན་སྐད་སློབ་གྲྭ་དང་པོ་བཙུགས་པ་དང་། བོད་རྒྱ་མི་རིགས་དབར་ཤེས་ཡོན་སློབ་གསོའི་ཐད་དྲང་བདེན་དང་འདྲ་མཉམ་མེད་པའི་བྱེད་སྟངས་ཐད་དཔང་རྟགས་འབོར་ཆེན་དྲངས་ཏེ་ ༡༩༨༦ ལོར་རྒྱ་ནག་གཞུང་ལ་སྙན་ཞུ་ཕུལ་བ། ལྷག་པར་དབྱིན་སྐད་སློབ་གྲྭའི་ཁེ་འབབ་ཧིན་སྒོར་ཆིག་ཁྲི་ཐམ་པ་སྤྱད་དེ་སློབ་གྲྭ་དང་པོ་བཙུགས་པ་སོགས་ཀྱི་སྐོར་རེད།


དེ་རྗེས་ལྷན་ཐབས་དང་པོ་བཀོད་པའི་ནང་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་དེབ་གཉིས་པའི་ནང་དོན་བཀོད་ཡོད་ཅིང་། དེ་ཡང་བཀྲ་ཤིས་ཚེ་རིང་གིས་བོད་ལྗོངས་སློབ་ཆེན་ནས་རྒན་ཡོལ་ཞུས་ཏེ་ཕྱི་རྒྱལ་ལ་ཁ་གདན་ཚོང་གཉེར་བྱས་པ་དང་། ཁ་གདན་བཙོང་པའི་ཁེ་འབབ་ཀྱིས་བོད་ཀྱི་གྲོང་གསེབ་མང་པོར་སློབ་གྲྭ་བདུན་ཅུ་ལྷག་གསར་འཛུགས་བྱས་པ་སོགས་ཀྱི་སྐོར་སྙིང་བསྡུས་སུ་བཀོད་ཡོད།
ལྷན་ཐབས་གཉིས་པ་ནི་བཀྲ་ཤིས་ཚེ་རིང་གིས་ཕྱི་ལོ་ ༡༩༨༦ ལོའི་ཟླ་བ་ ༢ ཚེས་ ༢༠ ཉིན་འབྲེལ་ཡོད་རྒྱ་ནག་གཞུང་ལ་ཕུལ་བའི་སྙན་ཞུ་ཡིན་ཞིང་། ལྷན་ཐབས་གསུམ་པ་ནི། བཀྲ་ཤིས་ཚེ་རིང་གིས་ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༧ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་ཕུལ་བའི་སྙན་ཞུ༌ཡིན། ལྷན་ཐབས་བཞི་པ་ནི། ཁོང་གི་རྩོམ་ཡིག་ཕ་སྐད་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་སྐོར་ལ་བསམ་གཞིག་བྱེད་པ་ཞེས་པ་དེ་ཡིན།
ལྷན་ཐབས་ལྔ་པ་ནི་བཀྲ་ཤིས་ཚེ་རིང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་རྣམ་པར་ཕུལ་བའི་འཕྲིན་ཡིག་སྐོར་ལ་བོད་ཆོལ་ཁ་གསུམ་གྱི་ཆེད་ལས་མཁས་པ་རྣམ་པའི་དགོངས་འཆར་ཡིན། ལྷན་ཐབས་དྲུག་པ་ནི་བཀྲ་ཤིས་ཚེ་རིང་གིས་མཐོ་སློབ་ཀྱི་སློབ་ཕྲུག་ཚོར་ཕུལ་བའི་འཕྲིན་ཡིག་རེད། ལྷན་ཐབས་བདུན་པ་ནི། བཀྲ་ཤིས་ཚེ་རིང་གིས་འགྲོ་གྲོན་བཏང་སྟེ་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་དང་། ལྷན་ཐབས་བརྒྱད་པ་ནི། སྐྱེད་མེད་བུ་ལོན་གྱི་ལས་གཞིའི་སྐོར་བཅས་ཡིན། མཇུག་ཏུ་དེབ་འདི་རྩོམ་པ་པོ་དང་སྒྱུར་བ་པོའི་ངོ་སྤྲོད་མདོར་བསྡུས་རེ་གསལ་ཡོད།
 
 བཀྲ་ཤིས་ཚེ་རིང་གིས་རང་གི་ལོ་རྒྱུས་དཔེ་དེབ་དང་པོ་ལག་ཏུ་བཟུང་སྟེ་བཞུགས་པ།
དེབ་འདིའི་སྙིང་དོན་ཐད། ཕྲན་གྱིས"དེབ་འདི་ནི་ཁོང་གི་མི་ཚེའི་འགོ་སྟོད་བོད་ནང་བསྐྱལ་བ་དང་། བར་དུ་ཨ་རི་ནས་ཆབ་སྲིད་ཀྱི་གོ་རྟོགས་སད་པ། མཐའ་མ་བོད་ནང་དཀའ་སྡུག་མང་པོ་མྱངས་རྗེས་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་པའི་ལོ་རྒྱུས་ཀྱི་བྱུང་བ་རྣམས་ཁ་གསལ་གོ་བདེའི་ལམ་ནས་བརྗོད་པ་ཞིག་ལགས་"ཞེས་དེབ་ཀྱི་རྒྱབ་ཤོག་ཏུ་བཀོད་ཡོད།
དེབ་འདི་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་ནས་ཉོ་ཐུབ་ཅིང་། དེབ་རེར་ཧིན་སྒོར་ ༣༠༠ རེད།། །།

2 comments:

  1. ཆུང་ཚེ་རིང་ལགས།
    ཁྱེད་ཀྱིས་བཀྲ་ཤིས་ཚེ་རིང་གི་དེབ་དེ་དངོས་གནས་ཡག་བསྒྱུར་འདུག
    ཐུགས་རྗེ་ཆེ།

    ReplyDelete
  2. ཡིག་སྒྱུར་གནང་བར་སྙིང་ནས་ཐུགས་རྗེ་ཆེ་། ང་ལྟ་བུ་བོད་ཡིག་ལས་གཞན་གྱི་ཡི་གེ་་ལ་མིག་ལོང་ཟིན་པ་དག་ལ་ཕན་པ་ཧ་ཅང་ཆེ་བས་

    ReplyDelete