2010-05-08

རྒྱ་གར་གྱི་རྩིས་རིག་མཁས་དབང་ཤྲི་ཎི་ཝ་ས། རཱ་མཱ་ནུ་ཇཱན།


རྒྱ་གར་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཞིག་གི་ནང་དགེ་རྒན་གྱིས་སློབ་ཕྲུག་ཚོར་བགོད་རྩིས་ཀྱི་རྣམ་གཞག་སློབ་ཁྲིད་བྱེད་བཞིན་ཡོད། དགེ་རྒན་དེས། གལ་ཏེ་གྲངས་འབོར་ཞིག་དེ་དང་མཚུངས་པའི་གྲངས་འབོར་ཞིག་གིས་བགོས་ན། བགོས་ཐོབ་ནི་ག་དུས་ཡིན་ནའང་གཅིག་ཁོ་ན་ཡོང་གི་རེད། དཔེར་ན། འདིར་བུ་བཞི་དང་ཤིང་ཏོག་ཨམྲ་བཞི་ཡོད་པ་དང༌། གལ་ཏེ་བུ་དེ་དག་ལ་ཤིང་ཏོག་ཨམྲ་གཅིག་མཚུངས་སུ་བགོས་པར་ཆ་བཞག་ན། བུ་རེ་ལ་ཤིང་ཏོག་ཨམྲ་གཅིག་རེ་ཐོབ་ཀྱི་རེད། ཅེས་གསུངས། གློ་བུར་དུ་སྐམ་ལ་སྤྱང་གྲུང་གི་མིག་འོད་འཕྲོ་བའི་བུ་ཞིག་ཡར་ལངས་ཏེ། རྒན་ལགས། གལ་ཏེ་ཤིང་ཏོག་ཨམྲ་ཀླད་ཀོར་དང་བུ་ཀླད་གོར་ཡོད་པར་ཆ་བཞག་ན། བུ་རེ་ལ་ཤིང་ཏོག་ཨམྲ་གཅིག་རེ་ཐོབ་ཀྱི་རེད་དམ། ཞེས་དྲིས།
བུ་དེའི་མིང་ལ་རཱ་མཱ་ནུ་ཇན་ཟེར་ཞིང༌། ཁོང་ནི་རླབས་ཆེན་གྱི་རྩིས་རིག་མཁས་པ་ཞིག་ཏུ་འཚར་ལོངས་འབྱུང་བཞིན་ཡོད། ཁོང་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་ཨི་རོ་ཌེ་ཞེས་པའི་གྲོང་བརྡལ་དུ་ཕྱི་ལོ་༡༨༨༧ ལོའི་ཟླ་ ༡༢ ཚེས་ ༢༢ ཉིན་འཁྲུངས་པ་རེད། ཁོང་གི་ཁྱིམ་ཚང་གི་འཚོ་བ་སྐྱོ་བོ་ཡིན་ཞིང༌། ཁོང་གི་ཕ་ཤྲི་ནི་ཝཱ་སཱ། ཨ་ཡན་གྷར་ནི་ས་གནས་ཁྲིམས་ཁང་གི་གལ་གནད་གང་ཡང་མེད་པའི་ལས་བྱེད་དམའ་གྲས་ཤིག་ཡིན་སྟབས། ཁོང་གི་གླ་ཆ་ཉུང་ངུ་དེར་བརྟེན་ནས་ནང་མིའི་འཚོ་བ་འཁྱོལ་ཐབས་མེད་པར་བརྟེན། རཱ་མཱ་ནུ་ཇན་གྱི་ཨ་མས་ལྷར་མཆོད་བསྟོད་འབུལ་མཁན་གྱི་མགུར་གླུའི་རུ་ཁག་ཅིག་ཏུ་འཛུལ་ཞུགས་བྱས་ཏེ། ཟླ་རེར་ཧིན་སྒོར་ ༥ ནས་ ༡༠ བར་གསོག་གི་ཡོད། དེས་ཕན་ཕྲན་བུ་ཐོགས་པ་ལས་དཀའ་ངལ་སེལ་ཐུབ་ཀྱི་མེད། ཕ་མ་གཉིས་ཀྱིས་ཟས་རིགས་གང་བྱུང་ཕྲུ་གུ་ཚོར་གནང་བ་དང་འབྲེལ་རང་ཉིད་གྲོད་ཁོག་ལྟོགས་པར་ཡང་ནས་ཡང་དུ་བཞུགས་དགོས་ཀྱི་ཡོད། སྐབས་རེ་གྲོང་པ་ཁྱིམ་མཚེས་ཚོས་ཁོང་ཚོར་འབྲས་ཀྱི་རོགས་རམ་དང༌། ཕྲུ་གུ་ཚོར་ལྟོ་ཐེངས་རེ་ཟུང་གི་སྦྱིན་པ་གཏོང་གི་ཡོད།

                      རཱ་མཱ་ནུ་ཇན་གྱི་གཟིམ་ཁང་།

རཱ་མཱ་ནུ་ཇན་ལོ་བདུན་ལ་སླེབས་སྐབས་དམའ་རིམ་སློབ་གྲྭར་བཏང་བ་དང༌། རྩིས་རིག་ནི་ཁོང་གི་སློབ་ཚན་ཆེས་དགའ་ཤོས་དེ་རེད། ཁོང་གིས་གྲངས་འབོར་བསྡོམས་ཐོབ་འཚོལ་ཚད་ཤིན་ཏུ་མྱུར་བ་དེས། དགེ་རྒན་དང་འཛིན་གྲོགས་ཚོར་ཡ་མཚན་ཆེན་པོ་བྱུང་བ་རེད། ༡༨༩༧ ལོར་ཁོང་གིས་ལོ་བཞིའི་ཡུན་ཅན་གྱི་དམའ་རིམ་སློབ་མཐར་ཕྱིན་པ་བྱས་ཡོད་ཐོག མཐའ་མའི་སློབ་ཐོན་ཡིག་རྒྱུགས་སྐབས། རང་ཉིད་གནས་ཡུལ་གྱི་རྫོང་སྡེའི་ནང་ནས་ཨང་ཀི་དང་པོ་བླངས་པ་རེད། ལོ་རྗེས་མ་དེར་ཁོང་གིས་འབྲིང་རིམ་སློབ་གྲྭར་སློབ་ཞུགས་བྱས་པ་དང༌། དམའ་རིམ་སློབ་གྲྭའི་ཡིག་ཚད་ནང་ཨང་དང་པོ་བླངས་སྟབས་ཁོང་ལ་སློབ་ཡོན་ཡང་རག་ཡོད། སློབ་ཡོན་གྱི་གོ་དོན་ནི་སྐབས་དེར་འབྲིང་རིམ་སློབ་གྲྭའི་སློབ་སྦྱོང་མཇུག་སྐྱེལ་བྱེད་ཆེད་ཁོང་གིས་ཟུར་འཁྲིད་ཀྱི་རིན་འབབ་ཕྱེད་ཀ་མ་གཏོགས་སྤྲོད་མི་དགོས་པའི་དོན་རེད།

རཱ་མཱ་ནུ་ཇན་ནི་གཞི་རྩའི་ཆ་ནས་སློབ་ཕྲུག་གཞན་དང་མི་འདྲ་བ་ཞིག་ཡིན། དེ་ཡང་སློབ་ཕྲུག་གཞན་ཚོས་ཡིག་རྒྱུགས་འཕྲོད་པའི་ཆེད་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཀྱང༌། རཱ་མཱ་ནུ་ཇན་གྱིས་རང་གི་ཤེས་བྱ་གོང་འཕེལ་ཡོང་བའི་ཆེད་དུ་སྦྱོང་གི་ཡོད། ཁོང་ནི་རང་གི་དགའ་ཤོས་ཀྱི་སློབ་ཚན་ཨང་རྩིས་སྦྱོང་བར་སྤྲོ་སྣང་ཤིན་ཏུ་ཆེ་ཞིང༌། རིང་པོར་མ་སོང་བར་ཁོང་གིས་སློབ་གྲྭའི་དཔེ་མཛོད་ནང་ཡོད་པའི་ཨང་རྩིས་དང་འབྲེལ་བའི་དེབ་རིགས་ཚང་མ་སྦྱངས་ཟིན་པར་མ་ཟད། རང་གི་ཁྱིམ་མཚེས་ཀྱི་རོགས་རམ་ལ་བརྟེན་ནས་མཐོ་སློབ་ཀྱི་དཔེ་མཛོད་ནས་ཨང་རྩིས་ཀྱི་དེབ་གཡར་ཏེ་སྦྱོང་གི་ཡོད། ཁོང་གིས་རང་གི་འཛིན་གྲོགས་ཚོ་དང༌། འཛིན་གྲྭ་གོང་མའི་སློབ་ཕྲུག་ཚོར་ཨང་རྩིས་སློབ་སྦྱོང་གི་ཐད་རོགས་རམ་བྱེད་ཀྱི་ཡོད།

སློབ་གྲྭའི་ནང་ལོ་ལྟར་ཁོང་ལ་ཡིག་རྒྱུགས་གྲུབ་འབྲས་ཡག་པོ་དང༌། བྱ་དགའ་ཐོབ་ཀྱི་ཡོད། ༡༩༠༣ ལོའི་ཟླ་བ་ ༡༢ པར་ཁོང་གིས་ མ་ཌ་རཱ་སེ་མངའ་སྡེའི་འབྲིང་རིམ་སློབ་གྲྭའི་མཐར་ཕྱིན་ཡིག་རྒྱུགས་སྐབས་ཨང་སྡེ་དང་པོ་བླངས་པ་རེད།

རཱ་མཱ་ནུ་ཇན་ད་ཆ་ལོ་ངོ་ ༡༦ ལ་སོན་ཞིང༌། ཀུམ་བཱ་ཀོ་ནམ་(Kumbakonam)ཞེས་པའི་གཞུང་གི་མཐོ་སློབ་ཏུ་འཛུལ་ཞུགས་བྱས། འབྲིང་རིམ་སློབ་ཐོན་གྱི་ཡིག་རྒྱུགས་གྲུབ་འབྲས་ཡག་པོ་ཐོབ་སྟབས། ཁོང་ལ་མཐོ་སློབ་ཀྱི་སློབ་ཡོན་ཡང་ཐོབ་ཡོད། སློབ་ཡོན་ནི་གསོལ་རས་ལྟ་བུ་ཡིན་པས་ལྡང་ངེས་མེད་རུང༌། ཁོང་གི་ནང་མིའི་འཚོ་འཁོས་ཞན་སྟབས་ཁོང་ལ་རོགས་པ་བྱེད་ཐུབ་ཀྱི་མེད། སྐབས་དེ་དུས་ཁོང་གི་ཨང་རྩིས་ལ་སྔར་ལྷག་ཤུགས་སྣོན་བརྒྱབ་པ་དང༌། རྩིས་རིག་གི་དཀའ་གནད་མང་པོ་ཞིག་འཛམ་གླིང་གི་རྩིས་རིག་མཁས་པ་ཚོས་གཙང་སེལ་བྱས་ཟིན་པ་ཧ་མ་གོ་བར་རང་ཉིད་ཀྱིས་རྩིས་བརྒྱབ་ཏེ་དཀའ་གནད་བཀྲོལ་བ་རེད།



ཨང་རྩིས་སློབ་སྦྱོང་གི་ཐད་དུ་ཁོང་གི་དཀའ་ལས་ཆེན་པོ་རྒྱག་གི་ཡོད་སྟབས། ཁོང་གི་གཟུགས་པོའི་འཕྲོད་བསྟེན་ཉམས་རྒུད་འགྲོ་འགོ་ཚུགས། དེ་ཙམ་དུ་མ་ཟད་ཁོང་གིས་ཨང་རྩིས་སློབ་ཚན་མ་གཏོགས་དེ་མིན་རང་གི་མཐོ་སློབ་ཀྱི་སློབ་ཚན་གཞན་རྣམས་ལ་སྣང་མེད་བྱེད་ཀྱི་ཡོད། འཛིན་རིམ་གོང་མར་མུ་མཐུད་དེ་འགྲོ་བར་སློབ་ཚན་ཚང་མའི་ཡིག་རྒྱུགས་འཕྲོད་དགོས་སྟབས། ཁོང་གི་བྱེད་སྟངས་དེ་ནི་ཡག་པོ་མ་རེད། དེའི་མཇུག་འབྲས་སུ་རཱ་མཱ་ནུ་ཇན་ཏེ། སྤྱང་གྲུང་དོད་ཤོས་ཀྱི་སློབ་ཕྲུག་དེ་ཡིག་རྒྱུགས་མ་འཕྲོད་པར་ལུས་པ་རེད། གནས་ཚུལ་འདི་འདྲ་བྱུང་བ་ནི་ཧ་ཅང་ཚབས་ཆེན་པོ་ཆགས་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། སློབ་དུས་གཅིག་གི་ཡིག་རྒྱུགས་མ་འཕྲོད་པ་ཞིག་གིས་སློབ་ཡོན་ཞུ་ཆོག་གི་མེད་སྟབས། ཁོང་ལ་སློབ་ཡོན་གནང་རྒྱུ་མཚམས་འཇོག་བྱས།

དགེ་རྒན་ཞིག་གིས་སློབ་གྲྭ་བསྒྱུར་ཏེ་མཱ་ཌ་རཱ་སེར་སོང་ནས་པན་ཆཱ་ཡ་ཧྥ་ཡི་མཐོ་སློབ་ཏུ་ཞུགས་དགོས་པའི་སློབ་སྟོན་བྱས་པ་ལྟར། ཁོང་གིས་མཐོ་སློབ་དེར་འཛུལ་ཞུགས་བྱས་ཏེ་གཏན་འཇགས་སློབ་ཕྲུག་ཅིག་ཏུ་འགྱུར་ཆེད་རང་གི་སློབ་གཞིའི་སློབ་ཚན་ཚང་མར་དོ་སྣང་བྱས།

དེ་སྔོན་ཐོབ་མུས་ཡིན་པའི་སློབ་ཡོན་དེ་གནང་རྒྱུ་མཚམས་འཇོག་བྱས་སྟབས། སློབ་ཡོན་དང་ཟས་སོང་གི་འགྲོ་སོང་གཏོང་རྒྱུ་ནི་དཀའ་ངལ་ཆེ་ཤོས་དེ་རེད། དེར་བརྟེན་ཁོང་གིས་གཅིག་ནས་སློབ་ཕྲུག་གཞན་ལ་ཟུར་ཁྲིད་བྱེད་རྒྱུའི་འགོ་བཙུགས་པ་དང༌། གཉིས་ནས་ཉིན་རེའི་ཟས་རྣམས་མི་ཉམས་ཐག་རྣམས་སྐྱོད་སའི་ལམ་འགྲམ་གྱི་ཟ་ཁང་ཆུང་ངུ་ནས་བཟས་པ་རེད། དེ་ལྟར་དཀའ་ངལ་ཆེ་བ་དང་ཟས་བཅུད་ཀྱིས་མ་ལྡང་སྟབས་མཐའ་མ་ཁོང་ནད་ཀྱིས་མནར་ནས་ ཕ་མ་གཉིས་ཀྱིས་ཁོང་ལ་རེ་བ་ཆེན་པོ་བཅོལ་མིན་ལ་མ་ལྟོས་པར་སློབ་སྦྱོང་བྱེད་མཚམས་མི་འཇོག་ཀ་མེད་བྱུང་བ་རེད།

ཁོང་ནི་ཨང་རྩིས་མཁས་པ་ཞིག་ཡིན་པའི་མཚན་སྙན་ཉེ་འཁོར་དུ་ཁྱབ་ཡོད་པར་བརྟེན། ནད་གཞི་དྲག་རྗེས་མི་ཚོས་རཱ་མཱ་ནུ་ཇན་རང་གི་ཕྲུ་གུའི་ཟུར་ཁྲིད་དགེ་རྒན་དུ་གདན་ཞུ་བྱེད་ཀྱི་ཡོད་ཀྱང༌། སྐབས་དེར་ཟུར་ཁྲིད་བྱས་གླ་ནི་ཟླ་རེར་ཧིན་སྒོར་ ༦ ནས་ ༧ བར་མ་གཏོགས་ཐོབ་ཀྱི་མེད་པས་འཚོ་བའི་དཀའ་ངལ་སྔར་བཞིན་ཡོད།

ད་ཆ་ཁོང་ལོ་ ༢༢ ལ་སོན་ན་ཡང༌། འོས་ཤིང་འཚམས་པའི་ལས་ཀ་ཞིག་ད་དུང་རག་མེད་པ་དང༌། ཉིན་ལྟར་གཞན་གྱིས་ཤེས་དཀའ་བའི་རྩིས་ཕྲེང་ཟང་ཟིང་མང་པོ་ཞིག་འབྲི་བ་ལས་དེ་མིན་གྱི་ལས་དོན་བྱེད་ཀྱི་མེད། ཁོང་གི་བྱེད་སྟངས་དེར་ཕ་མ་གཉིས་ལ་སེམས་ཁྲལ་ཧ་ཅང་ཆེན་པོ་བྱུང་སྟབས། རཱ་མཱ་ནུ་ཇན་དང་མིང་ལ་ཇཱ་ནཱ་ཀི་ཞེས་པའི་བུ་མོ་ལོ་ ༨ ལ་སོན་པ་ཞིག་མཉམ་དུ་ཆང་ས་རྒྱག་བཅུག་པ་རེད། གནས་ཚུལ་འདི་གོ་དུས་ཁྱེད་རང་ད་ལྟ་ཡ་མཚན་སྐྱེ་ངེས་ཡིན་ཀྱང༌། ཕྲུ་གུ་ཆུང་དུས་ནས་ཆང་ས་རྒྱག་པའི་ལམ་སྲོལ་ཡོངས་གྲགས་ཡིན་པའི་དུས་སྐབས་དེར་གནས་ཚུལ་འདི་ནི་ཡ་མཚན་སྐྱེ་དགོས་པ་གང་ཡང་མ་རེད།

དེ་ལྟར་ཕྱི་ལོ་ ༡༩༡༡ བར་ནི་ཁོང་གི་མི་ཚེའི་ནང་དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་རེད། ཁོང་གིས་རང་དང་ནང་མིའི་ལྟོ་གོས་འཚོལ་དགོས་པ་ཙམ་མ་ཟད། ཟླ་བ་རེར་རང་གི་དགའ་མོས་ཆེ་བའི་རྩིས་རིག་ཉམས་ཞིབ་ཆེད། ཨང་རྩིས་བརྩི་སའི་ཤོག་བུ་ ༢༠༠༠ ཙམ་ཐབས་ཤེས་བྱེད་དགོས་ཀྱི་ཡོད། དེར་བརྟེན་ཁོང་གིས་སྲང་ལམ་དང་གད་རྙིགས་ཀྱི་ཁྲོད་ནས་ཤོག་བུ་སྒྲུག་གི་ཡོད་པ་དང༌། གཞན་གྱིས་སྣག་ཚ་སྔོན་པོས་ཡི་གེ་བྲིས་ནས་བསྐྱུར་བའི་ཤོག་བུ་རྣམས་ཁོང་གིས་ཡར་བསྒྲུགས་ཏེ། དེའི་ཐོག་ཏུ་སྣག་ཚ་དམར་པོས་ཨང་རྩིས་འབྲི་ཡི་ཡོད།

གནའ་བོའི་གཏམ་དཔེར། གསེར་ས་འོག་ལ་ཡོད་ནའང༌། འོད་ནམ་མཁར་ཁྱབ་ཅེས་པའི་དཔེ་ལྟར། ཕྱི་ལོ་ ༡༩༡༢ ལོར་ཁོང་ལ་རླུང་རྟ་ཆེན་པོ་ཞིག་རྒྱུག་པ་རེད། དེ་ཡང་འབད་བརྩོན་བྱས་པ་བརྒྱུད་ཡུལ་མ་ཌ་ར་སེའི་པོར་ཊི་དགེ་རྩ་ (PORT TRUST) ཞེས་པའི་ལས་ཁུངས་ཀྱི་རྩིས་ཁང་ནང་ཟླ་རེར་གླ་ཆ་ཧིན་སྒོར་ ༣༠ ཐོག་ཁོང་ལ་ལས་གནས་ཤིག་ཐོབ་ཅིང༌། སྟབས་ལེགས་པ་ཞིག་ལ་ལས་ཁུངས་དེའི་དོ་དམ་པ་སྐུ་ཞབས་ ཨེ་སེ། ནཱ་རཱ་ཡཱ་ནཱ་ ལ་ཡར་ཞེས་པ་ནི་རྒྱ་གར་གྱི་རྩིས་རིག་གཏེར་མཛོད་ཚོགས་པའི་དྲུང་ཆེའི་ལས་རོགས་ཀྱང་ཡིན་པ་དང༌། ཁོང་གིས་རང་གི་གཤམ་འོག་ཏུ་ལས་ཀ་བྱེད་མཁན་རཱ་མཱ་ནུ་ཇན་ལ་ཁྱད་དུ་འཕགས་པའི་ཤེས་ཡོན་ཡོད་པ་ཐུགས་སྣང་བྱུང་སྟེ། ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ཧྥ་རན་སི་སེ་ སེ་ཕི་རིན་ལ་ངོ་སྤྲོད་གནང་བ་རེད།

དེ་འདྲའི་རྒྱབ་སྐྱོར་འོག་རཱ་མཱ་ནུ་ཇན་གྱིས་དབྱིན་ཡུལ་གྱི་ཁམ་བྷ་རའི་ཇི་གཙུག་ལག་སློབ་གཉེར་ཁང་གི་རྩིས་རིག་མཁས་དབང་གསུམ་ལ་རྩིས་རིག་གི་ངེས་སྲོལ་བྲིས་ཏེ་བཏང་། དེའི་ནང་ནས་མཁས་དབང་ ཇི་ ཨེ་ཆུ་ ཧར་ཌི་ཞེས་པས་རཱ་མཱ་ནུ་ཇན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ལྡན་པ་ངོས་ཟིན།

དེར་བརྟེན་མཁས་དབང་དེ་དང༌། དེའི་ཕྱག་རོགས་ཚོས་རཱ་མཱ་ནུ་ཇན་དབྱིན་ཡུལ་གྱི་གོང་གསལ་གཙུག་ལག་སློབ་གཉེར་ཁང་དུ་བསུ་རྒྱུའི་འགྲོ་ལུགས་ཀྱི་ལས་དོན་ཁག་གཉེར་བ་བརྒྱུད་ཕྱི་ལོ་ ༡༩༡༤ ལོའི་ཟླ་ ༣ ཚེས་ ༡༧ ཉིན་རཱ་མཱ་ནུ་ཇན་དབྱིན་ཡུལ་དུ་གྲུ་གཟིངས་ལ་ཞུགས་ནས་བསྐྱོད།


ཁོང་གི་གང་ཅིའི་གནས་སྟངས་ཀྱི་ཆ་ནས་དབྱིན་ཡུལ་དུ་ཡང་དཀའ་ངལ་མེད་པ་ཞིག་མ་རེད། དེ་ཡང་དབྱིན་ཡུལ་གྱི་གནམ་གཤིས་ཤིན་ཏུ་གྲང་མོ་དེ་རྒྱ་གར་ཚ་བའི་ལུང་པ་ནས་ཕེབས་པའི་ཁོང་གིས་བཟོད་པར་དཀའ་ལ། བྲམ་ཟེའི་ལམ་ལུགས་ལ་ཞེན་ཆགས་ཆེ་བའི་ཕ་མ་གཉིས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཁོང་གིས་དམར་ཟས་རྩ་བ་ནས་བཟའ་མྱོང་མེད་པས། རང་གི་ཟས་རིགས་ཚང་མ་རང་ཉིད་ཀྱིས་གཡོས་སྦྱོར་བྱེད་དགོས་ཀྱི་ཡོད། ཡིན་ནའང་རཱ་མཱ་ནུ་ཇན་གྱིས་དེ་དག་བཟོད་སྲན་བྱས་ཏེ་ཉམས་ཞིབ་ཀྱི་ལས་དོན་མཇུག་སྐྱོང་བྱེད་ཐུབ་པ་བྱུང༌། དབྱིན་ཡུལ་དུ་སྡོད་རིང་རང་དང་བློ་མཐུན་པ་ཡོད་པར་མ་ཟད། མཁས་དབང་ཧར་ཌི་སོགས་ཀྱི་བློ་སྟོབས་སྤེལ་བ་སོགས་གུ་ཡངས་དང་མཛའ་བརྩེའི་ཁོར་ཡུག་བཟང་པོས་ཁོང་ལ་ཤུགས་རྐྱེན་བཟང་པོ་བྱུང་ཡོད།

༡༩༡༨ ལོའི་ཟླ་ ༢ པར་རཱ་མཱ་ནུ་ཇན་དབྱིན་ཡུལ་གྱི་རཱོ་ཡལ་ཚོགས་པའི་(Royal Society)དམིགས་བསལ་སློབ་གཉེར་བར་བདམས་པ་རེད། དེ་ནི་རྒྱ་གར་བ་ཞིག་ལ་དེ་འདྲའི་གྲུབ་འབྲས་ཐོབ་པ་ཐེངས་གཉིས་པ་དེ་རེད། ལོ་དེའི་ཟླ་༡༠ ནང་ཁོང་ཀེམ་བྷ་རའི་ཇི་གཙུག་ལག་སློབ་ཁང་གི་ཊི་རི་ནི་ཋི་མཐོ་སློབ་(Trinity College, Cambridge)ཀྱི་དམིགས་བསལ་ཉམས་ཞིབ་པར་འདེམས་ཐོན་བྱུང༌། དེ་ནི་རྒྱ་གར་བ་ཞིག་ལ་ཐེངས་དང་པོར་ཐོབ་པ་ཞིག་རེད། དབྱིན་ཡུལ་དུ་བཞུགས་རིང་ལོན་ཊོན་རྩིས་རིག་ལྷན་ཚོགས་ཀྱི་ཆེད་དེབ་ནང་། highly composite number སྐོར་ལ་ཕུལ་དུ་བྱུང་བའི་རྩོམ་ཡིག་ཤོག་ངོས་ ༥༠ སྐོར་ཡོད་པ་ཞིག་སྤེལ་ཡོད།

འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་ཁོང་གིས་ཉམས་ཞིབ་བྱེད་བཞིན་པའི་མུར་ནད་ཀྱིས་མནར་བ་དང༌། ནད་ངོ་བརྟག་དཔྱད་བྱས་པ་བརྒྱུད་ནད་གཞི་ནི། སྐབས་དེར་བཅོས་ཐབས་རྩ་བ་ནས་མེད་པའི་ཊི་བི་འམ་གློ་གཅོང་དུ་གྲགས་པ་དེ་ཕོགས་ཡོད་པ་ཤེས་པ་རེད། དེར་བརྟེན། ཁོང་གི་གྲོགས་པོ་ཚོས་ཁོང་རྒྱ་གར་དུ་ཕྱིར་སློག་རྒྱུའི་གྲ་སྒྲིག་བྱས་ཏེ་ཕྱི་ལོ་ ༡༩༡༩ ལོའི་ཟླ་ ༣ ཚེས་ ༡༣ ཉིན་རང་ཁྱིམ་དུ་ལོག་པ་རེད།

རྒྱ་གར་དུ་ལོག་རྗེས་ཁོང་གི་གནས་སྟངས་ནི་ཇེ་ཞན་ཇེ་སྡུག་ཏུ་སོང་ཡང༌། ཁོང་གི་བཟའ་ཟླ་ཇཱ་ནཱ་ཀིས་ནད་གཡོག་དང་ཞབས་ཕྱི་ཤིན་ཏུ་ལེགས་པོ་ཞུས། ཁོང་གི་གཟུགས་པོ་ཤ་སྐམ་པགས་སྐམ་ཆགས་ནས་ད་ཆ་ཀེང་རུས་ལྟ་བུར་གྱུར་ཡོད་ཐོག ལུས་པོའི་ཆ་ཤས་ཁ་ཤས་སུ་གཟུག་གཟེར་དྲག་པོ་ལངས་ཀྱི་ཡོད། གཟུག་གཟེར་དྲག་པོ་རྣམས་མ་ཚོར་བའི་ཆེད་དུ་ཁོང་གིས་ཨང་རྩིས་ཀྱི་རྩིས་གཞི་རྙོག་ཁྲ་ཚ་པོ་དེ་འདྲའི་ཐོག་བསམ་གཞིགས་བྱེད་ཀྱི་ཡོད། ཁོང་འཆི་ཁའི་ཉིན་མཐའ་མ་དེར་རང་གི་བཟའ་ཟླར་དབྱིན་ཡུལ་དུ་རང་ཉིད་ཀྱིས་ཁ་ལག་བཟོ་སྐབས་བྱུང་བའི་གནས་ཚུལ་དགོད་བྲོ་པོ་དེ་འདྲ་གསུངས་ནས་བཞུགས་པ་རེད།

འཛམ་གླིང་གིས་རཱ་མཱ་ནུ་ཇན་གྱི་ཁྱད་དུ་འཕགས་པའི་ཡོན་ཏན་ངོས་འཛིན་བྱེད་འགོ་ཚུགས་ཙམ་སྟེ། ཕྱི་ལོ་ ༡༩༢༠ ལོའི་ཟླ་ ༤ ཚེས་ ༢༦ ཉིན་རཱ་མཱ་ནུ་ཇན་སྐུ་གཤེགས་པ་རེད། ཁོང་གཤེགས་རྗེས་མ་ཌ་ར་སེ་གཙུག་ལག་སློབ་གཉེར་ཁང་གིས་ཁོང་གི་མཚན་ཐོག་ཏུ་ཞབས་སྟེགས་གཅིག་བསྒྲོན་པ་དང༌། ཁོང་ལ་དྲན་གསོ་ཞུ་ཆེད་ཕྱི་ལོ་༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ཉིན་རཱ་མཱ་ནུ་ཇན་ཨང་རྩིས་དང་ཚན་རིག་སློབ་གཉེར་ཁང་ཞེས་པ་ཞིག་མ་ཌ་ར་སེའི་ནང་ཐོག་མར་བཙུགས་པ་རེད།

རཱ་མཱ་ནུ་ཇན་འཁྲུངས་སའི་མངའ་སྡེ་ཏ་མིལ་གྱིས་ཁོང་གི་འཁྲུངས་ཚེས་དེ། མངའ་སྡེའི་ཆ་འཕྲིན་ལག་རྩལ་གྱི་ཉིན་མོར་གཏན་འབེབས་བྱས་པ་དང་། ཕྱི་ལོ་ ༡༩༦༢ ལོའི་རཱ་མཱ་ནུ་ཇན་གྱི་འཁྲུངས་ཚེས་ཉིན་རྒྱ་གར་གཞུང་གིས་ཁོང་གི་སྐུ་པར་འཁོད་པའི་སྦྲགས་རྟགས་ཤིག་འགྲེམས་སྤེལ་གནང་། དེ་བཞིན་ཨང་རྩིས་མཁས་པ་གསར་དུ་བྱོན་པ་ཚོར་ཡང་རཱ་མཱ་ནུ་ཇན་མཚན་འཁོད་གཟེངས་བསྟོད་གནང་བ། དེ་བཞིན་ཁོང་གི་ལོ་རྒྱུས་གསལ་བའི་འཁྲབ་གཞུང་དང་གློག་བརྙན། དཔེ་དེབ་སོགས་མང་པོ་ཐོན་ཡོད། 


ཁོང་གིས་རྩིས་རིག་གོང་འཕེལ་གྱི་ཐད་དུ་བཞག་པའི་ལེགས་སྐྱེས་རྣམས། གཅིག་ནས་ཕྲན་རང་ཨང་རྩིས་ཡག་པོ་མི་ཤེས་པ་དང་། གཉིས་ནས་རྩིས་རིག་གི་ཚད་མཐོའི་རྣམ་གཞག་མཚོན་ཐུབ་པའི་ཐ་སྙད་བོད་ཡིག་ནང་ཡག་པོ་བཟོ་ཐུབ་མེད་པར་བརྟེན། འདིར་གླེང་མ་ཐུབ་པར་བློ་ཕམ་ཆེ།། །།

2 comments:

  1. ཤ་ཀླན་བུMay 10, 2010 at 10:11 AM

    རྒན་ལགས་ཀྱིས་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ། ཉིད་ཀྱི་ཟིན་བྲིས་ཤིག་ཡོད་པ་ད་བར་ཧ་མ་གོ རྗེས་སུ་ཡང་ནས་ཡང་དུ་ཡོང་གི་ཡིན།

    ReplyDelete
  2. ཤ་ཀླན་བུ་ལགས་འདིར་ཕེབས་པར་དགའ་བསུ་ཡོད། རྗེས་སུ་ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས།

    ReplyDelete