2010-05-12

༄༅།། བཙན་བྱོལ་ནང་བོད་ཡིག་བརྩམས་སྒྲུང་གི་གནས་བབས་དང་ཡར་རྒྱས་གཏོང་ཕྱོགས།

(རྩོམ་ཡིག་འདི་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་གོང་འཕེལ་གྱི་ཐད་རླབས་ཆེའི་ཞབས་འདེགས་སྒྲུབ་མཁན་རིགས་སློབ་དབུ་དགེ་དམ་པ་མཁས་དབང་བློ་བཟང་རྒྱ་མཚོ་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་ཕུལ།)


དང་པོ། གླེང་སློང་།
༄༅།། སྤྱིར་བཏང་སྲོང་བཙན་ཡར་སྔོན་དུ་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་དང༌། བོད་དུ་སྒྲུང་རྒྱུད་དར་སོགས་གནའ་བོའི་ཡིག་ཆར་གསལ་བར་གཞིགས་ན། བོད་དུ་གནའ་སྔ་མོ་ནས་སྒྲུང་དར་ཆེ་བ་ཧ་ཅང་གསལ་ཡང་སྒྲུང་ཞེས་པའི་ཚིག་འདིའི་བསྟན་དོན་ཅི་ཡིན་གསལ་པོ་མེད། བདག་གི་རྨོངས་ཚོད་ལྟར་ན། གྲགས་དང་སྒྲོག གྲུབ་དང་སྒྲུབ་སོགས་ཀྱི་ཐ་སྙད་གྲུབ་ཚུལ་དང་ཆ་མཐུན་པར་གྲུང་པོར་བྱེད་པའི་ཆ་ནས་སྒྲུང་ཞེས་བཏགས་པའང་སྲིད་ཅིང༌། ཡང་ཆུའི་ནང་སྦངས་པ་ལ་བསྒྲུངས་པ་ཞེས་འབྲི་སྲོལ་ཡོད་པ་ལྟར་སྒྲུང་གི་བསླབ་བྱ་དང་ནུས་པའི་ཆབ་ཀྱིས་སེམས་རྒྱུད་བསྒྲུངས་པར་བྱེད་པའི་ཆ་ནས་སྒྲུང་ཞེས་བརྗོད་པའང་སྲིད།

གནའ་བོའི་སྒྲུང་ལ་དངོས་དོན་གནས་ཚུལ་རྨང་གཞིར་བྱས་ཏེ་རབ་བཏགས་དང་འུད་བརྗོད་བསྲེས་པ་གླིང་གེ་སར་གྱི་སྒྲུང་ལྟ་བུའི་རིགས་གཅིག་དང༌། ཡང་དངོས་དོན་གནས་ཚུལ་འདི་དང་འདི་ཞེས་ངོས་འཛིན་དུ་མེད་པར་རྟོག་བཟོ་འབའ་ཞིག་ལ་བརྟེན་ནས་བརྗོད་དོན་མཚོན་པར་བྱེད་པ་དཔེར་ན། བྱ་སྒྲུང་དང་བྱིའུ་སྒྲུང་ལྟ་བུའི་རིགས་ཤིག་བཅས་རྩ་བའི་དབྱེ་བ་གཉིས་འདུག་ཅིང༌། དམངས་ཁྲོད་ངག་རྒྱུན་དུ་མི་ཞིག་གིས་ཁ་ཤོབ་དང་འུར་བཤད་བྱེད་སྐབས། ད་སྒྲུང་མ་ཤོད་ཟེར་སྲོལ་ཡོད་པ་དང༌། དེ་བཞིན་གཏམ་དཔེར་ཡང༌། གཞན་མགོ་བསྐོར་ཏེ་རྒྱུན་རིང་ཁུངས་འཁྱོལ་ཐབས་མེད་པའི་དོན་མཚོན་བྱེད་དུ། ནམ་རིང་སྒྲུང་གིས་མི་འཁྱོལ་ཞེས་བརྗོད་སྲོལ་ཡོད་པ་དག་ལ་གཞིགས་ན། རང་རེའི་སྲོལ་རྒྱུན་གྱི་སྒྲུང་ཞེས་པ་དེ་རབ་བཏགས་དང་རྟོག་བཟོའི་ཆ་ཤུགས་ཆེ་འདྲེས་པ་ཞིག་ལ་གོ་བར་སྣང༌། འོན་ཀྱང་རབ་བཏགས་དང་རྟོག་བཟོ་ཇི་ཙམ་ཆེ་ཡང་དེས་མིའི་སེམས་ཁམས་དང་སྤྱི་ཚོགས་ཀྱི་གནས་ཚུལ་སྣ་ཚོགས་དངོས་ཤུགས་ཅི་རིགས་ནས་མཚོན་ཞིང༌། ཐ་ན་བྱ་བྱིའུ་དང་སྲོག་ཆགས་ཀྱི་གཟུགས་སུ་བཀོད་པའི་སྒྲུང་རྣམས་ཀྱིས་ཀྱང་དོན་དུ་མི་དང་མིའི་སྤྱི་ཚོགས་ཀྱི་གནད་དོན་མཚོན་པ་ནི་རྩོད་པ་མི་དགོས་པ་ཞིག་རེད།

ཡང་དབྱིན་སྐད་ཀྱི་སྒྲུང་(Story)ཞེས་པའི་སྤྱིར་བཏང་གོ་དོན་ཐད། དངོས་ཡོད་དམ་དངོས་ཡོད་མ་ཡིན་པའི་བྱུང་བ་གཅིག་གམ་དུ་མའི་རིམ་པ་གསལ་བ་ཞིག་[1]ཅེས་བཤད་པར་གཞིགས་ན། སྒྲུང་ལ་རབ་བཏགས་དང་རྟོག་བཟོའི་ཆ་འདྲེས་མ་འདྲེས་གཉིས་ཀ་ཡོད་པར་སྣང་རུང་ཁོང་ཅག་གི་རྒྱུན་སྐད་ནང་འུར་བཤད་བྱེད་མཁན་ལ་ You're telling stories again. ༼ཁྱེད་རང་གིས་ཡང་སྒྲུང་བཤད་ཀྱི་འདུག་༽ཅེས་སོགས་བརྗོད་སྲོལ་ཡོད་པར་གཞིགས་ན། སྤྱིར་བཏང་སྒྲུང་ཡིན་ན་དོན་དངོས་མ་ཡིན་པར་གོ་སྲོལ་ཡང་ཡོད་འདུག

སྐབས་དོན་བརྩམས་སྒྲུང་ཞེས་པའི་བོད་ཚིག་འདི་ཐོག་མར་དུས་རབས་ཉི་ཤུ་པའི་ནང་བོད་ནང་ནས་ རྩོམ་རིག་དང་རྩོམ་གཞུང་སོགས་ཐ་སྙད་གསར་པ་མང་པོ་ཞིག་གསར་དུ་བཟོས་པ་ལྟར་ཐ་སྙད་འདི་ཡང་གསར་དུ་བཟོས་པར་སྣང༌། རྩོམ་རིག་སོགས་གསར་དུ་བྱུང་བའི་ཐ་སྙད་རྣམས་ལ་བོད་རང་གི་བརྗོད་སྲོལ་གྱི་གཞི་རྩ་མེད་པ་ནི་མ་ཡིན་ཏེ། དུས་རབས་ཉི་ཤུ་པའི་གོང་གི་བསྟན་བཅོས་རྣམས་སུ་རྩོམ་པར་དམ་བཅའ་བ་ལྟ་བུ་ལན་མང་དུ་འབྱུང་ཞིང་། དེ་ནི་བརྩམས་དང་རྩོམ། བརྩམ་ཞེས་ལས་བྱས་པ་དང་བྱེད་པ། བྱ་བར་གྱུར་པའི་དོན་ཅན་དུ་བཀོལ་བ་ཞིག་རེད། དོན་དེ་འདྲ་ཞིག་ཡིན་ཡང་བསྟན་བཅོས་དང་སྒྲུང་སོགས་སྔར་མེད་གསར་དུ་རྩོམ་པའི་དོན་ཅན་དུ་བྱ་ཚིག་བརྩམས་པ་ཞེས་པ་འདི་དམིགས་ཀྱིས་འཇུག་པ་ལས། བསྟན་བཅོས་སམ་སྒྲུང་བརྩམས་པ་ལ། བསྟན་བཅོས་བྱས་དང་བཅོས། བསྐྲུན་ལྟ་བུའི་བྱ་ཚིག་གཞན་སྤྱིར་ན་སྦྱར་སྲོལ་མེད། དེར་བརྟེན་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཞེས་ཡོངས་སུ་གྲགས་པའི་རྩོམ་དེ། རྩོམ་པ་ཞེས་པའི་བསྡུས་ཚིག་ཡིན་ཞིང༌། རྩོམ་པ་ཞེས་པ་དེ་བསླབ་པ་ཞེས་པའི་ཚིག་ལྟར་གཅོད་མཚམས་དབང་གིས་བྱ་ཚིག་ཏུ་འཇུག་པའི་སྐབས་ཤིག་དང༌། མིང་ཚིག་ཏུ་འཇུག་པའི་སྐབས་གཉིས་ཡོད་པ་ལས་ཕྱི་མ་ནི་གཙོ་བོ་སྙན་ངག་དང་སྒྲུང། བསྟན་བཅོས་སོགས་ཡིག་ཐོག་ཏུ་རྩོམ་པའི་བྱ་བའི་མིང་སྟེ། དཔེར་ན། ཨ་ལག་ཤ་ངག་དབང་བསྟན་དར་གྱིས།

མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན།། སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན།།
རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན།། ལྕེ་བརྒྱར་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་བཞིན།།
རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་ཡང་དཔའ་བོ་ལག་རྡུམ་འདྲ།།
རྩོམ་ཚིག་སུམ་རྟགས་ཇི་བཞིན་མ་བྱུང་ན། །མཁས་པ་ཤིན་ཏུ་ཁྲེལ་བས་བག་ཡོད་བྱ།།
ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན།། བུད་མེད་མཛེས་མ་སྒྲེན་མོར་རྒྱུ་བ་བཞིན།།


ཞེས་རྩོམ་དང་རྩོམ་པ། རྩོམ་ཚུལ། རྩོམ་ཚིག་ཅེས་པ་རྣམས་བྱ་བའི་མིང་གི་ཚུལ་དུ་ཡོངས་ཁྱབ་ཏུ་སྤྱད་ཡོད་པ་ལྟ་བུ་ཡིན།

དུས་རབས་ཉི་ཤུ་པའི་གོང་དེང་གི་སྒྱུ་རྩལ་རྩོམ་རིག་སྤྱི་ལ་ངག་རིག་གམ། ངག་གི་རིག་བྱེད། ངག་གི་དཔལ་སོགས་ཀྱིས་བརྡས་བསྙད་པར་སྣང༌། དེ་བཞིན་སྙན་ངག་ལ་ལུས་ཀྱི་སྒོ་ནས་བཅད་ལྷུག་སྤེལ་མ་གསུམ་དུ་དབྱེ་ཚུལ་ལ་བསམས་ན། སྔོན་གྱི་སྙན་ངག་ཅེས་པའི་ཐ་སྙད་དང་དེང་གི་སྒྱུ་རྩལ་རྩོམ་རིག་ཅེས་པའི་ཐ་སྙད་གཉིས་ཀྱི་ཁྱབ་ཁོངས་ཀྱང་ཧ་ལམ་མཉམ་པར་མཐོང༌། གང་ལྟར་དུས་རབས་ཉི་ཤུ་པའི་ནང་ནས་གོང་ཞུས་ལྟར་རྩོམ་པ་ཞེས་པའི་མིང་དེ་རྨང་གཞིར་བྱས་ཏེ། རྩོམ་རིག་དང་རྩོམ་རིགས། རྩོམ་པ་པོ། རྩོམ་གཞུང་སོགས་ཤུགས་ཆེར་དར་ཞིང༌། དེ་དང་མཉམ་དུ་བརྩམས་སྒྲུང་ཞེས་པའི་ཐ་སྙད་འདི་བྱུང་བར་སྣང་།

བརྩམས་སྒྲུང་ཞེས་པའི་ཐ་སྙད་འདི། རྩོམ་མཁན་འདི་དང་འདིའོ་ཞེས་ངོས་བཟུང་དུ་མེད་པར་རང་བཞིན་དུ་ཁྱབ་དར་བྱུང་བའི་ངག་རྒྱུན་གྱི་སྒྲུང་ལྟར་མ་ཡིན་པར་རྩོམ་པ་པོས་ཆེད་དུ་བརྩམས་པ་དང༌། སྒྲུང་གི་བརྗོད་བྱ་ཕལ་མོ་ཆེའང་རྩོམ་པ་པོས་བློ་བཟོ་བྱས་པ་ཤས་ཆེ་བས། དེ་མཚོན་ཆེད་དུ་སྒྲུང་གི་སྔོན་དུ་བརྩམས་ཞེས་པ་བསྣན་ཏེ་བརྩམས་སྒྲུང་ཞེས་བཏགས་སམ་སྙམ། བཙན་བྱོལ་ནང་མཁས་དབང་ཟམ་གདོང་རིན་པོ་ཆེས་འདི་ལ་བཅོས་སྒྲུང་ཞེས་བཏགས་ཡོད།

དེ་འདྲའི་བརྩམས་སྒྲུང་ནི་བྱུང་རིམ་(Plot)དང༌། མི་སྣ། (Character) ཁོར་ཡུག (Setting) དོན་རྐྱེན། (conflict) སྙིང་དོན།(theme)བཅས་གྲུབ་ཆ་གཙོ་བོ་ལྔ་ཚང་བ་ཞིག་ལ་ཟེར། དེ་ལ་མི་སྣ་དང་དོན་རྐྱེན་སོགས་མང་ཉུང་གི་ཆ་ནས་བརྩམས་སྒྲུང་ཐུང་ངུ་(Short story)དང༌། བརྩམས་སྒྲུང་འབྲིང་བ།(Novella) བརྩམས་སྒྲུང་རིང་བ་ (Novel)བཅས་གསུམ་དུ་དབྱེ་བ་དང༌། དེ་བཞིན་སྒྱུ་རྩལ་གྱི་ཆ་ནས་ཀྱང་དབྱེ་བ་ཡོད་པ་རྣམས་འདིར་སྐབས་དོན་མིན་པས་བཞག

བརྩམས་སྒྲུང་ནི་སྙན་རྩོམ་དང་ལྷུག་རྩོམ། འཁྲབ་གཞུང༌། དཔྱད་རྩོམ་སོགས་རྩོམ་ལུས་གཞན་དག་མང་པོའི་ཁྱད་ཆོས་ཀྱང་ལྡན་པ་ཞིག་ཡིན་པས། རྩོམ་རིག་གི་ཁྲོད་བརྩམས་སྒྲུང་ནི་སྒྱུ་རྩལ་དང་ཕན་ནུས་གཉིས་ཐད་ནས་ཁྱད་དུ་འཕགས་པ་ཞིག་ཏུ་བརྩི་བཞིན་ཡོད།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུས་རབས་སྔ་མའི་ལོ་རབས་དྲུག་ཅུ་པའི་ནང་ནས་བརྩམས་སྒྲུང་ཐོན་འགོ་ཚུགས་ཡོད་ཀྱང་དེ་དག་ལ་ཞིབ་ཚགས་ངང་ཞིབ་འཇུག་བྱེད་མཁན་ད་ཕན་བྱུང་མེད་ཅིང༌། ཁོ་བོས་འདིར་གང་བཀོད་པ་རྣམས་ཀྱང་ལས་ཞོར་ལ་ཁ་ཟིན་སྣ་ཟིན་དུ་བྲིས་པ་ཞིག་ལས་འདས་པའི་ལོ་ངོ་ལྔ་བཅུའི་བརྩམས་སྒྲུང་ཡོངས་རྫོགས་བཀླགས་ཏེ་བྲིས་པའི་མཐའ་གསལ་མཐིལ་མཐོང་གི་དཔྱད་བརྗོད་མིན་ནོ།།



གཉིས་པ། བརྩམས་སྒྲུང་གི་འཕེལ་རིམ། 

ད་ལྟ་བར་ཁོ་བོས་བཀླགས་པའི་བཙན་བྱོལ་བོད་མིའི་བོད་ཡིག་བརྩམས་སྒྲུང་ཁག་ལ་གཞིགས་ན། བཙན་བྱོལ་ནང་གི་བརྩམས་སྒྲུང་གི་འཕེལ་རིམ་དེ། ༡༩༦༠ ནས་ ༡༩༨༠ བར་དུས་རིམ་དང་པོ་དང༌། ༡༩༨༠ ནས་ ༡༩༩༠ བར་དུས་རིམ་གཉིས་པ། ༡༩༩༠ ནས་ད་ལྟ་བར་དུས་རིམ་གསུམ་པ་བཅས་རྩ་བའི་དུས་རིམ་གསུམ་ལ་དབྱེ་ཆོག

དུས་རིམ་གསུམ་དུ་དབྱེ་བ་དེའི་རྩ་བའི་རྒྱུ་མཚན་ནི། བརྩམས་སྒྲུང་གི་གྲངས་འབོར་དང༌། ནང་དོན། མཚོན་ཐབས་བཅས་ཕྱོགས་གསུམ་ཀར་འགྱུར་བ་མངོན་གསལ་སོང་ཡོད་པའི་ཆ་ནས་བཞག་པ་ཡིན་གྱི་གཞན་སྐབས་དུས་དེའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་འབྲེལ་བ་མེད།

ཀ༽    དུས་རིམ་དང་པོ། ༡༩༦༠ ནས་ ༡༩༨༠ བར།

བཙན་བྱོལ་ནང་གི་རྩོམ་རིག་གི་འགོ་ནི་སྐབས་དེར་ཀ་ལོན་སྦུག་ནས་གསར་འགྱུར་མེ་ལོང་ཞེས་པའི་གསར་ཤོག་འདོན་མུས་ཐོག་རྡོ་རྗེ་གླིང་ནས་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༡༠ ཉིན་རང་དབང་གསར་ཤོག་ཅེས་པ་ཞིག་འདོན་འགོ་ཚུགས་པ་དང༌། ༡༩༦༢ ལོར་རང་དབང་སྲུང་སྐྱོབ་གསར་ཤོག་ཅེས་པའི་བདུན་རེའི་གསར་ཤོག་ཅིག་བྱུང་བ་དེ་གཉིས་ནས་འགོ་ཚུགས་པ་ཡིན། ལྷག་པར་ ༡༩༦༥ ལོར་གསར་ཤོག་དེ་གཉིས་ཟླ་བསྒྲིལ་གྱིས་ལོ་དེའི་ཟླ་ ༣ ཚེས་ ༩ ནས་བཟུང་བོད་མིའི་རང་དབང་ཞེས་པའི་ཉིན་རེའི་གསར་ཤོག་ལོ་ལྔའི་རིང་འདོན་འགྲེམས་བྱས་པའི་དུས་ཡུན་རིང་གསར་ཤོག་དེའི་ཐོག་གསར་འགྱུར་ཙམ་མ་ཟད། སྟོན་པའི་སྐྱེས་རབས་སོགས་རྩོམ་རིག་རྙིང་པ་བཀོད་པར་མ་ཟད། བོད་མི་ཤེས་ལྡན་པ་ཁག་གིས་གསར་དུ་བརྩམས་པའི་སྙན་རྩོམ་དང༌། བསམ་ཚུལ། དཔྱད་གཏམ་སོགས་ཀྱང་སྤེལ་བར་བརྟེན། བཙན་བྱོལ་གྱི་རྩོམ་རིག་སྤྱིའི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་བྱུང་འདུག་ཀྱང༌། ཐོག་མའི་ཆར་བརྩམས་སྒྲུང་སྤེལ་བ་བྱུང་མི་འདུག

གསར་ཤོག་དེའི་ཐོག་སྤེལ་བའི་སྒྲུང་གི་རིགས་དང་པོ་ནི། ༡༩༦༢ ལོར་གསར་ཤོག་དེའི་ཐོག་གུ་རུ་ན་ནཀ་གི་མཛད་རྣམ་དང་འབྲེལ་བའི་བསླབ་བྱ་༼༡༩༦༢།༩།༡༽ཞེས་པ་ཞིག་དང༌། གེ་རིག་གི་ལོ་རྒྱུས་དང་འབྲེལ་བའི་བསླབ་བྱ།༼༡༩༦༢།༩།༨༽ ཕྲག་དོག་གི་ཉེས་པ་སྟོན་པའི་སྒྲུང༌།༼༡༩༦༢།༡༠།༢༠༽ རོམ་གྱི་དཔའ་བོ་ཧོ་རེ་ཀྲི་ཡ་སེང་གི་ལོ་རྒྱུས་དང་འབྲེལ་བའི་བསླབ་བྱ།༼༡༩༦༢།༡༡།༣༽ ཁྲིམས་སྙོམས་རྒྱལ་པོའི་སེང་ཁྲིའི་ལོ་རྒྱུས།༼༡༩༦༢།༡༡།༡༠༽ གྷི་རིག་གི་རྒྱལ་སྲས་ཨུ་ལ་སེ་སེའི་ལོ་རྒྱུས་དང་འབྲེལ་བའི་བསླབ་བྱ།༼༡༩༦༢།༡༢༽ གྲོང་གསེབ་པའི་ཁྲིམས་དཔོན་གྱི་སྒྲུང་དང་འབྲེལ་བའི་བསླབ་བྱ་༼༡༩༦༣།༣།༢༽སོགས་ཕྱི་རྒྱལ་གྱི་དམངས་ཁྲོད་སྒྲུང་གཏམ་དང་ལོ་རྒྱུས་དང་འབྲེལ་བའི་བསླབ་བྱ་བཀོད་འདུག་ཅིང་དེ་དག་ཕྱིའི་སྐད་ཡིག་ནས་བོད་སྐད་དུ་གོ་གང་བདེར་བྲིས་པ་འདྲ་ཞིག་ལས་གསར་རྩོམ་དང་ཕབ་བསྒྱུར་ཚད་ལྡན་བྱས་པའི་གནས་ཚད་མི་ལྡན།

དེ་བཞིན་དུས་རིམ་དེའི་བོད་གཞུང་ཤེས་རིག་པར་ཁང་གིས་པར་སྐྲུན་གནང་བའི་དཔེ་དེབ་ཁག་དང༌། གསར་འགྱུར་མེ་ལོང་གསར་ཁང་གིས་པར་སྐྲུན་གནང་བའི་དཔེ་དེབ་ཁག རྡོར་གླིང་རང་དབང་གསར་ཁང་གིས་པར་སྐྲུན་གནང་བའི་དཔེ་དེབ་ཁག་བཅས་ཀྱི་ཁོངས་ནས་སྒྲུང་དཔེ་ཁག་ལ་བལྟ་སྐབས། སྣང་ས་འོད་འབུམ་དང་སྐྱེས་རབས་ལྟ་བུའི་སྒྲུང་རྩོམ་རྙིང་པ་ལས་གསར་རྩོམ་ཧ་ལམ་མཐོང་དུ་མེད།

༡༩༦༥ ལོའི་ཟླ་ ༤ ཚེས་ ༢༣ ནས་ཟླ་ ༥ ཚེས་ ༡༥ བར་གྱི་གསར་ཤོག་འདོན་ཐེངས་བཅུ་གཉིས་ཙམ་གྱི་ནང་བུ་མཁྱེན་རབ་བོད་མི་བཟང་པོ་ཞིག་བྱེད་རྒྱུ་ཡིན་པ་ཞེས་པའི་གསར་བརྩམས་རྩོམ་ཡིག་ཅིག་བཀོད་འདུག་པའི་ནང་དོན་གཙོ་བོ་གླེང་མོལ་གྱི་ལམ་ནས་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱས་འདུག་ཀྱང་བརྩམས་སྒྲུང་གི་མཚན་ཉིད་ཚང་བ་ཞིག་བྱུང་མི་འདུག དེ་རྗེས་ཀྱང་གསར་ཤོག་དེ་གའི་ནང་བོད་དགའ་དང་མ་མ་གཉིས་ཀྱི་དྲི་བ་དྲིས་ལན། ཞེས་པ་དང༌། ཀུན་བཟང་དཔལ་མོ་དང་དགའ་སྐྱིད་ལྷ་མོ་གཉིས་ཀྱི་དྲི་བ་དྲིས་ལན། ཞེས་པ་སོགས་བཀོད་འདུག་ཀྱང་གོང་བཞིན་མི་སྣ་གཉིས་སམ་གསུམ་ཕན་ཚུན་བོད་དོན་སྐོར་གཏམ་གླེང་བྱེད་པའི་རྣམ་པ་ཙམ་ལས་བརྩམས་སྒྲུང་གི་མཚན་ཉིད་ཚང་བ་བྱུང་མི་འདུག

༡༩༦༥ ལོར་བོད་མིའི་རང་དབང་གསར་ཤོག་དེ་ཉིན་རེའི་གསར་ཤོག་ཏུ་བསྒྱུར་བ་དང་བསྟུན་ལེ་ཚན་གསར་པ་ཁག་ཅིག་སྤེལ་འདུག་པའི་ནང༌། ལོ་རྒྱུས་ལྡན་པའི་སྒྲུང་ཞེས་པའི་དམིགས་བསལ་ལེ་ཚན་ཞིག་ལོ་དེ་གའི་ལོ་མཇུག་ནས་སྤེལ་འདུག་ཅིང༌། ལེ་ཚན་དེའི་ནང་གསའ་གཟིག་དཔའ་བོ་དང་རྔོན་པའི་སྒྲུང་ཞེས་པ་ཞིག་དང༌། ཆོས་ཀྱི་རྒྱལ་པོ་མངའ་བདག་ཁྲི་རལ་གྱི་བཀའ་དགོངས་བཞིན་བོད་ཀྱི་དམག་མི་དང་དམག་སྤྱིས་བྱ་མ་རྟ་དང་འཕྲིན་ཡིག་བཅས་རྒྱ་ནག་བཙན་འཛུལ་བའི་དམག་མི་དང་དམག་སྤྱིའི་སར་བཏང་བའི་སྐོར་ཞེས་པའི་སྒྲུང་ཅུང་རིང་ཙམ་གཉིས་རིམ་པས་ཕྱི་ལོ་ ༡༩༦༧ བར་རྒྱུན་མཐུད་དུ་བཀོད་འདུག་ཀྱང༌། སྒྲུང་དེ་གཉིས་ཀའི་རྩོམ་པ་པོ་སུ་ཡིན་གསལ་ཁ་མི་འདུག་ལ། སྒྲུང་ཕྱི་མ་དེའི་མཇུག་ཀྱང་ཡག་པོ་མ་བསྒྲིལ་བར་མཚམས་བཞག་སྟེ། ༡༩༦༨ ལོའི་འདོན་ཐེངས་ཚང་མའི་ནང་སྒྲུང་གཅིག་ཀྱང་མི་འདུག ༡༩༧༠ དོན་གྲངས་ནང་གི་རང་དབང་གསར་ཤོག་ཁག་གི་ཐོག་ཏུའང་སྒྲུང་དེ་འདྲ་བཀོད་འདུག་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ཏེ་འདིར་རེ་རེ་བཞིན་བཀོད་མེད།

དུས་རིམ་དང་པོ་འདིའི་ནང་གི་བརྩམས་སྒྲུང་ལེགས་ཤོས་ཁག་ཅིག་ནི། རྩིས་དཔོན་རྣམ་གླིང་དཔལ་འབྱོར་འཇིགས་མེད་༼༡༩༠༧་་་༡༩༧༣༽མཆོག་གི་རྩོམ་ཡིག་ཕྱོགས་བསྒྲིགས་གཞོན་ནུ་ཡ་རབས་བཟང་པོའི་ལམ་དུ་འཇུག་པའི་བསླབ་བྱ་དང་སྔར་བྱུང་གཏམ་བརྒྱུད་[2]ཅེས་པའི་ནང་གསལ་བའི་སྒྲུང་ཁ་ཤས་དེ་ཡིན། རྩོམ་ཡིག་ཕྱོགས་བསྒྲིགས་དེ་རྡོར་གླིང་རང་དབང་གསར་ཁང་གིས་སྣུམ་པར་ཐོག་ཕྱི་ལོ་ ༡༩༧༡ ལོར་པར་སྐྲུན་གནང་བ་དང༌། དེ་རྗེས་དེབ་དེ་འགྲོ་རྒྱུག་ཆེན་པོ་བྱུང་སྟབས་ཡང་བསྐྱར་ ༡༩༧༨ ལོར་རྡོར་གླིང་རང་དབང་གསར་ཁང་གིས་ལྕགས་པར་ཐོག་པར་ཐེངས་གཉིས་པ་འདོན་སྤེལ་བྱས་འདུག་ཅིང༌། དེང་སྐབས་ལ་ལས་ ༡༩༩༠ གོ་གྲངས་ནང་གཞི་ནས་བོད་མི་སྒེར་གྱི་བརྩམས་ཆོས་ཕྱོགས་བསྒྲིགས་ཐོག་མར་འདོན་སྤེལ་བྱས་པར་སྨྲ་བ་ནི། བརྩམས་ཆོས་ཕྱོགས་བསྒྲིགས་འདི་རིགས་མ་གཟིགས་པའི་སྐྱོན་རེད།

སྒེར་གྱི་རྩོམ་ཡིག་ཕྱོགས་བསྒྲིགས་དེའི་ནང་ཁྱོན་བསྡོམས་ལེའུ་བརྒྱད་ཡོད་པ་ལས་ཕ་མ་ལ་གུས་བཀུར་དྲིན་གཟོ་དང་ཡ་རབས་གཤིས་བཟང་བྱེད་དགོས་པའི་སྐོར་གྱི་ལེའུ་དང་པོ་གཉིས་མ་གཏོགས་དེ་མིན་གྱི་ལེའུ་ཕྱི་མ་དྲུག་ཚང་མ་སྒྲུང་རེད། དེ་ཡང་དེབ་དེར་གསལ་བའི་སྒྲུང་ཚན་དྲུག་ནི་༡༽ སྔར་བཟའ་མི་གཉིས་ནས་བུ་ཁོ་ནའི་དོན་དུ་ངལ་བ་བརྒྱ་ཕྲག་གིས་རྒྱུ་ནོར་བསགས་ཏེ་ཉིན་མཚན་ཀུན་ཏུ་བུ་ཉིད་བདེ་དགེའི་ཐབས་ལ་འབད་དེ་ཤིན་ཏུ་བརྩེ་བས་བསྐྱངས་ཀྱང༌། བུ་དེ་ནར་སོན་མཚམས་ཕ་མར་དྲིན་གསོ་མི་བྱེད་པའི་སྐོར། ཞེས་པ་དང༌། ༢༽ བུ་ཞིག་ནས་སྐྱེས་མ་ནད་མནར་མལ་ལྷུངས་སྐབས་བལྟ་སྐྱོང་མི་བྱེད་པར་དངུལ་སྒམ་འཁྱེར་ཏེ་བྲོས་བྱོལ་སོང་བའི་སྐོར། ༣༽ ཕ་མ་གཉིས་ཀྱིས་བུའི་དོན་དུ་སྲོག་གཏོང་བའི་གྲོས་བྱེད་པ་དང་བུ་དེས་ལམ་སེང་ཕ་མའི་དོན་དུ་སྲོག་བཏང་བའི་ལོ་རྒྱུས། ༤༽ བུད་མེད་རང་ཤེད་ཁ་བཙན་གདུག་རྩུབ་ཆེ་བས་འདོད་བྱའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་དངོས་གྲུབ་ཆུད་ཟོས་བཏང་བའི་ལོ་རྒྱུས། ༥༽ བུད་མེད་ལུས་མཛེས་ཤིང༌། ལེགས་པའི་ཡོན་ཏན་མ་ལུས་ཚང་བ་ཞིག་ནས་རང་གི་ཁྱོ་གླེན་པ་ཞིག་ཡོད་པར་མཐོང་ཆུང་ཁྱད་གསོད་མི་བྱ་ཞིང༌། གུས་བཀུར་བརྩེ་སྐྱོང་ཡ་རབས་ཀྱི་སྤྱོད་པ་ལྷུར་བླངས་པའི་བདེན་འབྲས་བཟའ་མི་རྣམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བའི་ལོ་རྒྱུས། ༦༽ ལས་བཟང་ངན་ཇི་བསགས་འབྲས་བུ་བདེ་སྡུག་སོ་སོར་སྨིན་པའི་ལོ་རྒྱུས་བཅས་ཡིན། སྒྲུང་དེ་དག་གི་ནང་དོན་ནི་བུ་ཚས་ཕ་མར་གུས་བཀུར་ཞབས་ཏོག་སྒྲུབ་དགོས་པ་དང༌། ཕ་མས་བུ་ཚར་གཅེས་སྐྱོང༌། བཟའ་མི་ཕན་ཚུན་གཡོ་ལྷད་མེད་པའི་བརྩེ་དུང་འཆང་དགོས་པ། དེ་བཞིན་གཞུང་དྲང་ཁོག་ཡངས་དང་ལས་འབྲས་དཔང་བཞག་གི་ལས་ཀ་བྱེད་དགོས་པ་བཅས་གཙོ་བོ་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་བྱེད་དགོས་པ་བརྗོད་བྱའི་སྙིང་པོ་ཡིན། རྗོད་བྱེད་སྐད་ཡིག་ནི་བོད་མི་སྤྱིས་གོ་བདེའི་ལུགས་སུ་བྲིས་པ་ལས་སྙན་ངག་དང་མངོན་བརྗོད་སོགས་ཀྱིས་མ་སྤྲས་ཤིང༌། སྒྲུང་གི་རྣམ་པ་ཡང་རང་རེ་བོད་ལ་སྔར་ནས་དར་བའི་རོ་སྒྲུང་དང་དམངས་ཁྲོད་སྒྲུང་གཏམ་ཁག་དང་ཆ་འདྲ་བས། སྐབས་དུས་དེའི་མང་ཚོགས་དཀྱུས་མ་ཚོར་འཚམས་པོ་བྱུང་འདུག

གོང་གསལ་རྩོམ་ཡིག་ཕྱོགས་བསྒྲིགས་དེས་སྐབས་དེའི་ཀློག་པ་པོ་ཚོར་བག་ཆགས་ཧ་ཅང་ཆེན་པོ་བཞག་ཡོད་པ་དཔེར་ན། དེང་སྐབས་བཙན་བྱོལ་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐད་མཚན་སྙན་ཆེ་བའི་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གིས་རྩིས་དཔོན་རྣམ་སྲས་གླིང་པའི་སྐོར་གླེང་སྐབས། གུས་པ་དེ་སྔོན་ཌལ་ཧོར་བོད་གཞུང་གཏན་འཇགས་སློབ་གྲྭར་སྡོད་དུས་རྩིས་དཔོན་རྣམ་གླིང་པའི་གསུང༌། གཞོན་ནུ་ཡ་རབས་བཟང་པོའི་ལམ་དུ་འཇུག་པའི་བསླབ་བྱ་དང་སྔར་བྱུང་གཏམ་བརྒྱུད་ཅེས་པ་ནང་དོན་ཟབ་ལ་ན་ཚོད་ཕྲ་མོ་ཡོངས་ཀྱི་སེམས་ལ་ཕན་ཞིང་སྙན་འཇེབས་ལྡན་པའི་དཔེ་དེབ་དེ་ཡང་ཡང་ཀློག་མྱོང་བ་ལྷང་ངེར་དྲན་་་ཞེས་གསུངས་ཡོད་པ་ལས་དཔོག་ནུས།

གཞན་ཡང་རྩིས་དཔོན་རྣམ་སྲས་གླིང་པས་ཕལ་ཆེར་ཕྱི་ལོ་ ༡༩༦༢ ནས་ ༡༩༧༣ བར་གྱི་དུས་ཡུན་རིང་རང་གི་ལོ་རྒྱུས་དང་འབྲེལ་ཡོད་སྣ་ཚོགས་སྐོར་ཕྱག་དེབ་ལྔ་བྲིས་ཡོད་ཀྱང་དེ་ལས་གཉིས་བོར་བརླག་སོང་བ་དང༌། གསུམ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གིས་ ༡༩༨༨ ལོར་པར་སྐྲུན་གནང་བའི་ནང་ར་ལུག་སྤྱང་ཀི་གསུམ་གྱི་སྒྲུང་ཞེས་པའི་གོ་རྒྱུ་ཧ་ཅང་ཟབ་པའི་སྒྲུང་རྩོམ་ཞིག་ཀྱང་ཡོད་པར་གཞིགས་ན། བོར་བརླག་སོང་བའི་དེབ་གཞན་གཉིས་ཀྱི་ནང་དུའང་སྒྲུང་རྩོམ་ཡོད་སྲིད།

ཡང་ཤེས་བྱའི་གསར་ཁང་གི་ལས་བྱ་བཀྲ་ཤིས་དབང་རྒྱལ་གྱིས་ཕྱི་ལོ་ ༡༩༧༨ ལོའི་བོད་རིགས་གཞོན་ནུའི་གསར་དེབ་རང་བཙན་༼དབྱར་ཁའི་འདོན་ཐེངས་༽ཞེས་པའི་ཐོག་སྟག་འབྲོང་དབར་ཝ་དང་རི་བོང་གི་དཀྲུག་ཤིང་སྒྲུང་གཏམ་ཞེས་པ་ཞིག་སྤེལ་ཡོད་པ་དེའི་བསྟན་དོན་ནི། སྐབས་དེར་རྒྱ་དམར་ནག་གིས་བོད་མི་བསམ་མེད་འགའ་ཞིག་བཀོལ་ཏེ་བཙན་བྱོལ་གྱི་སྤྱི་ཚོགས་ནང་དཀྲུག་ཤིང་བརྒྱབ་ནས་མཐུན་པ་མི་མཐུན་པ་བཟོ་བ་དང༌། མི་མཐུན་པ་རྣམས་མི་འདུམ་པར་བཟོ་ཚུལ་མཚོན་པ་ཞིག་ཡིན། ཡང་ཁོང་གིས་ལོ་དེ་གའི་རང་བཙན་དུས་དེབ་དམིགས་བསལ་འདོན་ཐེངས་ཐོག་གློག་བརྙན་གྱིས་བསླུས་པའི་བུ་མོའི་སྒྲུང་། ཞེས་པ་དང་། ༡༩༧༩ ལོའི་རང་བཙན་དུས་དེབ་ཐོག་རང་སེམས་རྒྱ་ཡན་དུ་བཏང་སྟེ་དཀའ་ངལ་འཕྲད་པའི་འགྱོད་སྒྲུང་། ཞེས་པ་ཞིག་དང་། དབྱིན་དྲུང་གི་ཕོགས་ཐོབ་ཀྱིས་བསླུས་པའི་སྒྲུང་གཏམ་ཞེས་པ་བཅས་སྤེལ་ཡོད་ཅིང་། ཁོང་གི་བརྩམས་སྒྲུང་རྣམས་སྐབས་དུས་དེ་གའི་སྤྱི་ཚོགས་ཀྱི་གནད་དོན་དང་འབྲེལ་བ་ཆེ་ཙམ་འདུག་ཅིང་། བརྩམས་སྒྲུང་ལས་གཞན་བསླབ་བྱ་དང་སྙན་རྩོམ། དཔྱད་གཏམ་སོགས་སྤེལ་བའང་འདུག་པས་དམིགས་བསལ་དོ་སྣང་བྱ་འོས་པ་ཞིག་རེད།

དུས་རིམ་འདིའི་ནང་རང་ཅག་རྣམས་ཀྱིས་དགའ་སྤོབས་བྱེད་འོས་པའི་དངོས་སྒྲུང་(Nonfiction story)ཞིག་བྱུང་བ་ནི་ཕྱི་ལོ་ ༡༩༦༢ ལོར་༸གོང་ས་མཆོག་གིས་མཛད་པའི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་དེ་རེད། མཛད་རྣམ་འདི་ནི་སྲོལ་རྒྱུན་གྱི་རྣམ་ཐར་རྩོམ་སྟངས་ལྟར་མ་ཡིན་པར་༸གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚེའི་ལོ་རྒྱུས་དང་གཟིགས་ཚུལ། མྱོང་ཚོར་རྣམས་བོད་ཀྱི་གནས་ཚུལ་དང་སྦྲེལ་ཏེ་ཧ་ཅང་གོ་བདེ་དང་གནད་བསྡུས་ཀྱི་སྒོ་ནས་གསུངས་ཡོད་པས་དེས་ཀློག་པ་པོ་ས་ཡ་མང་པོར་བག་ཆགས་ཧ་ཅང་ཆེན་པོ་བཞག་ཡོད།

དུས་རིམ་དང་པོའི་བརྩམས་སྒྲུང་གི་འཕེལ་རིམ་ལ་གཤམ་གསལ་ཁྱད་ཆོས་ཁ་ཤས་འདུག

༡༽ ཐོག་མའི་ཆར་བོད་ཀྱི་གནའ་བོའི་སྒྲུང་གཏམ་ཁ་ཤས་ལས་གསར་རྩོམ་མེད་པ།
༢༽ ༡༩༦༢ ཙམ་ནས་སྒྲུང་གི་རྣམ་པ་ལྡན་པའི་གསར་རྩོམ་བྱེད་འགོ་བཙུགས་ཀྱང༌། དེ་དག་ཕལ་མོ་ཆེ་ཡུལ་གཞན་གྱི་དམངས་སྒྲུང་རགས་བསྒྱུར་བྱས་པ་དང༌། མི་སྣ་ཕན་ཚུན་གཏམ་གླེང་གི་རྣམ་པ་ལྡན་པ།
༣༽ ༡༩༦༥ ནས་གསར་བརྩམས་སྒྲུང་རྩོམ་སྤེལ་འགོ་ཚུགས་པར་མ་ཟད། སྒྲུང་ཁ་ཤས་ལ་བརྩམས་སྒྲུང་རིང་གྲས་ཀྱི་ཁྱད་ཆོས་ཀྱང་གང་ཙམ་ལྡན་ན་ཡང༌། མགོ་མཇུག་ཚང་ལ་རྣམ་པ་དང་ནང་དོན་གང་ཐད་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པ་མེད། 

༤༽ ༡༩༧༡ ལོར་བཏོན་པའི་རྩིས་དཔོན་རྣམ་སྲས་གླིང་པའི་སྒྲུང་རྩོམ་རྣམས་ལ་འབྲི་སྟངས་ཀྱི་ཆ་ནས་གསར་གཏོད་ཀྱི་ཁྱད་ཆོས་མི་ལྡན་ཡང༌། ཚིག་དོན་གང་ཐད་ནས་གོ་བདེ་ལ་བརྗོད་དོན་ཟབ་བཟང་གཉིས་འཛོམས་ཡིན་པས། ༡༩༦༠ ནས་ ༡༩༨༠ བར་གྱི་དུས་ཡུན་ནང་བྱུང་བའི་བརྩམས་སྒྲུང་ལེགས་ཤོས་སུ་བརྩིས་ཆོག

ཁ༽ དུས་རིམ་གཉིས་པ། ༡༩༨༠ ནས་ ༡༩༩༠ བར།
དུས་རིམ་འདིའི་ནང་བཙན་བྱོལ་སྤྱི་ཚོགས་སུ་སློབ་ཕྲུག་དང་ཡུལ་མི་བྱིངས་ཀྱིས་བཀླག་བྱའི་དཔེ་དེབ་ཉུང་སྐྱོན་ཡོད་པར་བརྟེན། མཁྱེན་ལྡན་ཚོས་སློབ་ཕྲུག་དང་མང་ཚོགས་ཀྱི་བློ་དང་འཚམས་པའི་དཔེ་དེབ་གང་མང་འདོན་དགོས་པའི་བསྐུལ་མ་གཞུང་དང་ཚོགས་སྡེ་ཚང་མས་རིམ་བསྟུད་དུ་ཞུས་པར་བརྟེན། གནས་དུས་དེའི་དགོས་མཁོར་གཞིགས་ཏེ་སྒྲུང་རྩོམ་སྤེལ་མཁན་ཁག་ཅིག་བྱུང་བའི་ནང་ནས་དཔེ་མཚོན་ལེགས་ཤོས་ཁག་ནི། རིགས་སློབ་དབུ་དགེ་དམ་པ་མཁས་དབང་དགེ་བཤེས་བློ་བཟང་རྒྱ་མཚོ་དང༌། ཨཅཱརྱ་བློ་བཟང་རྒྱལ་མཚན། མཁས་དབང་རཀ་ར་ཐུབ་བསྟན་ཆོས་དར་སོགས་ཡིན།

མཁས་དབང་བློ་བཟང་རྒྱ་མཚོ་མཆོག་གིས་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུ་པའི་དུས་མཇུག་ནས་སྒྲུང་རྩོམ་བྲིས་ཏེ་ལོ་རབས་བརྒྱད་ཅུ་པའི་ནང་དངོས་སུ་པར་སྐྲུན་གྱིས་སྤེལ་འགོ་བཙུགས་ཤིང༌།[3] མཁས་དབང་འདི་པའི་དཔེ་མཚོན་སྒྲུང་རྩོམ་ནི་ ༡༩༧༩ པར་རྩ་བསྒྲིགས་ཤིང་༡༩༨༠ ལོར་འགྲེམས་སྤེལ་གནང་བའི་རྒུད་མེད་ཡིད་ཀྱི་མེ་ཏོག་ཅེས་པའི་བྱིས་པའི་སྒྲུང་དེབ་གཉིས་པ་དེ་དང༌། ༡༩༨༡ ལོར་འགྲེམས་སྤེལ་གནང་བའི་རང་རེའི་སློབ་གྲྭ་བའི་ཉེར་མཁོའི་སྒྲུང་དེབ་གསུམ་པ་བློ་གསལ་མཛེས་རྒྱན། ༡༩༨༧ ལོར་འཛིན་རིམ་བརྒྱད་པ་མན་ལ་ཆེད་དུ་དམིགས་ནས་བྲིས་པའི་སྒེག་ལྡེམ་གསལ་བའི་སྒྲོན་མེའི་སྒྲུང་གཏམ་ཞེས་པ་སོགས་ཡིན།

གོང་གསལ་རྒུད་མེད་ཡིད་ཀྱི་མེ་ཏོག་ཅེས་པའི་སྒྲུང་དེབ་དེ་གཞི་རིམ་འཛིན་གྲྭ་ལྔ་པ་མན་གྱི་སློབ་ཕྲུག་ལ་དམིགས་ཏེ་བརྩམས་ཤིང༌། དེབ་དེའི་བར་འཇུག་རི་མོ་ལྷ་བྲིས་དོན་གྲུབ་ཀྱིས་བྲིས་པ་དང་ཡིག་གཟུགས་རྒྱལ་ནང་བློ་བཟང་ནོར་བུས་བྲིས་འདུག་པས། སྐབས་དེའི་༼༡༩༧༩་་་༡༩༨༠༽གནས་བབས་ལ་གཞིགས་ན། བོད་གཞིས་བྱེས་གཉིས་ན་བྱིས་པའི་སྒྲུང་དེབ་འདི་ནི་མདུན་སྐྱོད་ཀྱི་རིན་ཐང་ལྡན་པ་ཞིག་ཡིན། སྒྲུང་དེབ་དེའི་ནང་སྟག་དང་ཞུམ་བུའི་སྒྲུང་དང༌། བུ་སྣབས་ལུད་ཀྱི་སྒྲུང་སོགས་བྱིས་པར་འཚམས་པའི་སྒྲུང་ཐུང་ཁྱོན་བཅུ་ཡོད་ཅིང༌། སྒྲུང་སོ་སོའི་མཇུག་ཏུ་སྒྲུང་དེ་གའི་ནང་དོན་དང་འབྲེལ་བའི་བསླབ་བྱ་ཚིག་བཅད་ཤོ་ལོ་ཀ་གཅིག་རེ་ཡང་བཀོད་འདུག་པས། སྔོན་གྱི་ལེགས་བཤད་གཏམ་བརྒྱུད་ཀྱི་ཁྱད་ཆོས་ཀྱང་ལྡན།

སྒྲུང་དེབ་གསུམ་པ་བློ་གསལ་མཛེས་རྒྱན་གྱི་ནང་དུ་བསླབ་བྱ་གསེར་ལས་དཀོན་པའི་གཏམ་རྒྱུད་ཅེས་པ་དང༌། གསེར་དང་ཡོན་ཏན་བརྗེ་པའི་སྒྲུང༌། བུ་རིག་བཟང་གི་སྒྲུང་སོགས་ཁྱོན་སྒྲུང་ཚན་བཅུ་བཞི་ཡོད་ཅིང༌། སྒྲུང་གི་རིང་ཐུང་དང་བསྟན་བྱ་ལ་གཞིགས་ན། སྐབས་དེར་འཛིན་རིམ་ལྔ་པ་དྲུག་པའི་སློབ་ཕྲུག་ལ་དམིགས་ཏེ་བྲིས་པ་འདྲ། སྒྲུང་ཚན་འདི་དག་གི་མཇུག་ཏུའང་གོང་བཞིན་བསྟན་དོན་དང་འབྲེལ་བའི་བསླབ་བྱ་ཚིག་བཅད་ཤོ་ལོ་ཀ་གཅིག་རེ་བཀོད་འདུག

དེ་མིན་མཁས་དབང་འདིས་ ༡༩༨༧ ལོར་སྒེག་ལྡེམ་གསལ་བའི་སྒྲོན་མེའི་སྒྲུང་གཏམ་ཞེས་པའི་སྒྲུང་དེབ་ཅིག་བཏོན་འདུག་ཅིང༌། སྒྲུང་དེབ་དེའི་འཁྱུག་བྲིས་ཡིག་གཟུགས་སྐབས་དེར་བཙན་བྱོལ་ནང་བྲིས་གཟུགས་ལག་རྒྱུན་ལ་སྙན་གྲགས་ཆེ་བའི་སྐུ་ངོ་བྱམས་པ་ཡོན་ཏན་གྱིས་བྲིས་པ་དང་བར་འཇུག་རི་མོ་རྣམས་ལྷ་བྲིས་དོན་གྲུབ་ཀྱིས་བྲིས་ཡོད། སྒྲུང་དེབ་དེའི་ལུས་ནི་བཅད་ལྷུག་སྤེལ་མའི་བདག་ཉིད་ཅན་དང་བརྗོད་བྱ་ནི་ཁྱིམ་ཚང་ཞིག་ལ་བུ་གཅིག་དང་བུ་མོ་རྒན་གཞོན་གཉིས་ཡོད་པ་ལས། གཙོ་བོ་བུ་མོ་གཞོན་པས་ཕ་མའི་བསླབ་བྱར་མ་ཉན་པར་མི་ངན་གཅིག་དང་གཉེན་སྒྲིག་བྱས་རྗེས། དཀའ་སྡུག་མང་པོ་མྱངས་པ་དང༌། དཀའ་སྡུག་མྱངས་པའི་བརྒྱུད་རིམ་ནང་ནས་ཕ་མའི་བསླབ་བྱའི་དོན་གནད་རྟོགས་ཏེ་ཡ་རབས་གཤིས་བཟང་གི་སྤྱོད་ཚུལ་མཐའ་འཁྱོངས་བྱས་ཚུལ་ཡིན། སྒྲུང་འདི་ནི་མཁས་དབང་འདི་པས་མཛད་པའི་སྒྲུང་གི་ནང་ནས་རིང་ཤོས་དེ་ཡིན་འདུག

དེ་མིན་དུས་སྐབས་འདིའི་སྐབས་བཙན་བྱོལ་གྱི་བརྩམས་སྒྲུང་འཕེལ་རིམ་ཐད་ལེགས་སྐྱེས་ཆེན་པོ་འབུལ་མཁན་གཅིག་ནི་ཨཅརྱ་བློ་བཟང་རྒྱལ་མཚན་ཡིན་ཞིང༌། ཁོང་གིས་བཞིན་བཟང་མ་གཏུམ་དྲག་རོལ་བའི་སྒྲུང་གཏམ་ཡི་གར་འཇོ་བའི་རོལ་རྩེད་ཅེས་པ་དང༌། ཚོང་དཔོན་དང་ལས་དྲུང་[4]ཞེས་པའི་བརྩམས་སྒྲུང་གཉིས་བརྩམས་པ་ལས། སྔ་མའི་ནང་གཞོན་ནུ་ཟླ་མེད་ཀྱི་གཏམ་བརྒྱུད་སོགས་ཀྱི་འབྲི་ཐབས་ཤུགས་ཆེ་སྤྱད་ཅིང༌། ཕྱི་མའི་ནང་སྐབས་དེར་བོད་ཕྱི་ནང་ལ་དར་ཁྱབ་ཆེ་བའི་ཆུ་ངོགས་གཏམ་བརྒྱུད་ཀྱི་འབྲི་ཐབས་སྤྱད་ཡོད། བརྩམས་སྒྲུང་སྔ་མ་འདི་བོད་ནང་གི་སྦྲང་ཆར་དུས་དེབ་ཀྱི་ཐོག་ཏུའང་མུ་འགོད་བྱས་ཡོད་པས། བཙན་བྱོལ་གྱི་བརྩམས་སྒྲུང་ཞིག་བོད་གཞིས་བྱེས་གཉིས་ཀར་པར་སྐྲུན་བྱས་པ་ཐོག་མ་འདི་ཡིན་འདུག

མཁས་དབང་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་གིས་བརྩམས་སྒྲུང་མང་པོ་སྤེལ་མེད་ཀྱང་རེ་ཟུང་སྤེལ་བ་དེ་ཚོའི་རྣམ་པ་དང་ནང་དོན་གཉིས་ཀར་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད། དཔེར་ན། ཁོང་གིས་བརྩམས་པའི་སྒྲུང་རྩོམ་མཁས་འབྲོང་གཡག་གསུམ་[5]ཞེས་པ་དེ་ནི། བརྗོད་བྱ་བོད་ཀྱི་རྒྱལ་དར་ཐོག་གངས་སེང་གི་གཟུགས་བརྙན་བཀོད་ན་འཚམས་མིན་གྱི་སྐོར་ཡིན་ཞིང༌། མཚོན་ཐབས་ནི་དུམ་བུ་དང་པོར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མནལ་ལམ་ནང་གཡག་རྒད་པོ་གཅིག་དང་འབྲི་གཅིག གཡག་གུ་གཅིག་བཅས་ཤར་ཏེ། གཡག་རྒད་པོས་བོད་ཀྱི་རྒྱལ་དར་གྱི་ངོས་སུ་སེང་གེའི་མིང་གིས་བསྙད་པའི་རྒྱ་ཁྱི་སྣ་ལེབ་འབྲི་བ་ལས་གཡག་བྲིས་ན་ལེགས་ཚུལ་གྱི་བགྲོ་གླེང་དགོད་བྲོ་ལ་དོན་སྙིང་ལྡན་པ་ཞིག་བྱས་ཚུལ་ཡིན་ཞིང་། དུམ་བུ་གཉིས་པར་བླ་རྒན་ཞིག་གི་རྨི་ལམ་ནང་། གོང་གསལ་གཡག་དེས་དོན་གནས་གོང་ཞུས་དེ་རང་གི་ཐོག་ཁྲིམས་ཁང་དུ་ཞུ་གཏུགས་དང་རྩོད་བཤད་བྱས་ཚུལ་ཡིན། སྤྱིར་བཏང་འདི་གཏམ་བརྗོད་ཟློས་གར་དུ་བརྩིས་ནའང་འོས་ཆེ་བར་སྣང་ཡང་། སྒྲུང་གི་ཁྱད་ཆོས་མེད་པ་མིན།

ཡང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༡༩༨༧ །༡༩༨༨ ལོར་སྒྲུང་གཏམ་གསར་བུའི་དགའ་སྟོན་ཞེས་པའི་དེབ་ཕྲེང་ཞིག་འགྲེམས་སྤེལ་བྱས་འདུག་ཅིང་། དེབ་ཕྲེང་དེ་རྣམས་ནང་དོན་དང་གོ་དཀའ་སླའི་ཁྱད་པར་གཞི་བཟུང་མཐོ་རིམ་དང་འབྲིང་རིམ། དམའ་རིམ་བཅས་སུ་དབྱེ་ཡོད། དེ་དག་གི་ནང་ལེགས་བཤད་ལས་བྱུང་བའི་སྒྲུང་དང་། གནའ་སྒྲུང་། ཤོད་རྒྱུན། གསར་བརྩམས། ཕབ་བསྒྱུར་བྱས་པའི་རིགས་དང་། འབྲི་མཁན་དང་ཞུ་སྒྲིག་པའི་ཁོངས་སུ་གཞུང་ཞབས་དང་མཁས་པ། མཁས་དབང་སོགས་སྣ་ཚོགས་འདུག དེབ་གཞི་ཡོངས་རྫོགས་ནང་དོན་དང་འཚམས་པའི་བར་འཇུག་རི་མོས་བརྒྱན་ཅིང་སློབ་རིམ་སོ་སོ་དང་འཚམས་པའི་དབུ་མེད་ཡིག་གཟུགས་ཀྱིས་བྲིས་འདུག

དུས་རིམ་འདིའི་རིང་ཕུལ་དུ་བྱུང་བའི་དངོས་སྒྲུང་(Nonfiction story)ཞིག་བྱུང་བ་ནི་ཕྱི་ལོ་ ༡༩༨༨ ལོར་ཉག་རོང་རབ་བརྟན་རྡོ་རྗེའམ་ཨ་བརྟན་གྱིས་བརྩམས་པའི་ངའི་མི་ཚེའི་ལོ་རྒྱུས་ཞེས་པ་དེ་ཡིན། དངོས་སྒྲུང་འདི་ནི་དེང་རབས་ཀྱི་རྩོམ་རིག་ལ་སློབ་སྦྱོང་དང་མྱོང་རྒྱུས་ཆེ་བའི་རྩོམ་པ་པོ་འཇམ་དབྱངས་ནོར་བུས་རྒྱུས་སྟོན་གནང་བའི་འོག་རྩོམ་སྒྲིག་བྱས་སྟབས། བོད་རང་གི་ཁྱད་ཆོས་ཀྱང་ལྡན་ལ་དེང་རབས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་ཞིག་བྱུང་ཡོད། འདིར་གསལ་ཁ་བྱེད་འདོད་པ་ཞིག་ལ། རང་རེའི་རྩོམ་རིག་སྨྲ་བའི་ཁྲོད་དུ་སྒྲུང་ཡིན་ན། ནང་དོན་ངེས་པར་དུ་རྟོག་བཟོ་བྱས་པ་ཞིག་ཡིན་དགོས་པར་འདོད་མཁན་ཁག་ཅིག་དང་། སྒྲུང་ལ་དངོས་སྒྲུང་དང་རྟོག་བཟོའམ་ཚིག་གཞན་གྱིས་བཤད་ན། བཅོས་མ་དང་བཅོས་མིན་གཉིས་སུ་འདོད་མཁན་ཁག་ཅིག་ཡོད་པ་ལས་ཁོ་བོ་ཕྱི་མ་ཡིན། དེ་ཡང་སྒྲུང་རྩོམ་གྱི་འབྲི་ཐབས་སྤྱད་དེ་བྲིས་པའི་མི་སྣའི་ལོ་རྒྱུས་བཅོས་ལྷད་མེད་པ་རྣམས་དངོས་སྒྲུང་ཡིན་དགོས་པར་བདག་འདོད་པས་འདི་དང་རྟོག་བཟོའི་སྒྲུང་དང༌། དེ་བཞིན་སྤྱིར་བཏང་གི་མི་སྣའི་ལོ་རྒྱུས་མ་ནོར་བར་མཛོད།

དེ་མིན་སྐབས་དུས་དེའི་རང་བཙན་དུས་དེབ་དང༌། དྷ་སའི་ཕོ་ཉ། བོད་མིའི་རང་དབང༌། མིག་འབྱེད་གསར་ཤོག ཤེས་བྱ་སོགས་ཀྱི་ཐོག་སྒྲུང་རྩོམ་བཀོད་པ་ཡང་བྱུང་ཡོད་ཀྱང་རེ་རེ་བཞིན་འདིར་འགོད་པར་མི་ལང་ངོ༌།།

དུས་སྐབས་གཉིས་པའི་བརྩམས་སྒྲུང་གི་འཕེལ་རིམ་ལ་གཤམ་གསལ་ཁྱད་ཆོས་འདུག

༡༽ དུས་སྐབས་འདིའི་བརྩམས་སྒྲུང་རྣམས་གཙོ་བོ་སྐབས་དེའི་བཙན་བྱོལ་གྱི་མི་ཐོག་གཉིས་པ་འཚར་ལོང་ཡོང་བཞིན་པའི་དགོས་མཁོར་སྒྲུང་དཔེ་མང་པོ་དགོས་པའི་ངོས་འཛིན་ཐོབ་སྟེ། གཞུང་དང་ཚོགས་སྡེ་ཁག་གིས་བསྐུལ་མ་གནང་བར་བརྟེན་ནས་བྱུང་འདུག
༢༽ དུས་སྐབས་འདིའི་བརྩམས་སྒྲུང་འབྲི་མཁན་ཕལ་མོ་ཆེ་ནང་ཆོས་སོགས་ཆོས་ཕྱོགས་ཀྱི་མཁྱེན་ཡོན་མཐོན་པོ་ཡོད་པ་ཡིན་ཡང༌། སྒྲུང་རྩོམ་རྣམས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཧ་ཅང་ཤུགས་ཆེ་བསྟུན་པའི་མངོན་ཚུལ་ལྡན།
༣༽ དུས་སྐབས་འདིའི་བརྩམས་སྒྲུང་རེ་ཟུང་གི་ནང་དོན་དང་མཚོན་ཐབས་ལ་བོད་ནས་སྐབས་དེར་བསྒྱུར་བའི་ཆུ་ངོགས་གཏམ་རྒྱུད་སོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་འདུག
༤༽ དུས་སྐབས་འདིའི་བརྩམས་སྒྲུང་ཕལ་མོ་ཆེར་སྐབས་ཐོག་དེ་གའི་བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་ཧ་ལམ་བྱུང་མེད།

ག༽ དུས་རིམ་གསུམ་པ། ༡༩༩༠ ཚུན་གྱི་འཕེལ་རིམ།

དུས་རིམ་འདིའི་ནང་གཅིག་ནས་བཙན་བྱོལ་གྱི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ལེགས་སུ་སོང་བ་དང༌། གཉིས་ནས་གཞུང་དང་ཚོགས་སྡེ་ཁག་གིས་སྐུལ་དེད་གནང་བ། གསུམ་ནས་བོད་ནས་ཤེས་ལྡན་པ་མང་པོ་ཞིག་བཙན་བྱོལ་དུ་འབྱོར་བ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བཙན་བྱོལ་ནང་རྩོམ་རིག་གི་རླབས་རྒྱུན་གསར་པ་ཞིག་འཕྱུར་ཞིང༌། དེ་ཡང་གཙོ་བོ་རྩོམ་རིགས་ཀྱི་དུས་དེབ་མང་པོ་གཅིག་མཇུག་གཉིས་མཐུད་དུ་བྱུང་བ་ནས་འགོ་ཚུགས་པ་དཔེར་ན། ༡༩༩༠ ལོར་གངས་རྒྱུན་ཞེས་པའི་རྩོམ་རིག་དུས་དེབ་དང༌། ཕ་ཡུལ་ན་གཞོན་བརྙན་དེབ། ལྗང་གཞོན་དུས་དེབ་བཅས་བཏོན་པ་དང༌། ༡༩༩༢ ལོར་སྐུལ་བའི་གཏམ་དང༌། རླབས་ཕྲེང༌། ༡༩༩༣ ལོར་གངས་ལྗོངས་བྱིས་པའི་བརྙན་དེབ་དང། སུད་སི་བོད་རིགས་མི་མང་གི་གསར་འཕྲིན། གཡུ་མཚོ། ཏི་སེའི་འོད་ཟེར། བོད་ཀྱི་ཕོ་ཉ། གངས་ཅན་རོལ་སྟེགས། ༡༩༩༤ ལོར་གངས་རིའི་ལང་ཚོ་དང༌། ༡༩༩༥ ལོར་རྩམ་པ། ལྡུམ་ར། ༡༩༩༦ ལོར་བློ་གསལ་རྩོམ་རིག་དགའ་ཚལ་དང་། སྨན་རྩིས། ༡༩༩༧ ལོར་སྒྲོལ་མ་དང་། རྩོམ་རིག་གི་གྲུ་ཁ། སྨྱུག་གསར། ནོར་མཛོད། ༡༩༩༨ ལོར་ནོར་འོད་དང་། ནོར་རྒྱུན། ཞི་བདེའི་མཆོད་སྤྲིན། ཤཱཀྱའི་འོད་སྣང༌། ༡༩༩༩ ལོར་མཐོ་སྒང་གི་རྒྱབ་མདུན་དང་། ༢༠༠༠ ལོར་ བོད་ཀྱི་ཚན་རིག་དུས་དེབ་དང༌། ༢༠༠༡ ལོར་སྔ་འགྱུར་གླེང་སྟེགས༌དང་། བགྲེས་པོའི་འབེལ་གཏམ། ཤེས་རིག ལྷོ་མཐའི་ཁ་བ། ཆོས་རའི་ནང་གི་དྷིའ་སྐད། ཁ་བའི་མེ་ཏོག གངྒའི་བཞད་སྒྲ། དཔྱད་རྩོམ་རིག་པའི་རྩལ་ཕྲེང༌། མདུན་བསྐྱོད། ༢༠༠༢ ལོར་གངས་ལྷ་མེ་ཏོག ༢༠༠༣ ལོར་པདྨའི་རང་མདངས། ངེས་དོན་ཆོས་འཁོར། ལ་རྩེ། ༢༠༠༤ ལོར་ང་ཚོའི་བོད་ཅེས་པ་དང༌། ཁ་བ། ཤར་ཕྱོགས་ཀྱི་ཉི་མ། ཝཱཎའི་རིགས་རླབས། སྲོང་བཙན་ཚངས་དབྱངས། ༢༠༠༥ ལོར་ཟླ་འོད་གཞོན་ནུ། ཐེའུ་གསར། ཆོས་དུང་དཀར་པོ། ༢༠༠༦ ལོར་རྒྱང་འབོད་དང༌། སྐྱ་རེངས་ན་གཞོན་བརྙན་དེབ། གངས་རི་དཀར་པོའི་བརྗིད་སྒྲ། འོད། ༢༠༠༧ ལོར་ཀུན་དགའི་སྐྱེད་ཚལ། ༢༠༠༨ ལོར་དུས་འགྱུར་དང༌། དཔྱིད་ཀ། མཐོ་སྒང་གི་ཉི་ཟེར། ༢༠༠༩ ལོར་མུན་སེལ་ཉི་ཟླ་སོགས་དུས་དེབ་བདུན་ཅུ་སྐོར་ཐོན་ཡོད།[6]

དུས་རིམ་འདིའི་ནང་བརྩམས་སྒྲུང་ཧ་ཅང་མང་པོ་ཐོན་ཡོད་པ་དཔེར་ན། ༡༩༩༥ ནས་ ༡༩༩༨ བར་གྱི་དུས་ཡུན་ནང་ལོ་རེར་ཆ་སྙོམ་བརྩམས་སྒྲུང་ ༥༠ ནས་ ༨༠ ཙམ་རེ་ཐོན་ཡོད་པ་དང༌། བརྩམས་སྒྲུང་མང་ཤོས་ཐོན་སའི་རྩམ་པ་དུས་དེབ་གཅིག་པུར་མཚོན་ན། ༡༩༩༥ ནས་ ༢༠༠༨ བར་བརྩམས་སྒྲུང་ ༡༠༠ ལ་ཉེ་བ་སྤེལ་ཡོད།

དུས་ཡུན་འདིའི་རིང་ཀླུ་སྨྱོན་ཧེ་རུ་ཀ་དང་ཆབ་བྲག་ལྷ་མོ་སྐྱབས། རྔ་བ་ཆོས་གྲགས། རྔ་བ་ཤེས་རབ་སོགས་ཀྱི་བརྩམས་སྒྲུང་ཕྱོགས་བསྒྲིགས་བཏོན་པར་མ་ཟད། པདྨ་ཚེ་དབང་ཤཱསྟྲི་དང་པདྨ་འབུམ། སྐལ་བཟང་ལྷ་མོ། སེར་རྒྱའི་བློ་རྒྱམ་སོགས་ཀྱིས་སྒྲུང་འབྲིང་ཡང་སྤེལ་ཡོད།

དུས་ཡུན་འདིའི་རིང་བརྩམས་སྒྲུང་སྤེལ་མཁན་མང་པོ་བྱུང་ཡོད་ཀྱང་རྒྱུན་མཐུད་དུ་སྤེལ་མཁན་དེ་ཙམ་བྱུང་མེད། དེ་དག་གི་ཁྲོད་ནས་མིང་གྲགས་ཅན་གྱི་སྒྲུང་རྩོམ་མཁན་ནི་ཀླུ་སྨྱོན་ཧེ་རུ་ཀའམ་ཡེ་ཤེས་རྒྱ་མཚོ་དང༌། ལྷ་མོ་སྐྱབས་སམ་ཆབ་བྲག་ཕོ་ཉ། སྐལ་བཟང་ལྷ་མོ། པདྨ་འབུམ། པདྨ་ཚེ་དབང་ཤཱསྟྲི། སྐལ་བཟང་མཁས་གྲུབ་སོགས་ཡིན།

ཀླུ་སྨྱོན་གྱི་བརྩམས་སྒྲུང་ཁག་གི་སྒྱུ་རྩལ་ཁྱད་ཆོས་ཐད་མདུན་མཆོངས་ཆེན་པོ་བྱུང་ཡོད་ཅིང༌། ལྷ་མོ་སྐྱབས་ཀྱི་སྒྲུང་རྩོམ་ཁག་གི་བསྟན་དོན་རྣམས་འཚོ་བ་དངོས་དང་ཉེ་ཞིང་བསླབ་བྱ་དང་བློ་སྟོབས་སྤེལ་བའི་ཁྱད་ཆོས་ལྡན། སྐལ་བཟང་ལྷ་མོའི་བརྩམས་སྒྲུང་མང་པོ་མེད་ཀྱང་གང་ཡོད་པ་རྣམས་ཡིད་འགུལ་ཐེབས་དགོས་པ་ཡོད། པདྨ་འབུམ་གྱི་བརྩམས་སྒྲུང་ཕལ་མོ་ཆེ་དངོས་འབྲིའི་བརྩམས་སྒྲུང་ཡིན་ཞིང༌། དེ་དག་ཚིག་ཉུང་ཞིང་རྡོག་ལ་སྒྲིལ་བའི་ཁྱད་ཆོས་ལྡན། པདྨ་ཚེ་དབང་གི་སྒྲུང་རྩོམ་རྣམས་བཙན་བྱོལ་གྱི་འཚོ་བ་དང་ཐག་ཉེ་བ་ཡིན། སྐལ་བཟང་མཁས་གྲུབ་ནི་མི་ལོ་ ༡༨ ཙམ་རིང་བྱིས་པར་ཆེད་དུ་དམིགས་ཏེ་རྩོམ་ཡིག་འབྲི་མཁན་གཅིག་པུ་དེ་ཡིན་ཞིང༌། ཁོང་གིས་བྲིས་པ་རྣམས་གོ་བདེ་ཞིང་མཚར་ཉམས་ཆེ་ལ་རི་མོའི་གཞོགས་འདེགས་བཀོལ་མཁས་པའི་ཁྱད་ཆོས་ལྡན།

དུས་ཡུན་འདིའི་རིང་དངོས་སྒྲུང་ཕུལ་དུ་བྱུང་བ་ཁ་ཤས་ཐོན་ཡོད་པ་ལས་གཅིག་ནི་ ༡༩༩༨ ལོར་ཐུབ་བསྟན་མཁས་བཙུན་གྱིས་རང་གི་ལོ་རྒྱུས་དཀའ་སྡུག་འོག་གི་བྱུང་བ་བརྗོད་པ་ཞེས་པ་ཞིག་བརྩམས་ཡོད་པ་དེ་ཡིན་ཞིང༌། དེའི་ནང་བྱུང་རིམ་མང་པོ་ཞིག་ཞིབ་བརྗོད་དང་མི་སྣ་མང་པོ་ཞིག་གི་གནས་སྟངས་བརྐོས་འབྲི་བྱས་ཏེ། དཀའ་སྡུག་ཆེ་བའི་དུས་རིམ་གྱི་གཟུགས་བརྙན་ཧ་ཅང་གསལ་པོ་ཞིག་བཞེངས་ཐུབ་ཡོད། ད་ཆ་དེབ་དེ་དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་གནང་འདུག དེ་མིན་པདྨ་འབུམ་གྱི་དྲན་ཐོ་སྨིན་དྲུག་སྐེ་འཁྱོག་ཀྱང་དངོས་སྒྲུང་ཧ་ཅང་ཡག་པོ་ཞིག་རེད།

དུས་རིམ་འདིའི་བརྩམས་སྒྲུང་གི་ཁྱད་ཆོས།

༡༽ དུས་རིམ་འདིའི་བརྩམས་སྒྲུང་གི་མཚོན་ཐབས་ཐད། དེང་རབས་ནུབ་ཕྱོགས་བརྩམས་སྒྲུང་གི་ལེགས་ཆ་བླངས་ཏེ་སྒྱུ་རྩལ་གྱི་ཐད་འགྱུར་བ་ཆེན་པོ་སོང་ཡོད།
༢༽ ནང་དོན་ཡང་བསླབ་བྱ་དང་མཚར་སྒྲུང་གི་རྣམ་པ་ལས་བརྒལ་ཏེ་སྤྱི་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་རུ་སོང་ཡོད།
༣༽ བརྗོད་བྱའི་ཁྱབ་ཁོངས་སུ་བོད་གཞིས་བྱེས་གཉིས་ཀྱི་འཚོ་བ་དང༌། ཆབ་སྲིད། བརྩེ་དུང༌། མཚང་འབྲུ་སོགས་སྣ་ཚོགས་བྱུང་ཡོད་ཀྱང་དེ་དག་སོ་སོའི་གནས་ཚད་གཏིང་ཟབ་པོ་མིན།
༤༽ དགའ་འོས་པ་ཞིག་ལ་དུས་མཚམས་འདིའི་ནང་བྱིས་སྒྲུང་དམིགས་བསལ་གྱིས་མང་པོ་ཐོན་ཡོད་ཅིང༌། དེ་ནི་གཙོ་བོ་བོད་གཞུང་དང་བོད་ཕྲུག་ཁྱིམ་སྡེ། སཾ་བྷོ་ཊ་བོད་སློབ་སོགས་ཀྱིས་དམིགས་བསལ་འགན་ཁུར་བླངས་པའི་འབྲས་བུ་རེད།
༥༽ དུས་རིམ་འདིའི་ནང་བརྩམས་སྒྲུང་སྤེལ་མཁན་ཕལ་མོ་ཆེ་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་མི་རབས་གསར་པ་ཡིན་ལ། སྐལ་བཟང་ལྷ་མོས་མཚོན་པའི་བརྩམས་སྒྲུང་འབྲི་མཁན་བུད་མེད་ཀྱང་ཁ་ཤས་ཀྱང་བྱུང་ཡོད།
 

ང་༽ གོང་གསལ་དུས་རིམ་གསུམ་གྱི་བརྩམས་སྒྲུང་གི་ཞན་ཆ།

༡༽ གོང་གསལ་དུས་རིམ་གསུམ་དེའི་སྔ་ཕྱིའི་བརྩམས་སྒྲུང་གི་འཕེལ་རིམ་ཐད་སྤྱིར་བཏང་འབྲེལ་བ་ཡོད་དགོས་པ་ཞིག་ཡིན་ཡང༌། དུས་རིམ་སོ་སོའི་བརྩམས་སྒྲུང་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་གཞི་རྟེན་དུ་གྱུར་པའམ། སྔ་མས་ཕྱི་མར་ཤུགས་རྐྱེན་ཐེབས་པ་ལྟ་བུའི་འབྲེལ་བ་གང་ཡང་མེད་པའི་སྣང་ཚུལ་མངོན་གསལ་དུ་སྣང་བ་དེས། བརྩམས་སྒྲུང་དེ་ཚོ་གློ་བུར་གློ་བུར་དུ་ཐོལ་གྱིས་བྱུང་བ་འདྲ་བ་ལས། རྩོམ་རིག་འཕེལ་རིམ་གྱི་རླབས་རྒྱུན་ཞིག་ཏུ་གྱུར་ཐུབ་མེད་པ་ནི་ཞན་ཆ་གཙོ་བོ་ཞིག་ཏུ་སྣང༌།

༢༽ དུས་རིམ་གསུམ་ཀའི་བརྩམས་སྒྲུང་གི་བརྗོད་བྱའི་ཁྱབ་ཁོངས་སུ་བོད་གཞིས་བྱེས་གཉིས་སུ་དངོས་སུ་བྱུང་དང་འབྱུང་བཞིན་པའི་འཚོ་བ་དངོས་རྣམས་གསལ་རྗེན་དུ་མཚོན་པ་ཧ་ཅང་ཉུང་ཞིང༌། མཚོན་བྱའི་ནང་དོན་གྱི་ཟབ་ཚད་དང་མཚོན་བྱེད་ཀྱི་ཐབས་ལམ་ལའང་སྤྱིར་འཛམ་གླིང༌། བྱེ་བྲག་རང་ཉིད་གནས་ཡུལ་གྱི་རྒྱལ་ཁབ། ཡང་སྒོས་གཞིས་བཞུགས་རྩོམ་པ་པོའི་བརྩམས་སྒྲུང་ལ་ལྟོས་ཏེ་བསྡུར་ན་སྤོབས་པ་བྱེད་འོས་པའི་ཡར་རྒྱས་ཀྱི་རྣམ་པ་དེ་ཙམ་མི་ལྡན།

༣༽ དུས་རིམ་གསུམ་ཀའི་ནང་སྒྲུང་རྩོམ་རྒྱུན་མཐུད་དུ་འབྲི་མཁན་ཧ་ཅང་དཀོན་ཞིང༌། ལྷག་པར་བརྩམས་སྒྲུང་རིང་གྲས་དང་འབྲིང་གྲས་སྤེལ་མཁན་ཤིན་ཏུ་དཀོན།

༤༽ དུས་རིམ་དང་པོ་དང་གཉིས་པའི་སྐབས་ཀྱི་བརྩམས་སྒྲུང་འབྲི་མཁན་ཧ་ལམ་ཡོངས་རྫོགས་བོད་ནང་འཁྲུངས་ཤིང་བོད་ནང་སློབ་གཉེར་གནང་མྱོང་བའི་ཁོངས་སུ་གཏོགས་ཤིང༌། དུས་རིམ་གསུམ་པའི་སྐབས་སུ་བརྩམས་སྒྲུང་འབྲི་མཁན་ཁོངས་ནས་པདྨ་ཚེ་དབང་ཤཱསྟྲི་དང་མཚར་སྒྲུང་སྤེལ་མཁན་འཇམ་དབྱངས་བསྟན་འཛིན་ཤཱསྟྲི་ལྟ་བུའི་བཙན་བྱོལ་ནང་སྐྱེ་འཚར་བྱུང་བ་ཉུང་ཤས་ཕུད་ཕལ་མོ་ཆེ་བོད་ནས་བཙན་བྱོལ་ལ་གསར་དུ་སླེབས་པའི་གྲས་ཡིན། དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གིས་བོད་ཡིག་གི་ཐོག་ནས་བརྩམས་སྒྲུང་སྤེལ་ཐུབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐུབ་མེད་པའམ་བྱེད་ཐུབ་ཚད་ཧ་ཅང་ཞན་པ་དེ་མཚོན་གྱི་ཡོད།

༥༽ དུས་རིམ་སྤྱི་དང་ལྷག་པར་དུས་རིམ་མཐའ་མའི་བརྩམས་སྒྲུང་རྣམས་ལ་སྤྱི་ཁྱབ་ནས་བལྟས་ཚེ། གནའ་བོའི་བོད་རང་གི་སྒྲུང་གཏམ་གྱི་ཁྱད་ཆོས་བཟང་པོ་ཁག་རྒྱུན་འཛིན་ཐུབ་མེད་པར་མ་ཟད། དེང་རབས་བརྩམས་སྒྲུང་གི་གནས་ཚད་ཀྱང་ཞན་པ་བཅས་སོ།། 


གསུམ་པ། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས།

འབྱུང་འགྱུར་བརྩམས་སྒྲུང་ཡར་རྒྱས་གཏོང་བར་ངེས་པར་མཁོ་བའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་ཡར་རྒྱས་དང་སྒྲུང་རྩོམ་མཁན་རང་ངོས་ནས་དོ་སྣང་དགོས་ས་བཅས་གཙོ་བོ་ཁག་གཉིས་ཀྱི་ཐད་ཤུགས་སྐྱེད་ནུས་འདོན་གནང་དགོས་འདུག

ཀ༽ མཐུན་རྐྱེན།

༡༽ བརྩམས་སྒྲུང་སྤེལ་སའི་དུས་དེབ་རྒྱུན་མཐུད་ཅན་ཞིག་དགོས་པ།

བཙན་བྱོལ་ནང་ ༡༩༩༠ ཚུན་གྱི་དུས་དེབ་ཁོ་ན་བརྩིས་ནའང་དུས་དེབ་མི་འདྲ་བ་གྲངས་ ༧༠ སྐོར་བྱུང་ཡོད་ཀྱང༌། དེ་དག་གི་ཁོངས་སུ་རྒྱུན་མཐུད་ངང་དུས་ཐོག་ཏུ་ལོ་རེར་ཐེངས་གཉིས་ལས་མང་བ་འདོན་སྤེལ་ཐུབ་པའི་རྩོམ་རིག་དུས་དེབ་ཧ་ལམ་གཅིག་ཀྱང་མེད། དེས་གཅིག་ནས་བཙན་བྱོལ་གྱི་རྩོམ་པ་པོའི་ནུས་ཤུགས་ཁ་གྲམ་འགྲོ་བ་དང༌། གཉིས་ནས་ཀློག་པ་པོ་ཚོས་གཅིག་གྱུར་གྱི་ངོས་འཛིན་དང་དགའ་མོས་ཐོབ་སའི་རྩོམ་རིག་དུས་དེབ་བསྐྲུན་རྒྱུར་འགོག་རྐྱེན་ཆགས་པ་ཙམ་མ་ཟད། ལྷག་པར་བརྩམས་སྒྲུང་དང་སྙན་ངག་རིང་གྲས་སྤེལ་རྒྱུར་འགོག་རྐྱེན་ཆགས་ཡོད།

སྤྱིར་བཏང་རྩོམ་རིག་ཅེས་པ་དེ་རྩོམ་པ་པོས་རྩོམ་ཡིག་བརྩམས་པའི་བརྒྱུད་རིམ་ཙམ་ལ་གོ་བ་མ་ཡིན་པར། རྩོམ་པ་པོའི་རྩོམ་ཡིག་དེ་བརྒྱུད་ལམ་ཞིག་བརྒྱུད་དེ་སྤྱི་ཚོགས་ནང་ཁྱབ་པ་དང༌། སྤྱི་ཚོགས་ཀྱིས་དེ་ལ་གདེང་འཇོག་གིས་ཡང་བསྐྱར་རྩོམ་པ་པོར་ལེགས་སྤེལ་ཉེས་འགོག་གི་སྐུལ་མ་ཐེབས་པའི་འཁོར་རྒྱུག་ཅིག་ལ་གོ་དགོས་ཤིང༌། དེ་འདྲའི་འཁོར་རྒྱུག་ཅིག་གྲུབ་མིན་གྱི་གཙོ་གནད་ནི་དུས་དེབ་རེད།

ལྷག་པར་བརྩམས་སྒྲུང་ལ་མཚོན་ན། སྒྲུང་ཤིན་ཏུ་ཐུང་ཐུང་གི་རིགས་མ་གཏོགས་དེ་མིན་རྣམས་དུས་དེབ་གཅིག་གི་ཐོག་ཆ་ཚང་ཤོང་དཀའ་བར་བརྟེན། དུས་དེབ་འདོན་ཐེངས་མང་པོའི་ཐོག་མུ་མཐུད་འདོན་དགོས་ཀྱི་ཡོད། འོན་ཀྱང་དུས་དེབ་རྣམས་ལོ་རེར་ཐེངས་གཉིས་གསུམ་ལས་མང་བ་རྒྱུན་མཐུད་དུ་མ་ཐོན་ཚེ། སྒྲུང་གཅིག་དུམ་བུ་ཁ་ཤས་སུ་བགོས་ཏེ་མུ་འགོད་བྱས་པ་དེས་སྒྲུང་དེའི་བྱེད་ལས་ལ་ཕན་རྒྱུ་ལས་ལྡོག་སྟེ་གནོད་ཀྱི་ཡོད།

མ་གཞི་དེང་སྐབས་དྲྭ་ལམ་དུ་རང་རང་གི་བརྩམས་སྒྲུང་ཐད་ཀར་སྤེལ་ཆོག་ཀྱང༌། དཔལ་འབྱོར་དང་འཕྲུལ་ལས་ལག་རྩལ་སོགས་ཀྱི་མཐུན་རྐྱེན་མ་ཚང་དབང་གིས་དྲྭ་ལམ་གྱི་མཐུན་རྐྱེན་དེ་དུས་ཡུན་གང་ཙམ་རིང་བོད་མི་བྱིངས་ཀྱིས་བཀོལ་སྤྱོད་མི་ཐུབ་པ་དོན་དངོས་རེད། དེར་བརྟེན་བཙན་བྱོལ་གྱི་རྩོམ་རིག་སྤྱི་དང་ཡང་སྒོས་བརྩམས་སྒྲུང་གིས་མཚོན་པའི་རྩོམ་ཡིག་རིང་གྲས་དུས་ཐོག་སྤེལ་སའི་གཏན་འཇགས་དུས་དེབ་ཡག་པོ་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་སྣང་།

༢༽ སྒྲུང་རྩོམ་མཁན་ལ་སྤྱི་ཚོགས་ཀྱིས་ཆེ་མཐོང་བྱེད་དགོས་པ།

རང་རེའི་སྤྱི་ཚོགས་ནང་མཁས་པ་དང་མཁས་དབང་གི་གདན་གྲལ་དུ་འཁོད་པའི་ཁོངས་སུ་བརྩམས་སྒྲུང་འབྲི་མཁན་ཡོད་ཀྱང༌། དེ་དག་མཁས་པ་དང་མཁས་དབང་གི་གདན་གྲལ་དུ་གདན་དྲངས་པའི་རྒྱུ་མཚན་ནི་ཁོང་ཅག་གིས་བརྩམས་སྒྲུང་བརྩམས་པས་མ་ཡིན་པར། དཔྱད་བརྗོད་སྤེལ་བ་དང་གསུང་བཤད་གནང་བ་སོགས་ཀྱིས་རེད། དེར་བརྟེན་ད་ཕན་བརྩམས་སྒྲུང་བྲིས་ཏེ་མིང་གྲགས་བྱུང་བ་ཕལ་མོ་ཆེ་རིམ་པས་དཔྱད་བརྗོད་སྤེལ་མཁན་དང་ སྲིད་དོན་པ་སོགས་སུ་འགྱུར་བཞིན་ཡོད།

དོན་དངོས་སུ་བརྩམས་སྒྲུང་འབྲི་བ་ནི་སྔར་མེད་པའི་ངག་རིག་གི་འཇིག་རྟེན་ཞིག་གསར་དུ་བསྐྲུན་པ་ཡིན་ཞིང༌། དཔྱད་བརྗོད་སྤེལ་བ་ནི་ཡོད་པ་ཞིག་ལ་དཔྱད་པ་བྱེད་པ་ཡིན་པས། སྔ་མ་ཕྱི་མ་ལས་གཟི་བརྗིད་དང་བྱས་པ་ཆེ་བ་མིན་རུང་ཆུང་བ་ཞིག་རྩ་བ་ནས་མིན། དེར་བརྟེན་རང་རེའི་སྤྱི་ཚོགས་ནང་གསར་རྩོམ་གནང་མཁན་སྤྱི་དང་ཡང་སྒོས་བརྩམས་སྒྲུང་གསར་རྩོམ་གནང་མཁན་ཚོར་ཐུགས་སྣང་གིས་མཁས་པའི་ཚོགས་གྲལ་དུ་གདན་ཞུ་དང༌། ལོ་སོ་སོར་བརྩམས་སྒྲུང་ལེགས་ཤོས་དཔྱད་འདེམས། ཕུལ་བྱུང་བརྩམས་སྒྲུང་རྣམས་ཕྱོགས་བསྒྲིགས་ཀྱིས་པར་སྐྲུན་སོགས་བརྩམས་སྒྲུང་དང་བརྩམས་སྒྲུང་སྤེལ་མཁན་ལ་ཆེ་མཐོང་གནང་ཐུབ་ན་ཕན་ཁྱད་ཡོང་ས་རེད་སྙམ།

༣༽ སློབ་གྲྭའི་སློབ་ཚན་ནང་རྩོམ་ཡིག་འབྲི་སྦྱོང་གི་ནང་དོན་ཇེ་མང་དུ་གཏོང་དགོས་པ།
༡༩༨༩ ཕན་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་དེབ་ནང་རྩོམ་ཡིག་འབྲི་སྦྱོང་གི་ནང་དོན་ཉུང་ཤས་ལས་མེད་ཅིང༌། གང་ཡོད་པ་རྣམས་གཙོ་བོ་སྲོལ་རྒྱུན་གྱི་རྩོམ་ཡིག་འབྲི་སྟངས་སྐོར་ཡིན། དེ་རྗེས་ལོ་རབས་དགུ་བཅུ་པའི་ནང་བཏོན་པའི་སློབ་དེབ་ཁག་གི་ནང་ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་སྟངས་སོགས་རྩོམ་འབྲིའི་ཤེས་བྱ་གསར་དུ་བསྣན་ཡོད་ཅིང༌། སློབ་དེབ་དེ་དག་བཀོལ་སྤྱོད་ཀྱི་འོག་ནས་འཚར་ལོངས་བྱུང་བའི་ན་གཞོན་མང་པོ་ཞིག་རྩོམ་རིག་ལ་དགའ་མོས་ཅན་དུ་གྱུར་ནས་དུས་ཐུང་ལོ་བཅུ་གྲངས་ནང་སློབ་གྲྭའི་དུས་དེབ་ཧ་ཅང་མང་པོ་ཐོན་པ་དང་དེ་དག་གི་ཐོག་ཏུ་སློབ་ཕྲུག་ཚོས་རྩོམ་ཡིག་མང་པོ་སྤེལ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ན་སློབ་ཚན་དེ་ཚོའི་ཤུགས་རྐྱེན་ཆུང་ཆུང་མིན། ལྷག་པར་སྐབས་དེའི་བཙན་བྱོལ་གྱི་དགེ་རྒན་ཕལ་མོ་ཆེ་རྩོམ་རིག་ལ་མྱོང་རྒྱུས་ཞན་པས་རྩོམ་རིག་སློབ་ཚན་དེ་དག་དམིགས་ཡུལ་དང་འཚམས་པར་སློབ་ཁྲིད་ཡག་པོ་ཞིག་བྱེད་ཐུབ་ཀྱི་མེད་ཀྱང་སློབ་དེབ་ནང་རྩོམ་རིག་གི་སློབ་ཚན་ཇེ་མང་དུ་བཏང་བ་ཙམ་གྱིས་སློབ་ཕྲུག་གི་ཐོག་ཏུ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་དེ་འདྲ་ཞིག་བྱུང་ཡོད་པ་དེ་ཡ་མཚན་དགོས་པ་ཞིག་རེད།

འོན་ཀྱང་ཉེ་ལམ་གྱི་སློབ་དེབ་གསར་པ་ཁག་གི་ནང་རྩོམ་རིག་གི་སློབ་ཚན་ཇེ་ཉུང་དུ་བཏང་ཡོད་པའི་མཐོང་ཚུལ་ཕྲན་ལ་བྱུང་ཞིང༌། དེ་ནི་རྩོམ་རིག་ཡར་རྒྱས་ལ་འགོག་རྐྱེན་ཆགས་པ་ཙམ་མ་ཡིན་པར་བོད་ཀྱི་སྐད་ཡིག་ཡར་རྒྱས་ཀྱི་འགོག་རྐྱེན་དུ་གྱུར་པ་ཞིག་རེད། སྐད་ཡིག་ཅེས་པ་དེ་དོན་དངོས་སུ་སྐད་ཡིག་དེའི་བརྡ་སྤྲོད་ཀྱི་གཞུང་ལུགས་སྦྱངས་པ་ཙམ་གྱིས་བྱང་ཆུབ་པར་གྱུར་ཐུབ་པ་ཞིག་མ་ཡིན་པར། སྐད་ཡིག་དེའི་སྙན་ཆའམ་སྐད་ཡིག་དེ་བཀོལ་སྤྱོད་བྱས་ཏེ་བསྐྲུན་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཁྱད་དུ་འཕགས་པ་དག་གི་རོ་བཅུད་མྱོང་ཐུབ་པ་དང༌། རོ་བཅུད་དེ་ལྡན་གྱི་བརྩམ་བྱ་གསར་རྩོམ་བྱེད་ཐུབ་ན་གཞི་ནས་སྐད་ཡིག་དེར་བྱང་ཆུབ་པར་གྱུར་པ་རེད། དེར་བརྟེན་ཕྲུ་གུ་ཚོར་ཆུང་དུས་ནས་བརྡ་སྤྲོད་ཀྱི་འགྲོ་ལུགས་ཙམ་བསླབས་པས་མི་ཆོག་པར་སློབ་རིམ་སོ་སོ་དང་འཚམས་པའི་རྩོམ་ཡིག་འབྲི་སྦྱོང་གི་སློབ་ཚན་ཡང་གང་མང་བཀོད་སྒྲིག་གནང་དགོས་པ་དེ་ཕྲུ་གུའི་སྐད་ཡིག་ཡར་རྒྱས་དང་རིག་གཞུང་གི་རྨང་གཞི་བརྟན་པོ་ཚུགས་པ། མིང་ཚིག་ཕུན་སུམ་ཚོགས་པོ་ཆགས་པ། ལྷག་པར་རང་གི་བསམ་ཚུལ་དང་འཆར་སྣང་རྣམས་ནོར་འཆུག་མེད་པའི་སྒོ་ནས་སྨྲ་བརྗོད་དང་འབྲི་སྤེལ་ཐུབ་རྒྱུར་མེད་དུ་མི་རུང་བ་ཞིག་རེད། དེ་ལྟར་བྱས་ན་གཞི་ནས་བཙན་བྱོལ་དུ་སྐྱེ་འཚར་བྱུང་བའི་བོད་ཕྲུག་གི་ཞིང་ས་ནས་རྩོམ་རིག་གི་ལོ་ཏོག་སྨིན་པའི་རེ་བ་ཡོད་པ་རེད་ལ། ཕྱོགས་གཞན་ནས་བཤད་ན་ཉུང་མཐར་ཡང་བཙན་བྱོལ་ནང་བོད་ཡིག་གི་བརྩམས་ཆོས་བལྟ་ཀློག་བྱེད་མཁན་ཇེ་མང་དུ་འགྲོ་ཐུབ་ཀྱི་རེད།

དེ་བཞིན་སློབ་གྲྭའི་དགེ་རྒན་གྱི་འོས་སྦྱོང་དང་ལས་ཞོར་ཟབ་སྦྱོང་གོ་སྒྲིག་བྱེད་སྐབས་ངེས་པར་རྩོམ་རིག་སློབ་ཁྲིད་ཀྱི་གཙོ་གནད་རྣམས་སློབ་སྤེལ་དགོས་པ་ཧ་ཅང་གནད་ཆེན་རེད། ཁོ་བོ་རང་ངོས་ནས་གོང་གསལ་དོན་གནད་གཉིས་ཧ་ཅང་གལ་ཆེན་དུ་མཐོང་ནས་ད་ཕན་གླེང་བཤད་བྱེད་བཞིན་ཡོད་ལ། དེ་སྔ་འགལ་རྐྱེན་ཇི་ཡོད་ ལ་མ་འཛེམས་པར་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཕྲུག་ཡོངས་ལ་ལོ་རེར་རྩོམ་རིག་འགྲན་བསྡུར་རེ་གོ་སྒྲིག་གིས་སྨྱུག་གསར་ཞེས་པའི་དུས་དེབ་རེ་འདོན་དགོས་པའི་གྲོས་འདོན་དང་དུས་ཡུན་གང་ཙམ་རིང་དུས་དེབ་དེའི་རྩོམ་སྒྲིག་པའི་ཁུར་བླངས་ཤིང༌། དེ་བཞིན་དགེ་རྒན་ཚོར་ཆེད་དུ་དམིགས་ནས་ཤེས་རིག་ཅེས་པའི་དུས་དེབ་གསར་འདོན་བྱ་དགོས་པའི་གྲོས་འདོན་དང༌། དུས་ཡུན་གང་ཙམ་རིང་དུས་དེབ་དེའི་རྩོམ་སྒྲིག་པའི་ཁུར་བླངས་པ་ཡིན། ཁོ་བོའི་བསམ་ཚུལ་ལྟར་ན། འདི་ལྟར་ཕྱོགས་མང་པོ་ནས་གོམ་པ་རིམ་བགྲོད་གནང་ཚེ་བཙན་བྱོལ་གྱི་གཞོན་སྐྱེས་ཚོའི་ཁྲོད་རྩོམ་རིག་གི་རྩ་བ་ཚུགས་ཐུབ་ཀྱི་རེད་སྙམ་ལ། དེ་ལྟར་བྱུང་ན་བརྩམས་སྒྲུང་ཡར་རྒྱས་ཀྱི་གནད་དོན་ཡང་ཐག་གཅོད་ཐུབ་ངེས་རེད་སྙམ།

ཁ༽ སྒྲུང་རྩོམ་མཁན་རང་ངོས་ནས་ཡར་རྒྱས་གཏོང་དགོས་ས།

བཙན་བྱོལ་གྱི་བརྩམས་སྒྲུང་གི་གནས་བབས་ཡར་རྒྱས་གཏོང་བར་གོང་གསལ་གྱི་མཐུན་རྐྱེན་རྣམས་ཚང་ཡང་སྒྲུང་གསར་རྩོམ་གནང་མཁན་ཚོས་ད་ཡོད་ཞན་ཆ་རྣམས་ལ་ལེགས་བཅོས་མ་བྱས་ཚེ་དོན་དམ་གྱི་ཡར་རྒྱས་འབྱུང་དཀའ་བར་བརྟེན་འདིར་གནད་དོན་ཁག་ཅིག་ཞུས་ན།

༡༽ བཙན་བྱོལ་གྱི་བརྩམས་སྒྲུང་ཁག་གི་བརྗོད་བྱ་ཕལ་མོ་ཆེ་ནི་དངོས་ཡོད་ཀྱི་འཚོ་བ་དང་ཐག་རིང་བའི་སྐྱོན་ཆ་ཆེ། དཔེར་ན། གཞིས་ལུས་བོད་མིའི་རང་དབང་བྲལ་བའི་འཚོ་བ་དང་ལུས་སྲོག་ལོངས་སྤྱོད་ལ་མ་ལྟོས་པར་འཐབ་རྩོད་བྱས་ཚུལ། བཙན་བྱོལ་བོད་མིས་ངོ་ཤེས་པ་ས་དང་གནམ་ལས་མེད་པའི་ཡུལ་གྲུ་ཞིག་ཏུ་དཀའ་ངལ་བརྒྱ་ཕྲག་ལ་མ་འཛེམས་པར་བོད་མིའི་སྤྱི་ཚོགས་གསར་བསྐྲུན་བྱས་པའི་བྱུང་བ་སོགས་དངོས་ཡོད་གནས་ཚུལ་ཆེན་པོ་རྣམས་བརྩམས་སྒྲུང་གིས་མཚོན་པ་ཧ་ལམ་མེད་ལ། བཙན་བྱོལ་དུ་ཡོང་ཚུལ་དང་གནམ་གཤིས་མ་འཕྲོད་པ་ལྟ་བུའི་དོན་ཆུང་རྣམས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པའང་དཀོན། འོ་ན་གང་བྲིས་འདུག་ཅེ་ན། གྲྭ་པས་ཕོ་མོའི་བརྩེ་དུང་གི་སྐོར་བྲིས་ཤིང༌། མི་སྐྱས་བླ་ཆེན་མི་ཆེན་དང་ཆོས་ལུགས་ཀྱིས་མ་འགྲིགས་མ་འཐུས་ལུགས་ཀྱི་འཁང་ར་དང་སྐྱོན་བརྗོད་ཀྱི་སྐོར་བྲིས་པ་ཤས་ཆེ། འདི་ལྟར་ང་ཚོའི་རྩོམ་ཡིག་གི་ཁ་ཕྱོགས་དེ་ཁ་གཡབ་གཡབ་ཀྱི་གོལ་ལམ་ཞིག་ཏུ་འཕྱན་འགྲོ་བ་ལས། སྤྱི་ཚོགས་ཀྱི་གཏིང་རིམ་དུ་འཛུལ་ནས་དངོས་དོན་འབྲི་མཁན་ཧ་ཅང་དཀོན་པར་སྣང༌།

དེར་བརྟེན་བརྩམས་སྒྲུང་འབྲི་མཁན་ཚོས་དང་པོ་རང་རང་གནས་ཡུལ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་ཞུགས་བྱས་ཏེ་འབྲི་དགོས་པ་དཔེར་ན། གྲྭ་བཙུན་ཚོས་གྲྭ་བཙུན་གྱི་སྤྱི་ཚོགས་འབྲི་དགོས་པ་དང༌། མི་སྐྱ་ཚོས་འཁང་ར་དང་སྐྱོན་བརྗོད་ཙམ་ལ་མགོ་མ་འཁོར་བར་རང་ཉིད་གནས་ཡུལ་སྤྱི་ཚོགས་ཀྱི་འདས་མ་འོངས་ད་ལྟ་གསུམ་གྱི་གནད་དོན་ལ་རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་བསམ་གཞིགས་ཀྱིས་འབྲི་དགོས། དེ་ལྟར་བྱེད་པར་རང་རེར་རྒྱུ་ཆ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། ཐག་རིང་དུ་འགྲོ་མི་དགོས་པར་བཙན་བྱོལ་ནང་གི་རྒན་གསོ་ཁང་གི་རྒན་འཁོག་དང༌། གསར་འབྱོར་བ། ཆབ་སྲིད་བཙོན་པ་སོགས་སུ་འདྲ་ཞིག་ལ་བཅར་འདྲི་བྱས་ནའང་མི་སེམས་འགུལ་བའི་བརྩམས་སྒྲུང་གི་རྒྱུ་ཆ་འབེལ་འབེལ་ལྷུག་ལྷུག་འབྱུང་བར་ཐེ་ཚོམ་ཅི་ཡང་མེད།།

༢༽ ལྷག་པར་བོད་ནང་གི་རྩོམ་པ་པོ་ཚོས་ཆབ་སྲིད་ཀྱི་གནད་དོན་དབང་གིས་འབྲི་མི་ཐུབ་པ་དང་འབྲི་བར་དཀའ་ངལ་ཡོད་སའི་བརྗོད་དོན་ལ་བཙན་བྱོལ་གྱི་རྩོམ་པ་པོ་ཚོས་དམིགས་བསལ་དོ་སྣང་གིས་འབྲི་དགོས། འདི་ནི་རང་ཅག་བཙན་བྱོལ་དུ་གནས་པའི་དགོས་དོན་ཡིན་ལ་བཟང་སྤྱོད་ཀྱི་འགན་འཁྲི་ཞིག་ཀྱང་རེད།

༣༽ རང་ཅག་གི་གནས་ཡུལ་ཕྱི་རྒྱལ་རྒྱལ་ཁབ་ཏུ་ཡིན་པས་གནས་ཡུལ་རྒྱལ་ཁབ་དང་རྒྱལ་སྤྱིའི་ཕུལ་བྱུང་རྩོམ་རིག་གི་ལེགས་ཆ་བླངས་ཏེ་གསར་རྩོམ་བྱེད་དགོས། དཔེར་ན། བཙན་བྱོལ་བོད་མི་མང་ཆེ་བའི་གནས་ཡུལ་རྒྱ་གར་ལ་མཚོན་ན། རྩོམ་རིག་གི་ཆ་ནས་ཤར་ཕྱོགས་ཨེ་ཤ་ཡ་ཙམ་མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུའང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་ཞིང༌། དཔེ་སྐྲུན་གྱི་རང་དབང་ཧ་ཅང་ཆེ་བའི་དབང་གིས་འཛམ་གླིང་གི་དཔེ་དེབ་གྲགས་ཅན་ཡོད་དོ་ཅོག་རིན་གོང་ཧ་ཅང་ཁེ་བོར་ཉོ་སྒྲུབ་བྱེད་ཐུབ་ཀྱི་ཡོད། འདི་དག་ནི་མཐུན་རྐྱེན་ཧ་ཅང་བཟང་པོ་ཞིག་ཡིན་པས་གོ་སྐབས་དམ་འཛིན་གྱིས་གནས་ཡུལ་རྒྱལ་ཁབ་དང་རྒྱལ་སྤྱིའི་ཕུལ་བྱུང་རྩོམ་རིག་གི་ལེགས་ཆར་སློབ་སྦྱོང་གིས་རང་གི་རྩོམ་རིག་ནང་བཀོལ་སྤྱོད་བྱས་ཚེ། བོད་ཀྱི་རྩོམ་རིག་གི་ཡར་རྒྱས་ལ་ཕན་ཐོགས་ངེས་ཅན་ཡོད་པ་ཞིག་ཡིན།

༤༽ ང་རང་ཚུད་པའི་བཙན་བྱོལ་གྱི་བརྩམས་སྒྲུང་འབྲི་མཁན་ཕལ་མོ་ཆེས་ད་ཕན་སྒྲུང་ཁ་ཤས་བྲིས་རྗེས་འཚོ་ཐབས་ཀྱི་གནད་དོན་གྱི་དབང་གིས་སམ། ཡང་ན་འཚོལ་སྙེགས་ཀྱི་ཁ་ཕྱོགས་ལ་འགྱུར་བ་སོང་ནས་ལོ་ནས་ལོ་བསྟུད་སྒྲུང་རྒྱུན་མཐུད་དུ་འབྲི་ཐུབ་མཁན་ཧ་ལམ་བྱུང་མེད། ངས་ཡང་ནས་ཡང་དུ་རང་ཉིད་ཅིའི་ཕྱིར་གསར་རྩོམ་གྱི་ལམ་དུ་མུ་མཐུད་ནས་ཞུགས་མ་ཐུབ་པའི་རྒྱུ་མཚན་ལ་བསམ་གཞིགས་བྱེད་མྱོང༌། ངའི་གྲོགས་པོ་ལྷ་མོ་སྐྱབས་སོགས་ཀྱིས་ཀྱང་ཆེད་ལས་ཀྱི་རྩོམ་པ་པོ་ཞིག་བྱེད་འདོད་ཡོད་ལུགས་གསུངས་ཡོད་ཀྱང་ང་ཚོ་ཚང་མར་དེ་འདྲའི་གོ་སྐབས་ཐོབ་མེད། དེའི་རྒྱུ་མཚན་གཙོ་བོ་ནི། གཅིག་ནས་རང་རེའི་མི་འབོར་ཉུང་བ་དང༌། གཉིས་ནས་མི་འབོར་ཉུང་ངུ་དེའི་ནང་གི་ཡི་གེ་ཤེས་མཁན་ཚོའི་ཁྲོད་དུ་བོད་ཡིག་ཤེས་མཁན་ཉུང་བ། གསུམ་ནས་བོད་ཡིག་ཤེས་མཁན་ཉུང་ཤས་དེའི་ནང་དུ་བོད་ཡིག་གི་དཔེ་དེབ་བལྟ་ཀློག་བྱེད་པའི་གོམས་གཤིས་ཡོད་མཁན་ཤིན་ཏུ་ཉུང་བར་བརྟེན། བོད་ཡིག་དཔེ་དེབ་རྣམས་གྱོང་ཉོ་མཁན་གྱི་དངོས་རྫས་ཤིག་ལས། ཁེ་བཟང་ཡོད་པའི་ཚོང་རྫས་ཤིག་ཏུ་རྩ་བ་ནས་གྱུར་མ་ཐུབ་སྟབས། བོད་ཡིག་དཔེ་དེབ་གསར་རྩོམ་དང་པར་སྐྲུན་བྱེད་མཁན་རྣམས་སྦྱིན་བདག་གི་ངོ་ལ་བལྟས་ནས་སྡོད་དགོས་པ་ལས། སོ་སོའི་རྐང་པའི་ཐོག་ཏུ་ལངས་ཐུབ་པའི་གཞི་རྩ་མེད་པར་གྱུར་པ་དེ་རེད། ངས་ནི་ང་ཚོའི་མི་རིགས་ཀྱི་གནས་སྟངས་ཉམ་ཐག་པ་དང་སྐྱི་གཡའ་དགོས་པ་ཟེར་བ་དེ་འདི་ག་རང་ལ་ངོས་འཛིན་གྱིན་ཡོད།

འོན་ཀྱང་དེ་ཙམ་ཞིག་ལ་ཁ་འཕང་ལག་འཕྱིད་བྱས་པས་འགྲིག་གི་མ་རེད། བོད་ཀྱི་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ལ། མནྜལ་ཞིག་དང་མཇལ་དར་ཞིག་ཕུལ་ནས་སྐུལ་མ་ཞུས་ཚེ་བསྟན་བཅོས་པུ་ཏི་གཅིག་གཉིས་རྩོམ་པའི་སྐུ་ལས་ལ་ཐུགས་འཛེམས་མཛད་མི་འདུག ད་ལྟ་ང་ཚོའི་མདུན་ལ་ཡོད་པའི་གསུང་རབ་རི་བོའི་གཏོས་ལ་འགྲན་པ་རྣམས་དེ་ལྟར་བརྩམས་པ་ལས། རྩོམ་ཡོན་དུ་སྒོར་མོ་སྟོང་ཕྲག་ཁ་ཤས་ཐོབ་པའི་རེ་བས་མཛད་པ་རེད་མི་འདུག དེར་བརྟེན་རང་རེའི་རྩོམ་པ་པོ་སྤྱི་དང་ཡང་སྒོས་བརྩམས་སྒྲུང་འབྲི་མཁན་ཚོས་སྔོན་གྱི་མཁས་པ་ཚོའི་མཛད་པ་དང༌། ད་ལྟའི་བོད་ཀྱི་གནས་སྟངས་གཉན་འཕྲང་ཅན། མ་འོངས་པའི་རེ་གཏོད་བཅས་ལ་བསམས་ཏེ་སྙིང་ལ་རུས་པ་བཅུག་ནས་བརྩམས་སྒྲུང་རྒྱུན་མཐུད་དུ་འབྲི་དགོས་པ་དང༌། དེ་ཡང་ལྷ་རབ་བརྩམས་སྒྲུང་རིང་གྲས་འབྲི་བར་བརྩོན་དགོས་འདུག་ཅེས་སྙིང་ནས་ཞུ་བར་ཐལ།

༥༽ ང་རང་དེ་སྔོན་ཚོར་སྣང་གི་རྗེས་སུ་འབྲངས་ནས་སྒྲུང་དང་སྙན་ངག་སོགས་འབྲི་མཁན་ཞིག་ཡིན། ངས་སྤྱི་ཚོགས་ཀྱི་གནད་དོན་ལ་དོ་སྣང་གིས་རང་ཉིད་ལ་དེའི་ཐད་ཚོར་སྣང་དྲག་པོ་ཞིག་འབྱུང་བར་བརྩོན་ཞིང༌། ཚོར་སྣང་དྲག་པོ་དེ་གཞི་བཟུང་བརྩམས་སྒྲུང་འབྲི་གི་ཡོད། རྗེས་སུ་ང་རང་གཞུང་ཞབས་སུ་ཞུགས་རྗེས་ཉིན་ལྟར་ལས་དོན་རིགས་གཅིག་གི་ཐོག་དུས་ཚོད་གཏོང་དགོས་སྟབས་ཚོར་སྣང་དྲག་པོ་འབྱུང་བའི་སྐབས་ཉུང་ཞིང༌། དེའི་དབང་གིས་དུས་ཡུན་གང་ཙམ་རིང་ཅི་འབྲི་འདི་འབྲི་མེད་པར་གྱུར། རྗེས་སུ་གྲགས་ཅན་གྱི་བརྩམས་སྒྲུང་འབྲི་མཁན་ཁ་ཤས་ཀྱི་ཉམས་མྱོང་ཐོས་རྗེས་ངས་རང་ཉིད་ཀྱི་ཞན་ཆ་ཧ་གོ་སོང༌།

ཚོར་སྣང་དྲག་པོའི་རྗེས་སུ་འབྲངས་ཏེ་སྒྲུང་འབྲི་མཁན་མང་པོ་ཡོད་ཀྱང་ངས་ད་ལྟ་འདི་ལམ་ཡག་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། གང་ཡིན་ཟེར་ན། བརྩམས་སྒྲུང་ནི་སྤྱིར་བཏང་ཉུང་ན་ཉིན་གཉིས་གསུམ་དང་མང་ན་ལོ་ངོ་བཅུ་གྲངས་རྒྱུན་མཐུད་དུ་འབྲི་དགོས་པའི་རྩོམ་གྱི་རིགས་ཤིག་རེད། སྒྲུང་རིང་པོ་ཞིག་འབྲི་བར་དགོས་མཁོ་གཙོ་བོ་དེ་ཚོར་སྣང་དྲག་པོ་མ་ཡིན་པར་ཚོར་བ་སྟངས་སྙོམ་ཡིན། ཚོར་སྣང་དྲག་པོའི་རིགས་དེ་ལོ་དང་ཟླ་བ་ལྟ་ཅི་ཉིན་ཁ་ཤས་ཀྱང་རྒྱུན་མཐུད་དུ་གནས་དཀའ་བའི་ཆ་ནས་ཚོར་སྣང་དྲག་པོ་གཞི་རྩར་བཟུང་སྟེ་འབྲི་འགོ་བརྩམས་པའི་སྒྲུང་ཕལ་མོ་ཆེ་མཇུག་ཡག་པོ་ཞིག་མི་འཁྱོལ་བ་རྒྱུན་ལྡན་གྱི་གནས་ཚུལ་ཡིན།

སྤྱིར་སེམས་ཧ་ཅང་ཞུམ་པའི་སྐབས་དང་ང་རྒྱལ་སོགས་ཀྱིས་ཧ་ཅང་མྱོས་པའི་གནས་སྐབས་གང་ཡིན་རུང་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བརྟག་སྟེ་འཇུག་པའི་སྐབས་ཧ་ཅང་ཉུང་བ་ཡིན། འོན་ཀྱང་སེམས་ཚོར་སྟངས་སྙོམས་སུ་གནས་སྐབས་དོན་གང་ལའང་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བརྟག་ཅིང་དཔྱད་དེ་འཇུག་པའི་ནུས་པ་ཆེ་ཤོས་ལྡན་པར་བརྟེན། སེམས་ཚོར་སྟངས་སྙོམས་ཀྱི་སྐབས་སུ་རྩོམ་བྲིས་ན་རང་ཉིད་ཀྱི་ལྟ་ཚུལ་རྣམས་ཕྱོགས་སུ་མ་ལྷུང་བར་ལེགས་པར་མཚོན་ཐུབ་པ་དང༌། རྩོམ་སྔ་ཕྱི་ཀུན་ལ་སྤྱི་ཁྱབ་ཀྱི་ཁྱད་ཆོས་ལྡན་པར་གྱུར་ཐུབ། འོན་ཀྱང་སེམས་ཚོར་དྲག་པོའི་གནས་སྐབས་སུ་རྩོམ་བྲིས་ཚེ། ལྟར་སྣང་ལ་བྲོ་བ་ཆེ་ཆེ་ལྟ་བུར་སྣང་ཡང་དོན་དམ་དུ་རྩོམ་མཁན་གཅིག་ཡིན་ཡང་དེའི་རྩོམ་ཡིག་ཡོངས་ལ་སྤྱི་ཁྱབ་ཀྱི་ལྟ་བ་དང་ཁྱད་ཆོས་མེད་པར་གྲོག་རོང་མང་པོ་འགྲིམས་པ་ལྟ་བུའི་འབར་འབུར་ཟང་ཟིང་ཆེན་པོ་ཞིག་ཏུ་གྱུར་ཉེན་ཆེ་བར་སྣང༌།

གཞན་ཡང་ཚོར་སྣང་དྲག་པོའི་རྗེས་སུ་འབྲངས་ནས་རྩོམ་འབྲི་མཁན་ཚོས། རང་རྒྱུད་ལ་ཚོར་སྣང་དྲག་པོ་ཡང་ཡང་རྒྱུན་མཐུད་དུ་འབྱུང་བའི་ཆེད་དུ་ཆང་རག་ཚོད་མེད་འཐུང་བ་དང༌། སྤྱོད་ཚུལ་ཁྱད་མཚར་འཛིན་པ་སོགས་ཚོར་སྣང་དེ་ག་རང་གི་ཆེད་དུ་སྨྱོ་འཁྲབ་བྱེད་དགོས་པའི་གནས་ཚུལ་ངམ་ངམ་ཤུགས་སུ་འབྱུང་༼ལྟ་བའི་ཚད་མཐོན་པོར་སོན་ཏེ་སྤྱོད་ཚུལ་ཁྱད་མཚར་སྟོན་པ་རྣམས་འདིར་མ་ཐེ་༽བ་མང་དུ་སྣང་བ་འདི་ཡང་སྐྱོན་ཆ་ཞིག་ལས་ལེགས་ཆ་ག་ལ་ཡིན།

དེར་བརྟེན་རྩོམ་རིག་སྤྱི་དང་ཡང་སྒོས་བརྩམས་སྒྲུང་གསར་རྩོམ་ལ་འཇུག་མཁན་ཚོས་ཐོག་མ་ཉིད་ནས་ཚོར་བ་སྟངས་སྙོམས་ཀྱི་གནས་སྐབས་སུ་བརྩམས་སྒྲུང་འབྲི་བར་གོམས་ཐབས་བྱ་དགོས་པ་གནད་ཆེ་ཞིང༌། དེ་ལྟར་གོམས་ན་སྒྲུང་གཅིག་འབྲི་བར་དུས་ཚོད་རིང་པོ་འགོར་ཏེ་བར་དུ་རྩོམ་གཞན་འབྲི་བ་དང་བྱ་བ་གཞན་སྒྲུབ་དགོས་བྱུང་ནའང་སྔར་འབྲི་འགོ་བཙུགས་པའི་བརྩམས་སྒྲུང་གི་མཐའ་སྐྱེལ་ནུས་པ་སོགས་དགེ་མཚན་མང་དུ་མཆིས།

༦༽ ང་རང་བོད་ནས་ཡོང་ཞིང་ལས་དོན་ཕལ་མོ་ཆེ་བོད་ཡིག་གི་ཐོག་ནས་བྱེད་ཀྱི་ཡོད། ངའི་བཟའ་ཟླ་ཡང་བོད་ནས་ཡོང་ཞིང་ད་ལྟ་སློབ་གྲྭའི་དགེ་རྒན་རེད། ཁོང་གིས་ཚན་རིག་དང་ཨང་རྩིས་སོགས་སློབ་ཚན་ཡོངས་རྫོགས་བོད་ཡིག་གི་ཐོག་ནས་འཁྲིད་བཞིན་ཡོད། ངེད་གཉིས་ཀྱི་ཁྱིམ་ཚང་དུ་ཡོད་པའི་དཔེ་དེབ་ཀྱི་བརྒྱ་ཆ་ ༨༠ བོད་ཡིག་དཔེ་དེབ་ཡིན་ལ་ངེད་ཚོས་ཉན་པའི་གཞས་དང་བལྟ་བའི་བརྙན་འཕྲིན་ལེ་ཚན་ཡང་ཕལ་མོ་ཆེ་བོད་གཞས་དང་བོད་སྐད་ཡིན། ངེད་གཉིས་ལ་བུ་མོ་ལོ་ ༡༢ ཅན་ཞིག་དང་བུ་ལོ་ ༦ ལ་སླེབས་པ་ཞིག་ཡོད། རྩ་བའི་བུ་མོས་བོད་དབྱིན་གཉིས་ཀ་རང་གི་ལོ་ཚད་ལ་གཞིགས་པའི་ཡག་པོ་ཤེས་ཀྱི་ཡོད་ཀྱང་། བོད་ཡིག་དང་དབྱིན་ཡིག་གི་གནས་ཚད་བསྡུར་ཚེ་དབྱིན་ཡིག་ཧ་ཅང་གིས་ལེགས་པ་ཤེས་ཤིང་ནམ་རྒྱུན་འཕྲིན་ཡིག་དང་ཉིན་ཐོ་སོགས་ཕལ་མོ་ཆེ་དབྱིན་ཡིག་བཀོལ་ཏེ་འབྲི་བཞིན་འདུག ངའི་བུ་ལ་ད་ལྟ་བོད་ཡིག་མ་གཏོགས་དབྱིན་ཡིག་བསླབས་མེད་ཀྱང་ཁོ་རང་རང་ངོས་ནས་དབྱིན་ཚིག་དང་རྒྱ་གར་གྱི་སྐད་གང་འཚམས་ཤེས་ཀྱི་འདུག

བཙན་བྱོལ་ནང་བོད་ཡིག་སློབ་སྦྱོང་གི་ཁོར་ཡུག་བཟང་ཤོས་ཀྱི་གྲས་ཡིན་པའི་ངའི་བུ་མོ་ཅིའི་ཕྱིར་དབྱིན་ཡིག་ལེགས་པ་ཆགས་པ་ཡིན་ནམ། ངས་བསམ་གཞིགས་བྱེད་སྐབས་རྒྱུ་རྐྱེན་ཁ་ཤས་ཡོད་ཀྱང་གཙོ་བོ་ནི་བྱིས་སྒྲུང་རེད་འདུག དེ་ཡང་བོད་ཡིག་ནང་བྱིས་སྒྲུང་ཧ་ཅང་ཉུང་ཞིང་ལྷག་པར་ཕྲུ་གུ་ལོ་བཅུ་མན་ལ་རན་པའི་བྱིས་སྒྲུང་ཆེས་ཉུང་ཉུང་རེད། དེར་བརྟེན་ངའི་བུ་མོ་ལྟ་བུས་ཆུང་དུས་ནས་དབྱིན་སྐད་ཀྱི་བྱིས་སྒྲུང་མ་བཀླགས་ཀ་མེད་ཡིན་ཞིང་། དེ་ལྟར་བཀླགས་པར་བརྟེན་ནས་ཁོང་ཚོ་ཆུང་དུས་ནས་དབྱིན་སྐད་སྒྲུང་དེབ་ཀྱི་བྲོ་བ་རྙེད་ནས་རིམ་པས་དབྱིན་དེབ་ལ་ཆ་རྒྱུས་དང་དགའ་མོས་ཇེ་ཆེར་འགྲོ་བ་དང་མཉམ་དུ་བོད་ཡིག་དཔེ་དེབ་དང་རྒྱང་ཐག་ཇེ་རིང་དུ་འགྲོ་བཞིན་འདུག དེ་ནི་གཞི་རིམ་གྱི་གནད་དོན་ཆེན་པོ་ཞིག་རེད་འདུག

ད་ཕན་གྱི་བྱིས་སྒྲུང་ནང་སྐལ་བཟང་མཁས་གྲུབ་ཀྱིས་བྲིས་པའི་དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ་དང་ཡ་མཚན་རྡོ་དང་བྱི་ལ་དོམ། འབྱོར་བསྐྱལ་དང་དོན་གྲུབ་ལྟ་བུ་ཉུང་ཤས་ལས་དེ་མིན་མང་ཆེ་བ་བྱིས་སྒྲུང་ཡིན་ཞེས་ནང་དོན་ཆབ་སྲིད་དང་ནང་ཆོས། བཟང་སྤྱོད་སོགས་རྒན་པ་ཚོས་ཟབ་ཟབ་བཟང་བཟང་དུ་བརྩི་བ་རྣམས་གོ་བདེའི་ཡུལ་སྐད་གཙོ་བཟུང་གིས་དབུ་མེད་ཡིག་གཟུགས་དང་བར་བར་དུ་ནང་དོན་མཚོན་པའི་རི་མོས་བརྒྱན་པ་ཙམ་ལས་དོན་དུ་བྱིས་སྒྲུང་ཆགས་མི་འདུག

བྱིས་སྒྲུང་ཞེས་པ་དེ་སྤྲུལ་པ་དང་རྨི་ལམ། གདོན་འདྲེ། སྟོང་བསམ་སོགས་ནང་དོན་ཡ་མཚན་ཅན་དང་། འཆར་སྣང་གིས་ཕྱུག་པ། དུམ་མཚམས་འགའ་ཞིག་བསྐྱར་ཟློས་ཡང་ཟློས་བྱེད་པ། རྒན་པས་བལྟས་ན་ཅོལ་ཆུང་ཡང་གད་མོ་བྲོ་བ། མདོར་ན་ཕྲུ་གུ་རང་གི་བསམ་བློ་གཏོང་སྟངས་ཀྱི་རིམ་པར་བབས་ཏེ་འབྲི་དགོས་པར་འདུག་པས། འདི་ནི་ཤེས་བྱའི་གནད་ཀུན་ལ་མཁས་པའི་མཁས་དབང་ང་ཡིན་ཟེར་བ་ཚོས་ཀྱང་འཇོན་དཀའ་བའི་ལས་ཤིག་ཏུ་སྣང་།

འོན་ཀྱང་གོང་དུ་ཕྲན་གྱི་བུ་མོའི་གནས་ཚུལ་དཔེར་དྲངས་ཏེ་ཞུས་པ་ལྟར། རང་རིགས་བྱིས་པ་ཚོའི་རྒྱུད་ལ་རང་གི་སྐད་ཡིག་གི་རྩ་བ་བརྟན་པོ་ཚུགས་དང་མ་ཚུགས་ཀྱི་གནད་འགག་གཙོ་བོ་ཞིག་ནི་བྱིས་པའི་སྒྲུང་དེབ་ལ་རག་ལས་ཤིང་། དེ་བཞིན་དུ་འབྱུང་འགྱུར་རང་གི་སྐད་ཡིག་ལ་བརྟེན་ནས་ཕུལ་བྱུང་གི་བརྩམས་ཆོས་སྤེལ་མཁན་གྱི་རང་རིགས་གཞོན་ནུ་གསོ་སྐྱོང་ཐུབ་མིན་ཡང་འདི་ལ་རག་ལས་པ་དངོས་ཡོད་རེད།

དེའི་རྒྱུ་མཚན་ཀུན་གྱིས་མྱངས་ཀྱང་ཀུན་གྱིས་སྣང་མེད་དུ་བསྐྱུར་བ་ཞིག་ཡོད་པ་དེ་ཞུས་ན། རང་ཅག་ཀུན་གྱི་མི་ཚེའི་ནང་དང་པོ་ཞེས་པ་དེ་ཧ་ཅང་གནད་ཆེ་བ་ཞིག་ཡིན་པས། གནའ་མིའི་གཏམ་དཔེར་ཡང་རྟེན་འབྲེལ་གྱི་དང་པོ་འགོ་ནས་བསྒྲིགས་ཟེར་སྲོལ་ཡོད། དེ་ཡང་ཕོ་མོའི་བརྩེ་དུང་དང་ཉམས་མྱོང་། མཐོང་ཐོས་སོགས་གང་དང་ཅི་ཡིན་ཡང་དང་པོ་དེའི་ཤུགས་རྐྱེན་ཧ་ཅང་ཆེ་བ་ཡིན་ཞིང་། རྒྱུ་མཚན་དེའི་དབང་གིས་འཛམ་གླིང་འདིའི་མི་མང་པོ་ཞིག་ཐོག་མར་རང་ཉིད་ཆོས་ལུགས་གང་དང་འཕྲད་པ་དེའི་རྗེས་འཇུག་ཏུ་རང་བཞིན་གྱིས་གྱུར་འགྲོ་ལ། ཐོག་མར་གང་བསླབས་པའི་སྐད་དང་གང་གོམས་པའི་གཤིས་སྤྱོད་སོགས་ཀྱང་སྤྱིར་བཏང་མི་ཚེ་ཧྲིལ་པོའི་རིང་རྒྱུན་གནས་ཐུབ་པ་མངོན་སུམ་ཚད་གྲུབ་རེད། དེར་བརྟེན་རང་རིགས་བྱིས་པ་ཚོའི་མི་ཚེའི་ནང་ཐེངས་དང་པོར་བཀླག་བྱའི་དཔེ་དེབ་དང་མཉན་བྱའི་གཞས། བལྟ་བྱའི་གློག་བརྙན་སོགས་བོད་གངས་ཅན་པའི་སྐད་དུ་འབེལ་འབེལ་ལྷུག་ལྷུག་བྱུང་ན། ཁོང་ཚོའི་བོད་ཡིག་གི་རྨང་གཞི་བརྟན་པོར་གྱུར་ངེས་ཡིན་པ་མ་ཟད། མུ་མཐུད་དེ་བོད་ཀྱི་རྩོམ་རིགས་ཀྱི་བྲོ་བ་མྱོང་བ་དང་བྲོ་བ་དེ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་སྤྲོ་བ་ལྡན་པ་ཡོང་གི་རེད། བྱིས་པར་སྐད་ཡིག་གི་རྩ་བ་འཛུགས་པ་དང་རིག་གཞུང་གི་སྒོ་མོ་འབྱེད་པའི་གནད་གསང་ངོ་མ་ནི་འདི་ཀ་ཡིན་ལ། བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་གནའ་བོའི་སྡོམ་ཚིག་དེའི་ནང་དོན་ཡང་འདི་རིགས་དང་འབྲེལ་བ་ངེས་ཅན་ཡོད་པ་ཞིག་རེད་སྙམ། དེར་བརྟེན་རང་གི་རིགས་ལ་ཞེན་པ་དཀར་བའི་རྩོམ་པ་པོ་ཚོས་དོན་རྩ་འདིའི་ཐད་དམིགས་བསལ་ཐུགས་སྣང་གིས་བྱིས་སྒྲུང་གིས་མཚོན་པའི་བྱིས་པས་བཀླག་བྱའི་རྩོམ་ཡིག་གང་མང་སྤེལ་བར་ལག་གཉིས་ཐལ་མོ་སྦྱར་ཏེ་བསྐུལ་ལོ།། །།

སྨྲས་པ།
སྔར་སོང་སྔ་མོའི་སྒྲུང་གི་མེ་ལོང་ལས།།
ད་ལྟ་ད་དུང་མཁོ་བའི་གཟུགས་བརྙན་མཐོང༌།།
ཀུན་དགའ་ཀུན་གྱིས་བརྙས་པའི་སྒྲུང་པ་རྣམས།།
ཆོས་དང་ཆོས་ཉིད་སྟོན་མཁས་བླ་མར་སྣང༌།།

སྟོན་པའི་འཁྲུངས་རབས་སྒྲུང་གི་ཚུལ་དུ་སྟོན།།
བླ་རབས་ཁྲི་རབས་སྒྲུང་དང་མ་འབྲེལ་དཀོན།།
བཀའ་གདམས་མན་ངག་སྒྲུང་གཏམ་དཔེ་ཡིས་འཆད།།
ས་སྐྱའི་ལེགས་བཤད་སྒྲུང་གིས་ལེགས་པར་བཤད།།

ཉོབ་ཉོབ་རྣམས་ལ་གྲུང་གྲུང་ཚོར་བ་བསྐྲུན།།
གྱོང་གྱོང་རྣམས་ལ་ཆག་ཆག་མིག་ཆུ་སྟེར།།
མུག་མུག་རྣམས་ལ་ཧ་ཧའི་གད་མོ་སློང་།།
ཡིད་ཅན་ཀུན་གྱི་ཡིད་འོང་ནོར་བུ་ཉིད།།

ཆོས་པ་རྣམས་ལ་ཆོས་ཚུལ་སྒྲུང་གིས་སྟོན།།
འདོད་ལྡན་རྣམས་ལ་འདོད་བརྩེ་སྒྲུང་གིས་སྦྱིན།།
བྱིས་པ་རྣམས་ཀྱི་བློ་སྒོ་སྒྲུང་གིས་འབྱེད།།
རྒན་རྒོན་རྣམས་ཀྱི་ཚེ་མཇུག་སྒྲུང་གིས་སྐྱེལ།།

ནད་པའི་ལུས་སེམས་བྱུང་རབས་སྨན་གྱིས་གསོ།།
ཁེར་རྐྱང་གདུང་བ་བརྩམས་སྒྲུང་རོགས་ཀྱིས་སེལ།།
ཕོ་མོའི་བརྩེ་དུང་གཏམ་བརྒྱུད་དར་གྱིས་སྦྲེལ།།
བཟང་པོའི་བསླབ་བྱ་སྒྲུང་གི་ཕ་མས་བྱེད།།

རྒྱལ་པོའི་རྒྱལ་གཞིས་རབ་བཏགས་སྒྲུང་གིས་བསྲུངས།།
བླ་མའི་མཛད་འཕྲིན་དག་སྣང་སྒྲུང་གིས་སྤེལ།།
སྤྲང་པོའི་སྤྲང་ཚང་དགོད་བྲོའི་སྒྲུང་གིས་དྲོད།།
ཚོང་པའི་ཚོང་ཟོག་ངོ་མཚར་སྒྲུང་གིས་བྲིན།།

རྒྱལ་རབས་ལོ་རྒྱུས་སྒྲུང་གི་ནང་ནས་ཤེས།།
རྒྱལ་ཁམས་ཡུལ་ཕྱོགས་སྒྲུང་གི་ནང་ནས་འགྲིམས།།
རྒྱལ་གཅེས་དཔའ་བོར་སྒྲུང་གི་ནང་ནས་འགྲོགས།།
རྒྱལ་ཁབ་སྐྱོང་ལ་སྒྲུང་གི་ཡན་ཅིག་དཀོན།།

རིང་བའི་མཐར་ཐུག་གེ་སར་སྒྲུང་གླུ་རེད།།
ཟབ་པའི་མཐར་ཐུག་སྒྲུང་གིས་མ་བསྟན་མེད།།
མཐོ་བའི་རི་བོ་སྒྲུང་ལས་མཐོ་བ་མིན།།
སྙན་པའི་རོལ་མོ་སྒྲུང་གི་ཡང་བྲན་ཡིན།།

སྒྲུང་གཏམ་ཐོས་པའི་སྐྱེ་བོས་མ་ཁྱབ་མེད།།
སྒྲུང་གི་གནད་གསང་རྟོགས་པ་ལ་ལ་ཙམ།།
སྒྲུང་རྩོམ་ལས་ལ་གཞོལ་མཁན་དེ་ལས་ཉུང་།།
སྒྲུང་གཏམ་མཁན་པོར་གྱུར་པ་རེ་འགའ་ཙམ།།

སྒྲུང་གི་གནད་གསང་འགའ་ཞིག་རྟོགས་ན་ཡང་།།
ལག་ཏུ་ལེན་པའི་སྦྱོར་བ་དམན་པའི་བུས།།
ཟང་ཟིང་ལས་བྲེལ་ཆེ་བའི་བར་གསེང་དུ།།
སྒྲུང་གི་ཆེ་བ་བསམས་བཞིན་ཤར་མར་བྲིས།། །།




ཟུར་མཆན།
[1] A factual or fictional account of an event or series of events. From Microsoft Encarta dictionary.
[2] སྒྲུང་དེབ་འདི་འདྲ་ཞིག་ཡོད་པ་ཤེས་ཀྱང་ལག་སོན་མ་བྱུང་མུར། བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་རྒྱལ་སྤྱིའི་བོད་དང་ཧི་མ་ལ་ཡའི་རིག་གཞུང་བགྲོ་གླེང་ལྷན་ཚོགས་ཤིག་ཕྱི་ལོ་ ༢༠༠༩ ལོར་བསྐོང་འཚོགས་གནང་སྐབས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་སུ་དེའི་སྐོར་ཟུར་ཙམ་ཞུས་པར། ལམ་སེང་ཐུགས་སྣང་ཆེན་པོ་གནང་ཐོག ཉིན་ཤས་རྗེས་ཕྲན་སར་ངོ་ཕེབས་ཀྱིས་སྒྲུང་དེབ་འདི་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ།
[3] སྒྲུང་དེབ་དང་པོར་ལེགས་འཚོ་མའི་སྒྲུང་ཚན་ལྔ་བཏོན་པ་རྣམས་གཙོ་བོ་མ་བུ་དང་དགེ་སློབ་ཀྱི་གཏམ་གླེང་གི་ཐབས་ལ་བརྟེན་ནས་སྐྱབས་འགྲོ་དང་ལས་འབྲས། ཡ་རབས་བཟང་སྤྱོད་སོགས་ཀྱི་གནད་རྣམས་བསྟན་པ་ལས། དོན་རྐྱེན་ཞིག་ཐོག་མར་བྱུང་བ་དང་བར་དུ་འཕེལ་བ། མཐའ་མར་མཇུག་རྫོགས་པ་བཅས་ཀྱི་རིམ་པ་ཧ་ལམ་གསལ་མེད་པས་བརྩམས་སྒྲུང་མཚན་ཉིད་པར་བགྲང་དཀའ། མཁས་དབང་འདི་པའི་སྒྲུང་འདི་དང་ཕྱི་མ་རྣམས་བསྡུར་ན། ཕྱི་མ་རྣམས་ཀྱི་སྒྲུང་གི་གནས་ཚད་མཐོ་རུ་སོང་འདུག
[4] འདི་ཕྱི་ལོ་ ༡༩༩༠ ལོར་འགྲེམས་སྤེལ་བྱས་པས་དུས་མཚམས་ཀྱི་ཆ་ནས་བྱས་ན་འཕེལ་རིམ་ཕྱི་མའི་ཁོངས་སུ་གཏོགས།
[5] སྒྲུང་འདིའི་དུམ་བུ་དང་པོ་དབུ་ཅན་ལག་བྲིས་སྣུམ་པར་མདུན་ཤོག་ཏུ་གཡག་གི་རི་མོ་བྲིས་པ་ཞིག་འདུག་ཅིང་། དུམ་བུ་གཉིས་པ་དབུ་ཅན་ལྕགས་པར་གྱི་ཡིག་གཟུགས་སྣུམ་པར་དུ་བཏབ་པ་ཞིག་རེད། འདི་ལས་གཞན་པའི་པར་དུ་འཁོད་པ་ཡོད་མེད་མ་ཤེས།
[6] དུས་དེབ་ཀྱི་ཐོ་གཞུང་འདི་དག་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱི་རྩོམ་ཤོག་ལས་དྲངས།

1 comment: