2010-05-15

འཇིག་རྟེན།




༄༅། །འཛིན་རིམ་སྔོན་མ་ཁག་གི་ནང་ཁྱེད་ཚོས་སའི་གོ་ལའི་སྐོར་སློབ་སྦྱོང་བྱས་ཟིན་པར་བརྟེན། རྒྱུ་སྐར་གཞན་ཚོའི་ཐོག་ཡོད་མེད་ད་དུང་གསལ་ཆ་མེད་པའི་དམིགས་བསལ་གྱི་ཆ་རྐྱེན་མང་པོ་ཞིག་སའི་གོ་ལར་ཚང་ཡོད་པ་ཤེས་གསལ་རེད། དམིགས་བསལ་གྱི་ཆ་རྐྱེན་དེ་དག་ནི་རླུང་དང༌། ཆུ། ས། གཏེར་རྫས་སྣ་ཚོགས། དེ་བཞིན་གོ་ལ་འདི་ཉིད་ཚ་གྲང་གང་རུང་གི་མཐར་མ་ལྷུངས་པར་གནས་བྱེད་ཀྱི་ཉི་མའི་ནུས་པ་ལྡན་པ་བཅས་ཡིན། སའི་གོ་ལའི་ཐོག་གི་སྲོག་ཆགས་དང་དེ་དག་གང་ལ་བརྟེན་པའི་ཟས་ཀྱི་འབྱུང་རྩ་ནི། གཙོ་བོ་གོང་གི་དམིགས་བསལ་ཆ་རྐྱེན་དེ་དག་ཡིན།


ཁྱེད་ཀྱིས་སའི་གོ་ལ་ནི་ཚེ་སྲོག་ཡོད་སའི་གོ་ལ་གཅིག་པུ་དེ་ཡིན་པ་ཤེས་མུས་རེད། སའི་གོ་ལ་ནི་རྒྱུ་སྐར་གཞན་བརྒྱད་དང་མཉམ་དུ་ཉི་མར་འཁོར་བགྲོད་བྱེད་པའི་རྒྱུ་སྐར་ཞིག་ཡིན་ཞིང༌། སློབ་ཚན་འདིའི་ནང་ཁྱེད་ཀྱིས་རྒྱུ་སྐར་འདི་དག་གི་སྐོར་ཤེས་རྟོགས་ཡོང་ངེས་ཡིན། ཁྱེད་ཀྱིས་ད་དུང་ཉི་མའི་མཐའ་འཁོར་དུ་འགྲོ་བསྐྱོད་བྱེད་པའི་བར་སྣང་གི་ཕུང་པོ་གཞན་འགའ་ཡང་ཡོད་པ་ཤེས་གསལ་རེད།


ནམ་མཁའ་གཡའ་དག་ཅིང་ཟླ་བ་མེད་པའི་མཚན་མོ། ང་ཚོས་ནམ་མཁའ་རུ་གྲངས་ལས་འདས་པའི་སྐར་མ་མང་པོ་འོད་ཆེམ་ཆེམ་བྱེད་པ་མཐོང་ཐུབ་ཅིང༌། དེ་དག་ཁོངས་ནས་ལ་ལ་ནི་བཀྲག་མདངས་ཧ་ཅང་ཆེ་ཡང་ལ་ལ་ནི་མཐོང་བར་དཀའ། གནའ་བོའི་དུས་སུ་ཆུ་ཚོད་འཁོར་ལོ་མེད་པས། སྐར་མའི་རྒྱུ་ཕྱོགས་ལ་བལྟས་ནས་ང་ཚོའི་མེས་པོ་ཚོས་དུས་ཚོད་དང་རང་ཉིད་གར་སླེབས་བརྟག་ཞིབ་བྱས་ཡོད། སྐར་མར་བརྟག་པའི་ཤེས་བྱ་ནི། འགྲུལ་པ་སྤྱི་དང་ལྷག་པར་གྲུ་གཟིངས་སོགས་ཀྱི་ཁ་ཕྱོགས་བརྟག་པར་གལ་འགངས་ཧ་ཅང་ཆེ་ཞིང༌། དེང་སྐབས་ང་ཚོས་སྐར་མ་རྣམས་དམིགས་ཡུལ་འདིའི་ཆེད་དུ་སྤྱོད་པ་ཉུང་ཡང༌། དེ་དག་སྐོར་ལ་སློབ་སྦྱོང་བྱ་རྒྱུ་ད་དུང་ཡང་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན། སྐར་མར་བརྟག་ཞིབ་བྱས་པར་བརྟེན་ནས་ང་ཚོས་མཁའ་དབྱིངས་ཀྱི་ཕུང་པོ་མི་འདྲ་བ་རྣམས་ཇི་ལྟར་གྲུབ་པ་དང༌། འཇིག་རྟེན་འདི་ཇི་ལྟར་ཆགས་ཚུལ་རྣམས་ཤེས་རྟོགས་ཐུབ་ཅིང༌། འདི་ཚོའི་སྐོར་རྒྱས་པ་ཁྱེད་ཀྱིས་འཛིན་རིམ་གོང་མའི་སྐབས་སུ་ཤེས་ཐུབ།


སློབ་ཚན་འདི་སྦྱངས་པ་བརྒྱུད་ད་དུང་ཁྱེད་ཀྱིས་མཚན་མོའི་ནམ་མཁར་སྐར་མས་གྲུབ་པའི་བཟོ་དབྱིབས་སྣ་ཚོགས་པའི་སྐར་ཚོགས་ཀྱི་སྐོར་ཡང་ཤེས་རྟོགས་ཡོང་རྒྱུ་ཡིན་ཞིང༌། དེ་འདྲའི་དབྱིབས་རིས་མང་པོར་རང་རང་གི་མངོན་ཚུལ་གཞིར་བྱས་ཏེ་མིང་དམིགས་བསལ་རེ་ཡང་བཏགས་ཡོད། ཁྱེད་ཀྱིས་སྐར་མའི་བཀོད་རིས་འགར་དམིགས་བསལ་གྱི་མིང་བཏགས་པ་ལ་བརྟེན་ནས་བྱུང་བའི་ཁྱིམ་བཅུ་གཉིས་ཀྱི་རྟགས་(Zodiac signs)སྐོར་ཡང་གོ་ཐོས་བྱུང་ཡོད་ཤག་རེད། ཧིནྡིའི་སྐད་ཀྱི་རཱ་ཤི་(Rashi)ཞེས་པ་དེ་ཁྱིམ་བཅུ་གཉིས་ཀྱི་བྱེ་བྲག་ཅིག་ལ་འཇུག་ཅིང༌། ཁྱིམ་བཅུ་གཉིས་ཀྱི་རྟགས་སྐོར་ཁྱེད་ཀྱིས་འཛིན་རིམ་གོང་མའི་སྐབས་སུ་ཤེས་ཐུབ།


ཁྱེད་ཀྱིས་ཟླ་བ་ནི་སའི་གོ་ལར་འཁོར་བགྲོད་བྱེད་པའི་རང་བྱུང་འཁོར་སྐར་(Natural satellite)ཞིག་ཡིན་པ་མཁྱེན་གསལ་རེད། དེང་སྐབས་བཅོས་མའི་འཁོར་སྐར་(Artificial satellite) མང་པོ་ཞིག་ཀྱང་སའི་གོ་ལར་འཁོར་བགྲོད་བྱེད་ཅིང༌། དེ་དག་ལ་སྤྱོད་སྒོ་མང་པོ་ཡོད་པ་དཔེར་ན། བརྙན་འཕྲིན་བརྒྱུད་གཏོང་དང༌། འཛམ་གླིང་ས་ཕྱོགས་གང་སར་ཁ་པར་དང་དྲྭ་རྒྱ་བརྒྱུད་ཆ་འཕྲིན་གཏོང་ཐུབ་པ་འདི་དག་བཅོས་མའི་འཁོར་སྐར་ལ་བརྟེན་ནས་བྱུང་བ་རེད། སློབ་ཚན་འདི་ལས་ཁྱེད་ཀྱིས་དེ་ཚོའི་སྐོར་གྱི་གཞི་རྩའི་ཤེས་བྱ་འགའ་ཞིག་ཤེས་ཐུབ།


༡་༡ མཚན་མོའི་ནམ་མཁའ།
ཁྱེད་ཀྱིས་མཁྱེན་གསལ་བཞིན། ཉིན་མོ་ང་ཚོས་ནམ་མཁའ་རུ་མཐོང་ཐུབ་པ་ནི་ཉི་མ་གཅིག་པུ་ཡིན་ཡང༌། ཉི་མ་ནུབ་སྟེ་ས་རུབ་འཕྲལ་ནམ་མཁར་འོད་མདངས་ཆེམ་ཆེམ་གྱི་སྐར་མ་སྟོང་ཕྲག་མང་པོས་གང་ངེས་རེད། སྐར་མ་ཚོའི་ཁྱད་ཆོས་ཤིག་ནི་སའི་གོ་ལའི་ཐོག་ནས་བལྟ་སྐབས་འོད་ཆེམ་ཆེམ་བྱེད་པ་དེ་ཡིན། (དཔེ་རིས་ ༡་༡) ནམ་མཁའ་གཡའ་དག་དུས་དང༌། ལྷག་པར་ཆར་པ་བབས་རྗེས་ཁྱེད་ཀྱི་ཆུ་བུར་མིག་གིས་སྐར་མ་ ༣༠༠༠ སྐོར་མཐོང་ཐུབ་ཅིང༌། དེ་བས་མང་བའི་སྐར་མ་མང་པོ་ཞིག་རྒྱང་ཤེལ་ལེགས་གྲས་ལ་བརྟེན་ན་མཐོང་ཐུབ།


ཟླ་བ་ནི་མཚན་མོ་ང་ཚོས་མངོན་གསལ་དོད་པོར་མཐོང་ཐུབ་པའི་དངོས་པོ་ཞིག་ཡིན། དེ་བཞིན་ཁྱེད་ཀྱིས་སྐར་མ་འདྲ་ཡང་འོད་མདངས་མི་འཚེར་བའི་དངོས་པོ་གཞན་ཡང་མཐོང་ཐུབ་ཅིང༌། དེ་དག་ནི་ང་ཚོའི་སའི་གོ་ལ་དང་འདྲ་བར་ཉི་མར་འཁོར་བགྲོད་བྱེད་པའི་རྒྱུ་སྐར་ཡིན། ཁྱེད་ཀྱིས་མཚན་མོ་ནམ་མཁར་རྒྱུན་རིང་བལྟས་ན། སྐར་མདའ་(Shooting star)ཁ་ཤས་ཀྱང་མཐོང་སྲིད། དེ་ཡང་ཁྱེད་ཀྱིས་སྐར་མ་ཞིག་གི་རྒྱབ་ངོས་ནས་བཀྲ་ཐིག་(འཁྱུག་འོད་Streak)ཡུན་ཐུང་རིང་འཕྲོ་བ་མཐོང་ཚེ། ཁྱེད་ཀྱིས་སྐར་མདའ་མཐོང་བ་ཡིན་སྲིད། ཁྱེད་ཀྱིས་རྒྱུ་སྐར་དང་སྐར་མདའི་སྐོར་ཚན་པ་རྗེས་མའི་ནང་ནས་ཤེས་ཐུབ། སྐར་མ་དང༌། ཉི་མ། ཟླ་བ། རྒྱུ་སྐར། སྐར་མདའ་རྣམས་ནི་ང་ཚོའི་འཇིག་རྟེན་གྱི་ཆ་ཤས་ཡིན་པའི་མཁའ་དབྱིངས་ཀྱི་ཕུང་པོ་(Celestial bodies)རེད། ང་ཚོས་དེ་དག་རེ་རེའི་སྐོར་སྦྱོང་བར་བྱའོ།།


སྐར་མ།
སྐར་མ་ནི་འོད་དང་ཚ་དྲོད་བར་མ་ཆད་པར་འཕྲོ་བའི་མཁའ་དབྱིངས་ཀྱི་ཕུང་པོ་ཞིག་ཡིན། དེར་བརྟེན་ཉི་མ་ཡང་སྐར་མ་ཞིག་ཡིན་ཞིང༌། དེ་ཉིད་སའི་གོ་ལ་དང་ཉེ་བའི་ཆ་ནས་སྐར་མ་གཞན་དང་བསྡུར་ན་ཆེན་པོར་སྣང་གི་ཡོད། སྐར་མ་གཞན་རྣམས་ང་ཚོ་དང་རྒྱང་ཐག་རིང་བའི་དབང་གིས་དེ་ཚོའི་ཁྲོད་ཀྱི་མང་པོ་ཞིག་ཉི་མ་ལས་ཆེ་བ་ཡོད་ཀྱང་ང་ཚོར་ཁབ་རྩེ་ཙམ་ལས་མངོན་གྱི་མེད། ཁ་ཤས་ཀྱིས་མཚན་ལ་མ་གཏོགས་སྐར་མ་ནམ་མཁར་ཤར་གྱི་མེད་པར་བསམས་སྲིད་ཀྱང་དེ་ལྟར་མ་ཡིན་པར། ཉིན་མོ་སྐར་མ་མཐོང་མ་ཐུབ་པ་ནི་ཉི་མའི་བཀྲག་མདངས་ཆེ་བས་རེད།


སྐར་མ་ཕལ་མོ་ཆེ་ཧ་ཅང་རྒྱང་རིང་དུ་གནས་ཡོད་སྟབས། ཐ་ན་དེ་ཚོའི་འོད་སའི་གོ་ལར་སླེབས་པར་ཡང་ལོ་ངོ་ས་ཡ་མང་པོ་འགོར་གྱི་ཡོད། དེར་བརྟེན་སྐར་མའི་བར་ཐག་ནི་འོད་ལོ་(light year)ཡི་ལམ་ནས་འཇལ་དགོས་ཀྱི་ཡོད། དེ་ཡང་འོད་ལོ་གཅིག་ནི་འོད་ཀྱིས་སྐར་ཆ་གཅིག་ལ་ཀི་ལོ་མི་ཊར་འབུམ་གསུམ་(༣༠༠ ༠༠༠)ཙམ་འགྲོ་ཐུབ་པའི་མགྱོགས་ཚད་ཀྱི་ཐོག་ནས་ལོ་གཅིག་རིང་བགྲོད་པའི་བར་ཐག་ལ་ཟེར། འོད་ལོ་ནི་བར་ཐག་གི་ཚད་གཞི་སྟེ། དེ་ནི་ཀི་ལོ་མི་ཊར་ ༣༠༠ ༠༠ X ༣༦༥ X ༢༤X ༦༠X ༦༠X ཆ་མཉམ་ཡིན་ཞིང༌། དེ་ཡང་ཀི་ལོ་མི་ཊར་ ༩ ༤༦༠ ༠༠༠ ༠༠༠ ༠༠༠ ཡང་ན་ཀི་ལོ་མི་ཊར་ 9.46 X 1012 དང་མཚུངས་སོ།། སའི་གོ་ལ་དང་ཉི་མའི་བར་གྱི་བར་ཐག་རོབ་རྩིས་ནི་ཀི་ལོ་མི་ཊར་དུང་ཕྱུར་གཅིག་དང་ཕྱེད་ཀ་ (༡༥༠ ༠༠༠ ༠༠༠) ཡིན་པས། ཉི་མ་ནས་སའི་གོ་ལར་འོད་འཕྲོ་བར་སྐར་མ་ ༨ དང་སྐར་ཆ་ ༢༠ ཙམ་འགོར་གྱི་ཡོད། ཚིག་གཞན་གྱིས་བཤད་ན། ཉི་མ་དང་སའི་གོ་ལའི་དབར་གྱི་བར་ཐག་ནི་འོད་སྐར་(Light minutes) ༨་༣ མ་ཟིན་ཙམ་རེད། ཉི་མའི་རྗེས་སུ་སའི་གོ་ལ་དང་ཐག་ཉེ་ཤོས་ཀྱི་སྐར་མ་ནི་ཨལ་ཕ་ སན་ཆུ་རི་(Alpha Centuari)ཡིན་ཞིང་འོད་ལོ་ ༤་༣ ཙམ་གྱི་རྒྱང་ཐག་ཏུ་ཡོད།


ཉི་མ་ཚུད་པའི་སྐར་མ་ཚང་མས་བར་སྣང་གི་ཕུང་པོ་ཁ་ཤས་སམ། དེ་ལྟའི་ཕུང་ཚོགས་(Group of body)ལ་མྱུར་ཚད་མཐོ་པོས་བསྐོར་བགྲོད་བྱེད་ཀྱི་ཡོད། འོན་ཀྱང་སའི་གོ་ལ་ནས་བལྟ་སྐབས་སྐར་མ་གང་རུང་གཉིས་དབར་གྱི་བར་ཐག་ནི་དེ་ཚོའི་མྱུར་ཚད་མཐོ་པོ་ལྟར་འགྱུར་ལྡོག་འགྲོ་བ་མཐོང་གི་མེད། དེ་ནི་སྐར་མ་རྣམས་ང་ཚོ་དང་བར་ཐག་ཆེས་རིང་བར་བརྟེན་དེ་ཚོའི་བར་ཐག་གི་འགྱུར་བ་དེ་ལོ་ངོ་ཁ་ཤས་སམ་ཐ་ན་མི་ཚེའི་རིང་ལའང་ང་ཚོའི་མཐོང་ཆོས་སུ་གྱུར་གྱི་མེད།
དཔེ་རིས་ ༡་༢ སྐར་མ་བརྟན་པ་ནི་སའི་གོ་ལ་འཁོར་བགྲོད་ཀྱི་རྟོག་བཏགས་སྲོག་ཤིང་གི་ཉེ་འགྲམ་དུ་ཡོད་པ།
སྐར་མ་ནི་ཤར་ནས་ནུབ་ཏུ་བགྲོད་པ་ལྟ་བུར་སྣང་ཞིང༌། འདི་ནི་སའི་གོ་ལས་རྟོག་བཏགས་ཀྱི་སྲོག་ཤིང་(Imaginary axis)ཞིག་ལྟེ་བར་བཟུང་སྟེ་ནུབ་ནས་ཤར་ཏུ་འཁོར་བགྲོད་བྱེད་པས་ཡིན། ཡིན་ནའང་སྐར་མ་གཅིག་འགུལ་བསྐྱོད་བྱེད་ཀྱི་མེད་པ་ལྟ་བུར་སྣང་གི་ཡོད། སྐར་མ་དེ་ནི་བྱང་ངོས་སུ་ཡོད་ཅིང་མིང་ལ་སྐར་མ་བརྟན་པ་(Pole Star)ཟེར། སྐར་མ་བརྟན་པ་ནི་གནའ་བོའི་དུས་སུ་འགྲུལ་པ་ཚོར་ཆ་རྒྱུས་ཟབ་མོ་ཡོད་པའི་མཚན་མོ་ཕྱོགས་མཚམས་སྟོན་བྱེད་ཀྱི་སྐར་མ་ཞིག་རེད།

སྐར་སྡེ། (Constellations)
སའི་གོ་ལ་ནས་བལྟ་སྐབས། སྐར་མའི་ཚོགས་ཀྱིས་བཀོད་རིས་ཀྱི་རིགས་ཤིག་གྲུབ་པ་ཐེངས་མང་མཐོང་དུ་ཡོད་ཅིང༌། ང་ཚོའི་མེས་པོ་ཚོས་སྐར་ཚོགས་མང་པོས་གྲུབ་པའི་བཀོད་རིས་དེ་དག་རང་གིས་ཆ་རྒྱུས་ཡོད་པའི་བྱ་དངོས་དང་སྦྱར་ཏེ་དམིགས་བཀར་གྱི་མིང་བཏགས་ཡོད། དེ་འདྲའི་སྐར་མའི་ཚོགས་ལ་སྐར་སྡེ་(སྐར་ཚོམ་)ཞེས་གྲགས་སོ།། ཁྱེད་ཀྱིས་ཐ་ན་ཆུ་བུར་མིག་གིས་ཀྱང་དེ་འདྲའི་སྐར་སྡེ་ཁག་ཅིག་ལས་སླ་པོར་ངོས་འཛིན་བྱེད་ཐུབ་མོད། འོན་ཀྱང་སྐར་སྡེ་བྱེ་བྲག་པ་དེ་ཉིད་གཟུགས་དབྱིབས་ཅི་འདྲ་ཞིག་ཡིན་པ་དང༌། མཚན་མོ་ནམ་མཁའི་ཕྱོགས་གང་ནས་མཐོང་ཐུབ་མིན་ཤེས་རྟོགས་ཡོད་དགོས། བྱང་སྐར་དོམ་ཆེན་(Ursa Major or Vrihat Saptarshi )དང༌། བྱང་སྐར་དོམ་ཆུང་(Ursa Minor or Laghu Saptarshi) སྐར་མ་སྨིན་དྲུག་(Orion or Mriga)བཅས་ནི་ངོས་བཟུང་སླ་བའི་སྐར་སྡེ་འགའ་ཞིག་རེད།


བྱང་སྐར་དོམ་ཆེན་གྱི་སྐར་སྡེའི་ཆ་ཤས་ཤིག་འགྲུབ་བྱེད་ཀྱི་སྐར་ཚོགས་གཙོ་བོའི་ཚོགས་དེ་ལ་བྱང་སྐར་སྤུན་བདུན་དུ་(Big Dipper) གྲགས་ཤིང༌། བྱང་སྐར་སྤུན་བདུན་ནི་སྐར་མ་མང་པོ་ལས་གྲུབ་ཀྱང་དེའི་ཁོངས་ཀྱི་སྐར་མ་བདུན་ནི་ལྟོས་འཇོག་གི་ཆ་ནས་བཀྲག་མདངས་ཆེ་ཞིང་ངོས་འཛིན་བདེ་བ་ཡིན། བྱང་སྐར་སྤུན་བདུན་གྱི་དབྱིབས་ནི་ཆུ་སྐྱོགས་ཆེན་པོ་ཞིག་གམ་དྲི་རྟགས་ལྟ་བུར་མངོན་པ་སྟེ། (དཔེ་རིས་ ༡།༣)


དཔེ་རིས་ ༡་༣ བྱང་སྐར་དོམ་ཆེན་དང་དོམ་ཆུང་གི་ལྟོས་བཅས་གནས་སྟངས།

ཆུ་སྐྱོགས་ཀྱི་སྟེང་ངོས་སྐར་མ་གཉིས་དེ་ནས་བརྩིས་པའི་དྲང་ཐིག་གིས་ཏག་ཏག་སྐར་མ་བརྟན་པ་སྟོན་པའི་དབང་གིས་སྐར་མ་དེ་གཉིས་ལ་སྟོན་བྱེད་(Pointer)ཟེར། ཡིན་ནའང་ཨུར་ས་མ་ཇོར་(Ursa Major)རམ་བྱང་སྐར་དོམ་ཆེན་དུ་གྲགས་པའི་སྐར་སྡེའི་ཁོངས་ཀྱི་སྐར་མ་ཚང་མར་བརྟག་ཞིབ་བྱེད་དཀའ་བ་ཡིན། བྱང་སྐར་དོམ་ཆུང་རམ་སྐར་མ་སྨིན་བདུན་(Small Dipper)དུ་གྲགས་པའི་སྐར་སྡེ་དེའི་ཁོངས་སུའང་གཙོ་སྐར་བདུན་ཡོད་(དཔེ་རིས་ ༡།༤)ཅིང༌། སྐར་མ་བརྟན་པས་དེའི་ལག་འཇུ་ལྟ་བུ་དེ་གྲུབ་ཡོད། ང་ཚོ་གནས་ཡུལ་རྒྱ་གར་ནས་སྐར་སྡེ་འདི་དག་དཔྱིད་དུས་སུ་མཐོང་ཐུབ།


སྨིན་དྲུག་ནི་དགུན་དུས་མཐོང་ཐུབ་པའི་སྐར་སྡེ་ཞིག་ཡིན་ཞིང༌། སྐར་སྡེ་དེ་ནི་ནམ་མཁའི་སྐར་ཚོགས་ཁྲོད་ཀྱི་ཡིད་དབང་འཕྲོག་ཤོས་ཤིག་ཡིན། སྐར་སྡེ་དེར་ཡང་བཀྲག་མདངས་ཆེ་བའི་སྐར་མ་བདུན་ཡོད་ཅིང༌། དེ་ལས་བཞི་གྲུ་བཞིའི་རྣམ་པར་གནས་ཤིང༌། བྷེ་ཊལ་གྷའུ་སེ་ (Betelgeuse)ཞེས་པའི་སྐར་མ་བཀྲག་མདངས་ཆེ་ཤོས་དེ་དབྱིབས་གྲུ་བཞི་དེའི་ཟུར་གཅིག་ལ་ཡོད་པ་དང༌། རི་གལ་(Rigel)ཟེར་བའི་སྐར་མ་བཀྲག་མདངས་ཅན་གཞན་དེ་ཡང་དེའི་ལྡོག་ཕྱོགས་ཀྱི་གྲུ་ཟུར་དུ་གནས་ཡོད། སྐར་སྡེ་སྨིན་དྲུག་གི་གཙོ་སྐར་གཞན་གསུམ་ནི་དབྱིབས་གྲུ་བཞི་དེ་གའི་དབུས་སུ་དྲང་ཐད་དུ་གནས་ཡོད། (དཔེ་རིས་ ༡་༤ ལ་གཟིགས།) མཚན་དགུང་སྐར་སྡེ་འདི་ཚོ་གར་ཡོད་བརྟག་ཐུབ་པ་བྱོས།
 དཔེ་རིས་ ༡་༤ སྐར་སྡེ་སྨིན་དྲུག་གི་སྐར་མའི་ལྟོས་བཅས་གནས་སྟངས།

ཟླ་བ།
      ཟླ་བ་ནི་ཉི་མ་ཕུད་བར་སྣང་གི་ཕུང་པོ་ཡོད་དོ་ཅོག་གི་ནང་ནས་བཀྲག་མདངས་ཆེ་ཤོས་དེ་ཡིན། ཟླ་བ་ཉ་གང་བའི་སྐབས་སུ་ང་ཚོས་ཟླ་བའི་ངོས་ཧྲིལ་པོ་མཐོང་ཐུབ་ཅིང༌། དེ་རྗེས་བཀྲག་མདངས་ཆེ་བའི་ཟླ་བའི་ཆ་དེ་ཉིན་རེ་བཞིན་རིམ་པས་བྲི་ནས་ཉིན་བཅོ་ལྔ་པར་ཟླ་བ་མཐོང་དུ་མེད་ཅིང་དེ་ལ་གནམ་གང་ངམ་གནམ་སྟོང་དུ་གྲགས། དེའི་ཕྱི་ཉིན་ཟོར་དབྱིབས་ཀྱི་ཟླ་བ་མཁའ་ལ་ཤར་ཞིང༌། དེ་ནས་བཀྲག་མདངས་ཆེ་བའི་ཆ་དེ་ཉིན་རེ་བཞིན་རིམ་གྱིས་འཕེལ་ནས་མཐར་ཉིན་བཅོ་ལྔ་པར་ང་ཚོས་ཡང་བསྐྱར་ཟླ་བ་ཡོངས་སུ་ཉ་གང་བ་མཐོང་ཐུབ། འདི་ལ་ཟླ་བའི་འཕེལ་འགྲིབ་(Phases of moon)ཟེར། (དཔེ་རིས་ ༡་༥) ཁྱེད་ཀྱིས་ཟླ་བར་འཕེལ་འགྲིབ་འབྱུང་དོན་གང་ཡིན་བསམ་གཞིགས་བྱས་མྱོང་ངམ།


ཁྱེད་ཀྱིས་ཟླ་བས་ཉི་མ་དང་སྐར་མ་ལྟར་འོད་མི་སྤྲོ་བ་མཁྱེན་གསལ་རེད། ང་ཚོས་ཟླ་བ་མཐོང་དོན་ནི་ཉི་མའི་འོད་ཟླ་བར་ཕོག་སྟེ་དེའི་ལྡོག་འོད་ང་ཚོའི་ཕྱོགས་སུ་འཕྲོ་བས་རེད། དེར་བརྟེན། ཉི་འོད་ཀྱིས་གསལ་བར་བྱས་ཤིང་ང་ཚོའི་ཕྱོགས་སུ་ཁ་གཏད་པའི་ཟླ་བའི་ཆ་ཤས་ཁོ་ན་ང་ཚོས་མཐོང་གི་ཡོད། ཁྱེད་ཀྱིས་མཁྱེན་གསལ་ལྟར། ཟླ་བས་སའི་གོ་ལར་སྐོར་བ་བྱེད་པར་མ་ཟད། སའི་གོ་ལ་དང་མཉམ་དུ་ཉི་མར་ཡང་འཁོར་བགྲོད་བྱེད་པ་ཡིན། དེའི་འབྲས་བུར་སའི་གོ་ལ་དང་ཟླ་བའི་ལྟོས་བཅས་ཀྱི་གནས་སྟངས་ཉིན་བཞིན་འགྱུར་ལྡོག་འགྲོ་ཡི་ཡོད། དཔེ་རིས་ ༡་༦ གིས་ཟླ་བས་སའི་གོ་ལར་རང་གི་འཁོར་ལམ་བརྒྱུད་འཁོར་བགྲོད་བྱེད་སྐབས་ཀྱི་གནས་སྟངས་མི་འདྲ་བ་ཁག་སྟོན་གྱི་ཡོད། ཟླ་བ་ཉ་གང་བའི་སྐབས་སུ་སའི་གོ་ལ་ཉི་མ་དང་ཟླ་བའི་དབར་དུ་འཁེལ་བར་བརྟེན། ང་ཚོར་ཟླ་བའི་དཀྱིལ་འཁོར་གྱི་ཆ་ཡོངས་སུ་རྫོགས་པར་སྣང་བ་ཡིན།
དཔེ་རིས་ ༡་༥ ཟླ་བའི་འཕེལ་འགྲིབ་ཀྱི་རིམ་པ་མི་འདྲ་བ་ཁག
གནམ་སྟོང་གི་ཉིན་ཉི་ཟླ་ཁ་སྦྱོར་དུ་གྱུར་ཏེ་ཟླ་བའི་ཕར་ཕྱོགས་སུ་ཉི་འོད་འཕྲོས་ཤིང་ཚུར་ངོས་སུ་གྲིབ་མ་བབས་པས་ང་ཚོར་ཟླ་བ་མི་སྣང་ངོ༌།། ཟླ་བའི་ཕྱེད་གཅིག་ཙམ་ནི་རྟག་ཏུ་ཉི་འོད་ཀྱིས་གསལ་བར་བྱེད་ཀྱང༌། སའི་གོ་ལ་ནས་བལྟས་ན། གནམ་གང་རྗེས་ཀྱི་ཉིན་དེར་ཉི་མས་གསལ་བར་བྱས་པའི་ཆ་དེ་ལས་ཟོར་དབྱིབས་ཙམ་ཞིག་ལས་མི་སྣང་ཞིང༌། སའི་གོ་ལ་ནས་མཐོང་བའི་ཉི་མས་གསལ་བར་བྱས་པའི་ཆ་དེ་ཉིད་རིམ་གྱིས་ཟླ་བའི་ངོས་གཅིག་ཆ་ཚང་སྣང་བའི་བར་དུ་འཕེལ་གྱི་ཡོད།
 
དཔེ་རིས་ ༡་༦ ཀ༽ ཟླ་བས་སའི་གོ་ལར་རང་གི་འཁོར་ལམ་བརྒྱུད་འཁོར་བགྲོད་བྱེད་སྐབས་ཀྱི་གནས་སྟངས་མི་འདྲ་བ་ཁག


ཟླ་བས་ཉིན་ ༢༧་༣ ནང་སའི་གོ་ལར་གཞན་བསྐོར་གཅིག་རྫོགས་པར་བྱེད་ཅིང༌། དེ་དང་དུས་མཚུངས་སའི་གོ་ལས་རང་གི་འཁོར་ལམ་ནང་མདུན་བགྲོད་བྱེད་པར་བརྟེན། སའི་གོ་ལ་ནས་བལྟས་ན། གནམ་གང་ནས་རྗེས་མའི་གནམ་གང་དབར་ཏེ། གཞན་འཁོར་གཅིག་རྫོགས་པར་ཉིན་ ༢༩ དང་ཕྱེད་འགོར་བར་སྣང་གི་ཡོད། ཚེས་ཟླའི་ལེ་ཐོ་( Lunar calander)ནི་འདི་ཉིད་རྨང་གཞིར་བྱས་ཏེ་བསྒྲིགས་པ་རེད། ཁྱེད་ཀྱིས་འཛིན་རིམ་སྔ་མའི་ནང་ཟླ་བ་ཉ་གང་བའི་སྐབས་འགར་ཟླ་འཛིན་ཡོང་སྲིད་པའི་སྐོར་སྦྱངས་ཟིན་པ་རེད།


༡་༢ རྒྱུ་སྐར།
མཚན་མོའི་ནམ་མཁར་སྐར་མ་དང་འདྲ་བའི་འོད་མདངས་བཀྲ་བའི་དངོས་པོ་འགའ་ཞིག་མཐོང་དུ་ཡོད་ཅིང༌། དེ་དག་ལས་འགའ་ཞིག་ནི་སྐར་མ་གཞན་ལས་བཀྲག་མདངས་དང་བོངས་ཚད་ཆེ་བ་ཡོད། གལ་ཏེ་ཁྱེད་ཀྱིས་ཞིབ་པར་བལྟས་ན། དེ་དག་སྐར་མ་ལྟར་འོད་ཆེམ་ཆེམ་མི་བྱེད་པ་མཐོང་ཐུབ། དེ་ཚོའི་གནས་ཡུལ་སྐར་མ་དང་ལྟོས་འཇོག་གི་ཆ་ནས་འཕོ་འགྱུར་འགྲོ་བར་ང་ཚོའི་མེས་པོ་ཚོས་དོ་སྣང་བྱུང་སྟེ་དེ་དག་ལ་རྒྱུ་སྐར་ (Planets) ཞེས་བཏགས་ཤིང༌། དེའི་དོན་ནི་གནས་གཅིག་ནས་གཞན་དུ་རྒྱུ་བའི་སྐར་མ་ཟེར་བ་རེད། ཧིན་དིའི་སྐད་དུ་རྒྱུ་སྐར་ལ་གརྷཱ་ (Grah) ཟེར། རྒྱུ་སྐར་ནི་ཉི་མར་འཁོར་འགྲོས་བྱེད་པའི་བར་སྣང་གི་ཕུང་པོ་ཡིན་ཞིང༌། དེ་དག་ལས་ཉི་མ་དང་སྐར་མ་ལས་འོད་འཕྲོ་བ་ལྟར་མི་འཕྲོ། དེ་དག་ང་ཚོར་སྐར་མ་ལྟར་བཀྲག་མདངས་ཅན་དུ་མངོན་དོན་ནི། རང་སྟེང་དུ་ཕོག་པའི་ཉི་འོད་ལྡོག་འཕྲོ་བྱེད་པས་ཡིན། རྒྱུ་སྐར་ལས་སྐར་མ་ལྟར་འོད་ཆེམ་ཆེམ་བྱེད་པ་མངོན་དུ་མེད་ཅིང༌། ཁྱེད་ཀྱིས་འཛིན་རིམ་གོང་མ་ཁག་གི་ནང་འོད་ཀྱི་དཀྱོག་འཕྲོའི་(Refraction of light)སྐོར་སྦྱོང་སྐབས། གཟའ་སྐར་ལས་འོད་ཆེམ་ཆེམ་མི་བྱེད་དོན་ཅི་ཡིན་ཤེས་ངེས་ཡིན།


རྒྱུ་སྐར་འགའ་ཞིག་གི་སྐོར་གནའ་སྔ་མོ་ནས་ཤེས་རྟོགས་བྱུང་སྟེ། སྐབས་དེའི་སྐར་དཔྱད་པ་ཚོས་རྒྱུ་སྐར་དེ་ཚོར་ལྷག་པ་(Mercury) དང༌། པ་སངས།(Venus) སའི་གོ་ལ།(Earth) མིག་དམར།(Mars) ཕུར་བུ།(Jupiter) སྤེན་པ་(Saturn)ཞེས་བཏགས་ཡོད། རྒྱུ་སྐར་འདི་དག་ཆུ་བུར་མིག་གིས་མཐོང་ཐུབ་པའི་ཆ་ནས་ཁོང་ཚོས་ངོས་འཛིན་ཐུབ་ཅིང༌། དེ་མིན་གྱི་རྒྱུ་སྐར་གསུམ་ནི་མཚན་མོ་མཁའ་ལ་བརྟག་བྱེད་ཀྱི་རྒྱང་ཤེལ་བྱུང་ནས་མ་གཏོགས་གསར་རྙེད་ཐུབ་མེད། རྒྱུ་སྐར་གསུམ་དེ་ནི་གནམ་རྒྱལ་(Uranus)དང༌། མཚོ་རྒྱལ།(Neptune) གཤིན་རྒྱལ་(Pluto)བཅས་རེད། རྒྱུ་སྐར་དགུ་པོ་འདི་དག་ཚང་མས་འཁོར་ལམ་(Orbit)དུ་འབོད་པའི་རང་གི་རྒྱུ་ལམ་ངེས་གཏན་བརྒྱུད་ཉི་མར་འཁོར་འགྲོས་བྱེད་ཀྱི་ཡོད།
དཔེ་རིས་ ༡།༦ ཁ༽ རྒྱུ་སྐར་ལྷག་པ་དང་པ་སངས། སའི་གོ་ལ། མིག་དམར་བཅས་ཀྱི་ཆེ་ཆུང་གནས་སྟངས་རགས་པ།

རྒྱུ་སྐར་འགའ་ཞིག་ལ་འཁོར་སྐར་ཡོད་ཅིང༌། འཁོར་སྐར་ནི་མཁའ་དབྱིངས་ཀྱི་ཕུང་པོ་གཞན་ཞིག་ལ་བསྐོར་བ་བྱེད་པའི་མཁའ་དབྱིངས་ཀྱི་ཕུང་པོ་ཞིག་ཡིན། སའི་གོ་ལར་རང་བྱུང་འཁོར་སྐར་གཅིག་ཁོ་ན་ཡོད་ཅིང༌། རྒྱུ་སྐར་ཕུར་བུ་དང༌། སྤེན་པ། མཚོ་རྒྱལ་ལ་འཁོར་སྐར་རམ་ཟླ་བ་གཅིག་ལས་མང་བ་ཡོད། ང་ཚོས་རྒྱུ་སྐར་ཁག་གི་སྐོར་མང་ཙམ་སྦྱོང་བར་བྱ།།


རྒྱུ་སྐར་ལྷག་པ། (Mercury)


ཉི་མ་དང་ཐག་ཉེ་ཤོས་ཀྱི་རྒྱུ་སྐར་དེར་རྒྱུ་སྐར་ལྷག་པ་ཟེར། དེའི་བོངས་ཚད་ཧ་ལམ་ཟླ་བ་དང་མཚུངས་པས་སའི་གོ་ལ་དང་བསྡུར་ན་ཧ་ཅང་གིས་ཆུང་བ་ཡོད། རྒྱུ་སྐར་ལྷག་པ་ཉི་མ་དང་ཧ་ཅང་ཐག་ཉེ་བར་བརྟེན་དུས་མང་ཆེ་བར་ཉི་མའི་བཀྲག་མདངས་ཀྱིས་སྒྲིབ་ཀྱིན་ཡོད་ཀྱང་སྐབས་རེར་ཉི་མ་འཆར་ཁ་དང༌། ཉི་མ་ནུབ་རྗེས་དེ་མ་ཐག་ཏུ་རྒྱུ་སྐར་ལྷག་པ་བཀྲག་མདངས་ཅན་ཞིག་མངོན་པས་ན། ཐོ་རངས་སྐར་མའམ་དགོང་དྲོའི་སྐར་མ་ཞེས་ཀྱང་གྲགས། རྒྱུ་སྐར་ལྷག་པ་ཞོགས་པའི་སྐར་མའི་ཚུལ་དུ་འཆར་ཅན་ཕྱི་ཟླ་དགུ་པ་དང་བཅུ་པའི་ནང་ཉི་མ་འཆར་ཁར་ཤར་ངོས་ཀྱི་མཁའ་ནས་མཐོང་ཐུབ་ཅིང༌། དགོང་དྲོའི་སྐར་མའི་ཚུལ་དུ་ཕྱི་ཟླ་གསུམ་པ་དང་བཞི་པའི་ནང་ཉི་མ་བཞུད་མ་ཐག་ནུབ་ངོས་ཀྱི་ནམ་མཁའ་ནས་མཐོང་ཐུབ། རྒྱུ་སྐར་ལྷག་པ་ནི་བརྟན་སྐར་མིན་ཡང་དེའི་བཀྲག་མདངས་ཀྱི་དབང་གིས་དགོང་དྲོའམ་ཐོ་རངས་སྐར་མ་ཞེས་གྲགས། ལྷག་པའི་ཁྱད་ཆོས་མང་པོ་ཞིག་དང་ཟླ་བའི་ཁྱད་ཆོས་འདྲ་སྟེ། གཉིས་ཀའི་ཆེ་ཆུང་དང་གདོས་ཚད་(Mass )ཧ་ལམ་གཅིག་མཚུངས་ཡིན་པར་མ་ཟད། ཟླ་བ་དང་ལྷག་པ་གཉིས་ཀར་རླུང་ཁམས་མེད་ཅིང་ཕྱི་ངོས་རྡོ་དང་རི་བོས་གྲུབ་ཡོད།།


པ་སངས། (Venus)
རྒྱུ་སྐར་པ་སངས་ནི་ཉི་མ་ནས་བརྩིས་ན་བར་ཐག་ཨང་གཉིས་པར་ཡོད་པ་དེ་རེད། དེ་ནི་མི་རྒན་གྲས་ཚོས་རྒྱུན་དུ་ཞོགས་པའམ་དགོང་དྲོའི་སྐར་མ་ཞེས་འབོད་པའི་རྒྱུ་སྐར་ཞིག་ཡིན་ལ། ཁོང་ཚོས་ངོས་འཛིན་བྱེད་བདེ་ཤོས་ཀྱི་མཁའ་དབྱིངས་ཀྱི་ཕུང་པོ་ཞིག་ཀྱང་རེད། པ་སངས་ནི་སྐབས་རེ་ནུབ་ཀྱི་གནམ་སའི་སྦྲེལ་མཚམས་ཀྱི་ཐོད་དེར་སྲོད་སྐར་གྱི་ཚུལ་དུ་འཆར་བར་མ་ཟད། ཤར་ཕྱོགས་ཀྱི་ནམ་མཁར་ཡང་ཞོགས་སྐར་གྱི་ཚུལ་དུ་འཆར་བ་ཡིན། འོན་ཀྱང་དེ་ཉིད་ས་གོ་ལ་ལས་ཉི་མར་ཐག་ཉེ་བའི་དབང་གིས་ལོ་ཧྲིལ་པོར་མཐོང་ཐུབ་པ་མིན། པ་སངས་ནི་ཉི་མ་ནས་བརྩིས་པའི་རྒྱུ་སྐར་ཨང་གཉིས་པ་སྟེ། ལྷག་པའི་རྗེས་སུ་ཡོད་པར་མ་ལྟོས་པར། ང་ཚོས་མཚན་མོ་མཐོང་ཐུབ་པའི་ཟླ་བ་དང་སྐར་མ། རྒྱུ་སྐར་གཞན་ཚུད་པའི་མཁའ་དབྱིངས་ཀྱི་ཕུང་པོ་ཚང་མ་ལས་བཀྲག་མདངས་ཆེས་ཆེ་ཤོས་སུ་མངོན། པ་སངས་ཀྱི་བཀྲག་མདངས་ནི་སྤྲིན་འཚུབ་ཀྱི་རླུང་ཁམས་ལ་བརྟེན་ནས་བྱུང་བ་སྟེ། རླུང་ཁམས་དེས་ཧ་ལམ་རང་སྟེང་དུ་ཕོག་པའི་ཉི་འོད་ཀྱི་བཞི་ཆ་གསུམ་ལྡོག་འཕྲོ་བྱེད་ཐུབ་པ་ཡིན། པ་སངས་དང་སའི་གོ་ལ་གཉིས་ཆེ་ཆུང་ཧ་ལམ་གཅིག་པ་ཡིན་ནའང་པ་སངས་ཀྱི་གདོས་ཚད་སའི་གོ་ལ་ལས་ལྡབ་ 4/5 ཙམ་གྱིས་ལྕི་བ་ཡོད། པ་སངས་ལ་རང་གི་འཁོར་སྐར་རམ་ཟླ་བ་མེད།།


སའི་གོ་ལ། (Earth)
ཉི་མ་དང་བར་ཐག་རིང་ཐུང་གཞིར་བཟུང་བརྩིས་ན་སའི་གོ་ལ་ནི་རྒྱུ་སྐར་ཨང་གསུམ་པ་དེ་ཡིན། ཁྱེད་ཚོར་འདིའི་དབྱིབས་དང་ཆེ་ཆུང༌། སྒྲོམ་གཞི། རླུང་ཁམས་བཅས་པའི་སྐོར་ལ་ཆ་རྒྱུས་ཡོད་པ་རེད། དེ་ལ་རང་བྱུང་འཁོར་སྐར་གཅིག་སྟེ་ཟླ་བ་ཡོད། སའི་གོ་ལ་ནི་ད་ཕན་ཤེས་རྟོགས་བྱུང་བའི་ནང་ནས་ཚེ་སྲོག་ཡོད་སའི་རྒྱུ་སྐར་གཅིག་པུ་དེ་ཡིན་ཞིང༌། སའི་གོ་ལའི་ཐོག་ཚེ་སྲོག་འཕེལ་འགྱུར་དང་རྒྱུན་གནས་ཐུབ་པའི་དམིགས་བསལ་ཆ་རྐྱེན་གང་དང་གང་ཚང་ཡོད་པའང་ཁྱེད་ཀྱིས་ཤེས་རྟོགས་ཡོད་མུས་རེད།


དེ་བཞིན་ཁྱེད་ཀྱིས་མཁྱེན་གསལ་ལྟར། སའི་གོ་ལ་ལྷོ་བྱང་གི་སྣེ་མཚམས་སུ་འཁེལ་བའི་རྟོགས་བཏགས་ཀྱི་སྲོག་ཤིང་ཞིག་ལ་རང་འཁོར་བྱེད་ཀྱི་ཡོད། སའི་གོ་ལ་རྟོགས་བཏགས་སྲོག་ཤིང་ལ་རང་འཁོར་བྱེད་ཚུལ་དེ་རང་གི་འཁོར་ལམ་ལ་ལྟོས་ན་ཕྲན་བུའི་གསེག་ལོག་ནས་བྱེད་ཅིང༌། སའི་གོ་ལའི་ཐོག་གི་ཉིན་མཚན་གྱི་རྣམ་དབྱེ་ཡང་རང་འཁོར་ལ་བརྟེན་ནས་བྱུང༌། སའི་གོ་ལས་རང་གི་འཁོར་ལམ་བརྒྱུད་ཉི་མར་གཞན་འཁོར་ཡང་བྱེད་ཅིང༌། ཉི་མར་གཞན་འཁོར་ཧྲིལ་པོ་གཅིག་བྱེད་པར་ཉིན་གྲངས་ ༣༦༥་༢༥ འགོར་གྱི་ཡོད་པ་དེར་ང་ཚོས་ལོ་གཅིག་ཟེར། དོན་དངོས་སུ་རྒྱུ་སྐར་ཚང་མ་སའི་གོ་ལ་དང་འདྲ་བར་རང་འཁོར་བྱེད་པ་དང་མཉམ་དུ་ཉི་མར་གཞན་འཁོར་ཡང་བྱེད་ཀྱི་ཡོད། ཡིན་ནའང་རྒྱུ་སྐར་ཚང་མའི་རང་འཁོར་དང་གཞན་འཁོར་བྱེད་པའི་ཡུན་ཚད་མི་འདྲ་བ་ཡིན།
དཔེ་རིས་ ༡་༧ སའི་གོ་ལས་རང་གི་འཁོར་ལམ་བརྒྱུད་ཉི་མར་གཞན་སྐོར་བྱེད་སྐབས་དེའི་གནས་སྟངས་ཀྱི་ཆ་ནས་དང༌། སའི་གོ་ལའི་སྲོག་ཤིང་ཡོ་ནས་རང་འཁོར་བྱེད་སྟངས་ཀྱི་ཆ་ནས་ནམ་དུས་འགྱུར་བ་བྱུང་ཚུལ།
 སའི་གོ་ལའི་ཐོག་གི་ནམ་དུས་ཀྱི་འགྱུར་བ་ནི། སའི་གོ་ལའི་སྲོག་ཤིང་གསེག་ལོག་ནས་རང་འཁོར་བྱེད་ཚུལ་དང༌། ཉི་མར་ལྟོས་ཏེ་སའི་གོ་ལའི་གནས་བབ་འགྱུར་ལྡོག་བྱུང་ཚུལ་ལ་བརྟེན་ནས་ཡོང་གི་ཡོད། དཔེ་རིས་ ༡་༧ གྱིས་ལོ་གཅིག་ནང་སའི་གོ་ལ་རང་གི་འཁོར་ལམ་ནང་འཁོར་བགྲོད་བྱེད་སྐབས་ཀྱི་དུས་སྐབས་མི་འདྲ་བ་ཁག་བཞི་སྟོན་གྱི་ཡོད། ཐུགས་སྣང་དགོས་པ་ཞིག་ལ། སའི་གོ་ལས་རང་འཁོར་བྱེད་སྐབས་གསེག་ལོག་པའི་སྲོག་ཤིང་གི་ཁ་ཕྱོགས་གཏད་ས་ནམ་ཡིན་ཡང་ཕྱོགས་གཅིག་ལ་ཡིན། དེའི་འབྲས་བུར་ལོ་འཁོར་མའི་ནང་ཉི་མར་ཁ་ཡོ་སྟེ་གཏད་པའི་སའི་གོ་ལའི་ལྷོ་བྱང་གི་ངོས་གཉིས་བརྗེ་འགྱུར་ཡོང་བ་སྟེ། སའི་གོ་ལའི་བྱང་ངོས་དེ་ཉི་མར་ཁ་ཡོ་ནས་ཡོད་སྐབས། ཕྱོགས་དེར་དབྱར་ཁ་འཆར་ཞིང་ལྷོ་ངོས་སུ་དགུན་ཁ་འཆར། སའི་གོ་ལ་རང་གི་འཁོར་ལམ་ནང་བགྲོད་སྐབས་ཉི་མར་ཁ་གཏད་པ་དང་རྒྱབ་ཕྱོགས་པ་གཉིས་ཀ་མ་ཡིན་པར་བར་མར་གནས་པའི་སྐབས་སུ་སྟོན་ཁ་དང་དཔྱིད་ཀ་འཆར་བ་ཡིན།


ཐུགས་སྣང་དགོས་པ་ཞིག་ལ། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་སའི་གོ་ལ་ཉི་མ་ནས་རྒྱང་ཐག་རིང་ཤོས་སུ་འཁེལ་བས་དེ་ཉིན་སའི་གོ་ལའི་བྱང་ཕྱོགས་སུ་ཉིན་རིང་ཤོས་དང་ལྷོ་ངོས་སུ་ཉིན་ཐུང་ཤོས་ཡིན་ཡང༌། ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་སའི་གོ་ལའི་བྱང་ངོས་སུ་ཉི་མ་ཐུང་ཤོས་ཡིན་ཡང་ལྷོ་ངོས་སུ་རིང་ཤོས་སུ་གྱུར། ཡང་ཕྱི་ཟླ་ ༩ ཚེས་ ༢༣ དང༌། ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ནི་ལྷོ་བྱང་གཉིས་ཀར་ཉིན་མཚན་རིང་ཐུང་མཉམ་པའི་སྐབས་ཡིན་ཞིང༌། ཁྱེད་ཀྱིས་སའི་གོ་ལའི་སྐོར་འདི་ལས་མང་བ་འཛིན་རིམ་གོང་མ་ཁག་གི་ནང་སྦྱོང་རྒྱུ་ཡོང་གི་རེད།།


མིག་དམར། (Mars)
ཉི་མ་ནས་རྒྱང་ཐག་རིང་ཐུང་གི་ཆ་ནས་བརྩིས་ན། དེ་རྗེས་ཀྱི་རྒྱུ་སྐར་ནི་མིག་དམར་ཡིན། རྒྱུ་སྐར་དེ་ཉིད་དམར་ཤས་ཅན་དུ་མངོན་པར་བརྟེན་རྒྱུ་སྐར་དམར་པོ་ཞེས་ཀྱང་ཟེར། (དཔེ་རིས་ ༡་༨)མིག་དམར་ནི་སའི་གོ་ལ་ནས་ཧ་ལམ་ལོ་ཧྲིལ་པོར་མཐོང་དུ་ཡོད་ཀྱང༌། དེ་ཉིད་སའི་གོ་
ལར་ལྟོས་ཏེ་ཉི་མའི་ལྡོག་ཕྱོགས་སུ་གནས་དུས་མིག་ལམ་དུ་མངོན་ཆེ་ཤོས་ཡིན། སྐབས་དེར་རྒྱུ་སྐར་དེ་ཉིད་སའི་གོ་ལ་དང་ཐག་ཉེ་པོར་ཡང་གནས་ཡོད། མིག་དམར་གྱི་ཚངས་ཐིག་ནི་སའི་གོ་ལའི་ཚངས་ཐིག་གི་ཕྱེད་ཀ་ལས་རིང་ཙམ་ཡོད་ཀྱང༌། དེའི་གདོས་ཚད་ནི་སའི་གོ་ལའི་བཅུ་ཆ་གཅིག་ལས་མེད། དེ་ལ་རླུང་ཁམས་སྲབ་མོ་ཞིག་ལས་མེད་པར་བརྟེན་མིག་དམར་གྱི་ཕྱི་ངོས་སའི་གོ་ལ་ནས་ལས་སླ་པོར་མཐོང་ཐུབ། གནམ་དཔྱད་པ་ཚོས་མིག་དམར་གྱི་ཕྱི་ངོས་སུ་འགྱུར་ལྡོག་ངེས་ཅན་འབྱུང་ཚུལ་མཐོང་བར་བརྟེན། རྒྱུ་སྐར་དེའི་ཐོག་ཆུ་ཡོད་སྲིད་པར་མ་ཟད་སྲོག་ལྡན་གྱི་དངོས་པོ་ཡང་ཡོད་སྲིད་པའི་བསམ་ཚུལ་བྱུང་བ་རེད། ཚེ་སྲོག་དང་ཆུ་ཡོད་མེད་ཀྱི་བརྟག་ཞིབ་ད་ལྟའང་བྱེད་བཞིན་ཡོད་ནའང་ད་ཕན་མིག་དམར་ཐོག་ཆུ་དང་སྲོག་ལྡན་གྱི་དངོས་པོ་ཡོད་པའི་དཔང་རྟགས་ཐོབ་མེད། མིག་དམར་ལ་ཕོ་བྷོ་སེ་དང༌། ཌའི་མོ་སེ་ (Phobos and Deimos) ཞེས་པའི་རང་བྱུང་འཁོར་སྐར་རམ་ཟླ་བ་གཉིས་ཡོད།།


ཕུར་བུ། (Jupiter)
ཕུར་བུ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་ཚང་མའི་ནང་ནས་ཆེ་ཤོས་དེ་རེད། དེའི་གདོས་ཚད་ནི་རྒྱུ་སྐར་གཞན་ཚང་མའི་གདོས་ཚད་ཕྱོགས་གཅིག་ཏུ་བསྒྲིལ་བ་ལས་ཀྱང་ཆེ་བ་ཡོད། དེ་བཞིན་ཉི་མ་དང་རྒྱུ་སྐར་ཕུར་བུའི་བར་གྱི་རྒྱང་ཐག་ནི། ཉི་མ་དང་བར་ཐག་ཉེ་བའི་རྒྱུ་སྐར་གཞན་བཞིའི་རྒྱང་ཐག་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་རིང་བ་ཡོད། དེར་བརྟེན། སའི་གོ་ལ་དང་མིག་དམར་དང་བསྡུར་ན། རྒྱུ་སྐར་འདིར་ཉི་མའི་འོད་དང་དྲོད་ཐོབ་ཚད་ཧ་ཅང་ཉུང་ཡང༌། རྒྱུ་སྐར་པ་སངས་དང་སྐབས་ངེས་ཅན་གྱི་མིག་དམར་གྱི་སྣང་ཚུལ་ཕུད་བར་སྣང་ཁམས་ཀྱི་རྒྱུ་སྐར་གཞན་ཐམས་ཅད་ལས་བཀྲག་མདངས་ཆེ་ཤོས་སུ་མངོན། (དཔེ་རིས་ ༡་༩) ཕུར་བུའི་བཀྲག་མདངས་ནི་རང་སྟེང་དུ་ཕོག་པའི་ཉི་འོད་ཕལ་མོ་ཆེ་ལྡོག་འཕྲོ་བྱེད་པའི་རླུང་ཁམས་མཐུག་པོ་དེ་ལས་བྱུང་བ་ཡིན།
དཔེ་རིས་ ༡་༩ ཕུར་བུ་དང་དེའི་འཁོར་སྐར་འགའ་ཞིག་གི་འདྲ་པར།
རྒྱུ་སྐར་ཕུར་བུ་ནི་གཙོ་བོ་རླུང་ཧཡིཌོར་ཇན་དང་ཧེ་ལི་ཡམ་(Hydrogen and Helium) ཞེས་པ་གཉིས་ལས་རླངས་གཟུགས་ཀྱི་རྣམ་པར་གྲུབ་པར་ཡིད་ཆེས་བྱེད་ཅིང༌། དེའི་སྤྲིན་པ་དང་འདྲ་བའི་ཕྱི་ངོས་ནི་གཉུག་རླུང་དང་པོ་རླངས་གཟུགས་ཀྱི་ངོ་བོ་དང༌། ཟེ་རླངས་དྭངས་ཤེལ་གྱི་རྣམ་པར་གྲུབ་ཡོད། ཕྱི་ལོ་ ༢༠༠༢ ལོ་བར་ཤེས་རྟོགས་བྱུང་བ་ལྟར་ན། ཕུར་བུར་རང་བྱུང་འཁོར་སྐར་རམ་ཟླ་བ་ ༢༨ ཡོད་པ་དང༌། དེ་ལ་ད་དུང་གདུབ་བུ་མག་མོག་ཅིག་ཀྱང་ཡོད།།


སྤེན་པ། (Saturn)
གནའ་བོའི་སྐར་དཔྱད་པ་ཚོས་རྒྱུ་སྐར་སྤེན་པ་ནི་རྒྱང་ཐག་རིང་ཤོས་ཀྱི་རྒྱུ་སྐར་ཞིག་ཏུ་རྩི་བཞིན་ཡོད། དེ་དང་ཉི་མའི་དབར་གྱི་རྒྱང་ཐག་ནི་ཧ་ལམ་ཕུར་བུ་དང་ཉི་མའི་དབར་གྱི་རྒྱང་ཐག་གི་ཉིས་ལྡབ་ཙམ་ཡིན། དེའི་བོངས་ཚད་དང༌། གདོས་ཚད། གྲུབ་ཆ་རྣམས་ནི་ཕུར་བུ་དང་འདྲ་ཡང་ཕུར་བུ་ལས་གྲང་བ་ཡིན། སྤེན་པའི་ཁྱད་ཆོས་མངོན་གསལ་ཆེ་ཤོས་ཤིག་ནི། རང་ཉིད་ཁྱུད་མོར་བསྐོར་བའི་མཛེས་སྡུག་ལྡན་པའི་གདུབ་བུ་དེ་རེད། གདུ་བུ་དེར་མི་འདྲ་བ་གསུམ་ཡོད་ཀྱང་རྒྱང་ཤེལ་ལ་བརྟེན་ན་མ་གཏོགས་ཆུ་བུར་མིག་གིས་མཐོང་མི་ཐུབ། (དཔེ་རིས་ ༡་༡༠) རྒྱང་ཤེལ་བརྒྱུད་དེ་རྒྱུ་སྐར་སྤེན་པར་བལྟ་བ་ནི་ཡིད་དབང་འཕྲོག་པའི་མྱོང་བ་ཞིག་རེད། རྒྱུ་སྐར་ཡོངས་ཀྱི་ཁྲོད་ནས་སྤེན་པར་འཁོར་སྐར་རམ་ཟླ་བ་མང་ཤོས་ལྡན་པ་སྟེ་ཁྱོན་ ༣༠ ཡོད་དོ།།
དཔེ་རིས། ༡་༡༠ སྤེན་པར་གདུ་བུ་ཡོད་པས་རྒྱུ་སྐར་ཁྲོད་མཛེས་ཤོས་སུ་སྣང་བ།


གནམ་རྒྱལ། (Uranus)
གནམ་རྒྱལ་ནི་རྒྱང་ཤེལ་ལ་བརྟེན་ནས་གསར་རྙེད་བྱུང་བའི་རྒྱུ་སྐར་ཐོག་མ་དེ་ཡིན། དེ་ནི་ཝི་ལིམ་ ཧར་ཆལ་(William Herchel) གྱིས་ཕྱི་ལོ་ ༡༧༨༡ ལོར་གསར་རྙེད་བྱུང་ཞིང༌། རྒྱུ་སྐར་དེའི་འཕྲེད་ཐིག་སའི་གོ་ལའི་འཕྲེད་ཐིག་ལས་ཧ་ལམ་ལྡབ་བཞིས་རིང་ནའང༌། རྒྱང་ཤེལ་བརྒྱུད་ལྟ་སྐབས་དེ་སྡེར་མ་ཆུང་ཆུང་ལྟ་བུ་ཞིག་ལས་མངོན་དུ་མེད། རྒྱུ་སྐར་གནམ་རྒྱལ་གྱི་རླུང་ཁམས་ནང་ཧཡིཌོར་ཇན་དང་གཉུག་རླུང་དང་པོས་(Methane) ཁྱབ་ཡོད་ཅིང༌། ཉི་མ་ནས་རྒྱང་ཐག་རིང་ལོས་ནི་རྒྱུ་སྐར་སྤེན་པའི་རྒྱང་ཐག་གི་ཉིས་ལྡབ་ཙམ་ཡིན། ད་ཕན་གནམ་རྒྱལ་ལ་འཁོར་སྐར་རམ་ཟླ་བ་ ༢༡ ཡོད་པ་ཤེས་རྟོགས་བྱུང་ཡོད།།
དཔེ་རིས། ༡་༡༠ ཁ༽  སྒང་ནས་མར་བརྩིས་རྒྱུ་སྐར་ལྷག་པ་དང་པ་སངས། སའི་གོ་ལ་དང་ཟླ་བ། མིག་དམར། ཕུར་བུ། སྤེན་པ། རྣམ་རྒྱལ། མཚོ་རྒྱལ་བཅས།


མཚོ་རྒྱལ། (Neptun)
ཉི་མ་ནས་རྒྱང་ཐག་རིང་ལོས་གཞི་བཟུང་བརྩིས་ན་མཚོ་རྒྱལ་ནི་རྒྱུ་སྐར་ཨང་བརྒྱད་པ་དེ་ཡིན། འདི་ནི་རྒྱང་ཤེལ་ལ་བརྟེན་ནས་གསར་རྙེད་བྱུང་བའི་རྒྱུ་སྐར་གཉིས་པ་དེ་རེད། དོན་དངོས་སུ་ཡུ་ ཇེ་ ལེ་ཝེ་རི་ཡ་(U.J. Leverrier) ཡིས་ཕྱི་ལོ་ ༡༨༤༦ ལོར་རྒྱུ་སྐར་གནམ་རྒྱལ་གྱི་རྒྱབ་ཕྱོགས་སུ་རྒྱུ་སྐར་ཞིག་ཡོད་པར་སྔོན་དཔག་གནང་ཡོད། ཁོང་གི་སྔོན་དཔག་ནི། མཚོ་རྒྱལ་རང་གི་འཁོར་ལམ་ནང་རྒྱུ་སྐབས་ལམ་ལ་འགྱུར་ལྡོག་འབྱུང་ཚུལ་ལ་བརྟག་ཞིབ་ཐུབ་པ་གཞིར་བཞག་པ་ཞིག་རེད། ལེ་ཝེ་རི་ཡའི་རྩིས་སྐོར་སྟངས་ནོར་འཆུག་མེད་པ་བྱུང་བའི་དབང་གིས་རྒྱུ་སྐར་གསར་པ་དེའི་གདོས་ཚད་དང་བོངས་ཚད་འཁྲུལ་བ་མེད་པར་སྔོན་དཔག་ཐུབ་པར་མ་ཟད། བར་སྣང་གི་ཕྱོགས་གང་དུ་བལྟས་ན་དེ་ཉིད་མཐོང་ཐུབ་མིན་ཚུན་སྔོན་དཔག་ཐུབ་ཡོད། ཁོང་གིས་ཕྱོགས་སྟོན་གནང་བ་ལྟར་སྐར་དཔྱད་པས་རྒྱང་ཤེལ་ལ་བརྟེན་ནས་ལྟ་སྐབས་རྒྱུ་སྐར་དེ་རྙེད་ཅིང་དེ་ནི་མཚོ་རྒྱལ་རེད། མཚོ་རྒྱལ་གསར་དུ་རྙེད་བྱེད་ཀྱི་རྩིས་སྐོར་སྟངས་དེའི་གཞི་རྩའི་ངེས་སྲོལ་ཇི་ལྟར་གྲུབ་མིན་མཁྱེན་འདོད་འདུག་གམ། དེ་ནི་དེའི་གོང་གི་ལོ་ངོ་ ༡༨༠ ཙམ་དུ་སྙན་གྲགས་ཅན་གྱི་ཚན་རིག་པ་ཨི་སག ནིའུ་ཊོན་(Isaac Newton)གྱིས་བཏོན་པའི་འཐེན་ཤུགས་ཀྱི་ངེས་སྲོལ་ལས་གཞན་མ་ཡིན། མཚོ་རྒྱལ་ལ་འཁོར་བགྲོད་བྱེད་པའི་འཁོར་སྐར་ ༨ ཡོད་དོ།།


གཤིན་རྒྱལ། (Pluto)
ཊོམ་བྷག་(T.W. Tombaugh )གིས་ཕྱི་ལོར་ ༡༩༣༠ ལོར་རྒྱང་ཐག་རིང་ཤོས་ཀྱི་རྒྱུ་སྐར་འདི་གསར་རྙེད་ཐུབ་སྟེ་མིང་ལ་གཤིན་རྒྱལ་ཞེས་བཏགས། ཉི་མ་ནས་རྒྱུ་སྐར་འདིའི་ཐོག་འོད་སླེབས་པར་ཆུ་ཚོད་ ༣༢ ལྷག་ཙམ་འགོར་གྱི་ཡོད་པས། རྒྱུ་སྐར་འདི་ཉིད་ཉི་མ་ལས་རྒྱང་ཐག་ཅི་ཙམ་གྱི་རིང་པོར་གནས་ཡོད་མེད་ཚོད་དཔགས་བྱེད་ཐུབ། གཤིན་རྒྱལ་གྱི་འཁོར་ལམ་ལ་དོ་སྣང་བྱ་འོས་པའི་ཁྱད་ཆོས་ཤིག་ཡོད་པ་སྟེ། འདིའི་འཁོར་ལམ་དང་མཚོ་རྒྱལ་གྱི་འཁོར་ལམ་གཉིས་སྣོལ་འཛིང་ཐེབས་ཡོད་པས། འདི་ནི་རྒྱུ་སྐར་གཞན་གྱི་འཁོར་ལམ་དང་སྣོལ་འཛིང་ཐེབས་པ་གཅིག་པུ་དེ་རེད། རྒྱུ་མཚན་འདིའི་དབང་གིས་ད་ལྟའི་ཆར་དོན་དུ་གཤིན་རྒྱལ་ནི་མཚོ་རྒྱལ་ལས་སའི་གོ་ལ་དང་བར་ཐག་ཉེ་བ་ཡོད། གཤིན་རྒྱལ་ནི་རྒྱུ་སྐར་ཆུང་ཤོས་དེ་ཡིན་ཞིང༌། སྔོན་མ་གཤིན་རྒྱལ་ནི་མཚོ་རྒྱལ་གྱི་འཁོར་སྐར་གཅིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ད་ཕན་གཤིན་རྒྱལ་ལ་འཁོར་སྐར་གཅིག་ཡོད་པ་ཤེས་རྟོགས་བྱུང་ཡོད། 
       རེའི་མིག ༡་༡ ལས་ཁྱེད་ཀྱིས་རྒྱུ་སྐར་དགུའི་སྐོར་གྱི་སྤྲོ་བ་སྐྱེ་གཞིའི་གནས་ཚུལ་ཁག་མཁྱེན་ ངེས་རེད། རྒྱུ་སྐར་དེ་ཚོས་རང་རང་གི་ཟླ་བ་དང་བཅས་ཉི་མར་འཁོར་བགྲོད་བྱེད་ཅིང༌། དེ་དག་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་ཆ་ཤས་ཤིག་རེད། 

རེའུ་མིག ༡་༡ ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུུ་སྐར་གྱི་གནས་ཚུལ་འགའ།

མིང་། ཕྱེད་ཚངས་ཐིག ཉི་མ་ནས་རྒྱང་ཐག
(སའི་གོ་ལའི་རྒྱང་ཐག་ལ་ལྟོས་ཏེ)
གདོས་ཚད།
(སའི་གོ་ལར་བསྡུར་ཏེ)
རང་འཁོར་ཡུན་ཚད། གཞན་འཁོར་ཡུན་ཚད།
ལྷག་པ། ཀི་ལོ་མི་ཊར ༢༤༠༠ ༠་༣༨༧ ༠་༠༥ ཚོུད་ ༡༤༠༧ ཉིན་ ༨༨
པ་སངས། ཀི་ལོ་མི་ཊར་ ༦༡༥༠ ༠་༧༢ ༠་༨ ཚོུད་ ༥༨༣༢  ཉིན་ ༢༢༤་༧
འཛམ་གླིང། ཀི་ལོ་མི་ཊར་ ༦༤༠༠     ༡་༠ ༡་༠ ཚོུད་ ༢༤ ཉིན་ ༣༦༥་༢༥
མིག་དམར།ཀི་ལོ་མི་ཊར་ ༣༤༠༠   ༡་༥ ༠་༡ ཚོུད་ ༢༤་༦ ཉིན་ ༣༨༧
ཕུར་བུ། ཀི་ལོ་མི་ཊར་ ༧༡༥༠༠   ༥་༢ ༣༡༨ ཚོུད་ ༩་༩ ཉིན་ ༤༣༣༡
སྤེན་པ། ཀི་ལོ་མི་ཊར་ ༦༠༢༥༠   ༩་༥ ༩༥ ཚོུད་ ༡༠་༧ ཉིན ༡༠༧༤༧
རྣམ་རྒྱལ། ཀི་ལོ་མི་ཊར་ ༢༥༥༠༠ ༣༠་༠ ༡༥ ཚོུད་ ༡༧་༢ ཉིན་ ༣༠༥༨༩
མཚོ་རྒྱལ། ཀི་ལོ་མི་ཊར་ ༢༥༠༠ ༣༠་༠ ༡༧ ཚོུད་ ༡༦་༡ ཉིན་ ༥༩༨༠༠
གཤིན་རྒྱལ། ཀི་ལོ་མི་ཊར་ ༡༢༠༠༤༠་༠ ༠་༠༠༢ ཚོུད་ ༡༥༣་༣ ཉིན་ ༩༠༥༨༨


༡་༣ ཉི་མའི་ཁྱིམ་རྒྱུད།

ཁྱེད་ཀྱིས་མཁྱེན་གསལ་བཞིན་ཉི་མ་ནི་ང་ཚོ་དང་ཐག་ཉེ་ཤོས་ཀྱི་སྐར་མ་ཞིག་ཡིན། ཉི་མ་ནི་ལོ་ཐེར་འབུམ་ལྔའམ་འབུམ་ ༥༠༠ ཙམ་འདས་པའི་གོང་དུ་བྱུང་བར་འདོད་ཅིང༌། དེ་ནས་བཟུང་ཉི་མ་ནས་དྲོད་དང་འོད་ཕོན་ཧ་ཅང་ཆེན་པོ་སྤྲོ་བཞིན་ཡོད་པར་མ་ཟད། འབྱུང་འགྱུར་ལོ་ཐེར་འབུམ་ ༥ ཙམ་གྱི་རིང་ལའང་དེ་མཚུངས་སུ་སྤྲོ་རྒྱུར་ཚོད་དཔག་བྱེད་བཞིན་ཡོད། ཉི་མ་དང་སྐར་མ་ཚོར་དེ་འདྲའི་ནུས་པ་ཆེན་པོ་གང་ནས་བྱུང་བ་ཡིན་ནམ། ཁྱེད་ཀྱིས་འདིའི་སྐོར་འཛིན་རིམ་གོང་མ་ཁག་ལས་ཤེས་རྟོགས་ཡོང་རྒྱུ་ཡིན་ཡང་དྲན་དགོས་པ་ཞིག་ལ། ཉི་མ་ནི་ཉི་མར་འཁོད་བགྲོད་བྱེད་པའི་རྒྱུ་སྐར་ཐམས་ཅད་ཀྱི་དྲོད་དང་འོད་ཀྱི་འབྱུང་ཁུངས་དེ་ཡིན།
དཔེ་རིས། ༡་༡༡ ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་གྱི་རྣམ་པ་གཟིགས་བདེར་བཀོད་པ། 
ཁྱེད་ཀྱིས་རྒྱུ་སྐར་བརྒྱད་ཀྱིས་འཁོར་སྐར་དང་མཉམ་དུ་རང་གི་ངེས་གཏན་གྱི་འཁོར་ལམ་ནང་ཉི་མར་འཁོར་བགྲོད་བྱེད་པ་ཤེས་གསལ་རེད། རྒྱུ་སྐར་དང་འཁོར་སྐར་རྣམས་ཉི་མའི་ཁྱིམ་རྒྱུད་(Solar family)ཀྱི་ཁྱིམ་མིའམ་ཉི་མའི་མ་ལག་གི་ཁོངས་གཏོགས་ཤིག་ཡིན་པར་བཤད། དཔེ་རིས་ ༡་༡༡ གིས་ཉི་མའི་ཁྱིམ་རྒྱུད་ཀྱི་གཙོ་གནད་རྣམས་སྟོན་ཅིང༌། རྒྱུ་སྐར་སོ་སོ་དང་ཉི་མའི་དབར་གྱི་རྒྱང་ཐག་ལ་རིང་ཐུང་སྣ་ཚོགས་མཆིས་པར་བརྟེན། དཔེ་རིས་གཅིག་གི་ནང་དེ་དག་ཚང་མ་ཞིབ་པར་སྟོན་ཐབས་མེད་པ་ཞིག་རེད། རྒྱུ་སྐར་དེ་དག་རང་གི་འཁོར་ལམ་ནང་འགུལ་སྐྱོད་འབྱུང་རྐྱེན་ནི། ཉི་མའི་འཐེན་ཤུགས་ལ་བརྟེན་ནས་བྱུང་བ་རེད། འཐེན་ཤུགས་ཀྱི་ངེས་སྲོལ་སྐོར་ཁྱེད་ཀྱིས་འཛིན་རིམ་གོང་མ་ཁག་གི་ནང་ནས་ཤེས་ངེས་རེད།


ཉི་མའི་འཐེན་ཤུགས་དབང་གིས་འགུལ་སྐྱོད་ཐེབས་པའི་མཁའ་དབྱིངས་ཀྱི་ཕུང་པོ་གཞན་ཡང་ཡོད་ཅིང༌། དེར་བརྟེན་དེ་དག་ཀྱང་ཉི་མའི་ཁྱིམ་རྒྱུད་ཀྱི་ཆ་ལག་ཅིག་ཏུ་རྩི་བཞིན་ཡོད། ང་ཚོས་དེ་དག་ལས་ཁག་ཅིག་གི་སྐོར་སྦྱོང་བར་བྱ།


རྒྱུ་སྐར་ཕྲ་མོ། (Asteroid)

མིག་དམར་དང་ཕུར་བུ་གཉིས་ཀྱི་འཁོར་ལམ་དབར་བར་སྟོང་ཆེན་པོ་ཞིག་ཡོད་ཅིང༌། བར་སྟོང་ཆེན་པོ་འདི་ཉི་མར་འཁོད་བགྲོད་བྱེད་པའི་ཕུང་པོ་ཆུང་ཆུང་མང་པོས་ཁེངས་ཡོད། དེ་ཚོར་རྒྱུ་སྐར་ཕྲ་མོ་ཟེར། རྒྱུ་སྐར་ཕྲ་མོ་ཚང་མར་རང་རང་གི་འཁོར་ལམ་རེ་ཡོད་ཅིང༌། འཁོར་ལམ་དེ་དག་རྒྱང་རིང་དུ་ཁྱབ་སྟེ་ཚོགས་པ་ཞིག་ཏུ་གྲུབ་ཡོད། རྒྱུ་སྐར་ཕྲ་མོའི་བོངས་ཚད་ནི་ཆུང་བ་ཀི་ལོ་གཅིག་མ་ཟིན་ཙམ་ནས་ཆེ་བ་ཀི་ལོ་བརྒྱ་ཕྲག་ཁ་ཤས་ལོངས་པའི་བར་སྣ་ཚོགས་ཡོད། རྒྱུ་སྐར་ཕྲ་མོ་ཕལ་མོ་ཆེ་རྒྱང་ཤེལ་ལ་བརྟེན་ན་མ་གཏོགས་མཐོང་མི་ཐུབ་ཅིང༌། དེ་དག་ནི་རྒྱུ་སྐར་གྱི་རྣམ་པར་འགྲུབ་མ་ཐུབ་པའི་དངོས་པོ་རྡོག་རྡོག་དག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།།


སྐར་མ་དུ་བ་མཇུག་རིང༌། (Comets)

སྐར་མ་དུ་བ་མཇུག་རིང་ནི་ཉི་མའི་མཐའ་འཁོར་དུ་འཇོང་དབྱིབས་ཅན་གྱི་འཁོར་ལམ་བརྒྱུད་འཁོད་བགྲོད་བྱེད་པའི་མཁའ་དབྱིངས་ཀྱི་ཕུང་པོ་ཆུང་ཆུང་དག་ཡིན་ཞིང༌། དེ་དག་ཉི་མ་དང་ཐག་ཉེ་སར་སླེབས་སྐབས་སུ་མ་གཏོགས་སའི་གོ་ལའི་སྟེང་ནས་མཐོང་མི་ཐུབ། དེ་ཚོའི་ཁྱད་ཆོས་ནི་མགོ་བོ་ཆུང་ལ་མཇུག་མ་རིང་བ་དེ་རེད། སྐར་མ་དུ་བ་མཇུག་རིང་ཉི་མའི་ཉེ་སར་བཅར་སྐབས་མཇུག་མ་རིང་དུ་འགྲོ་བ་དང༌། ཉི་མ་ལས་ཐག་རིང་དུ་འགྲོ་སྐབས་མཇུག་མ་མི་མངོན་པར་འགྱུར་འགྲོ། འོན་ཀྱང་དེའི་མཇུག་མ་ནི་ག་དུས་ཡིན་རུང་ཉི་མའི་ལྡོག་ཕྱོགས་སུ་གནས་ཀྱི་ཡོད། (དཔེ་རིས་ ༡་༡༢) སྐར་མ་དུ་བ་མཇུག་རིང་མང་པོ་ཞིག་དུས་ཚོད་ངེས་ཅན་ཞིག་གི་རྗེས་ཡང་ནས་ཡང་དུ་མངོན་གྱི་ཡོད་པ་སྟེ། དེ་འདྲའི་སྐར་མ་ཞིག་ཡིན་པའི་ཧཱ་ལའེ་(Halley)དུ་བ་མཇུག་རིང་ལ་མཚོན་ན་ལོ་ ༧༦ ཙམ་གྱི་རྗེས་སུ་ཐེངས་རེ་འཆར་ཞིང༌། འཆར་ཐེངས་མཐའ་མ་ནི་ཕྱི་ལོ་ ༡༩༨༦ རེད།།


སྐར་རྡོ་དང་གནམ་རྡོ། (Meteors & Meteorites)

སྐར་རྡོ་ནི་ཉི་མར་འཁོར་ལྡིང་བྱེད་པའི་རྡོ་དང་ཆ་འདྲ་བའི་དངོས་པོ་ཞིག་ཡིན་ཞིང༌། དེ་དག་ལས་འགའ་ཞིག་སྟེས་དབང་གིས་སའི་གོ་ལའི་རླུང་ཁམས་ནང་འཛུལ་རྗེས་སུ་མ་གཏོགས་ང་ཚོས་སྐར་རྡོའི་སྐོར་ཤེས་ཚོར་མེད། སྐར་རྡོ་ཞིག་སའི་གོ་ལའི་རླུང་ཁམས་ནང་འཛུལ་སྐབས། དེ་ཉིད་རླུང་གིས་བརྡར་ཟད་ཐེབས་ཏེ་ཚ་པོར་གྱུར་ཅིང༌། ཚ་ཚད་འཕེལ་ཆེ་བའི་དབང་གིས་སྐར་རྡོ་ལས་མེ་སྟག་འཕྲོ་བཞིན་དུས་ཐུང་ནང་ཟད་འགྲོ་ཡི་ཡོད། དེར་བརྟེན་མཚན་མོ་སྐར་རྡོ་རྒྱུ་ལམ་ནི་འོད་མདའ་ཞིག་ཏུ་མངོན་གྱི་ཡོད་ཅིང༌། དེ་ཉིད་སྐར་མ་དངོས་མིན་ཡང་མིང་ལ་སྐར་མདའ་(Shooting star)ཞེས་གྲགས།


སྐར་རྡོ་འགའ་ཞིག་ཧ་ཅང་ཆེ་བར་བརྟེན་དེ་ཉིད་ཡོངས་རྫོགས་བརྡར་ཟད་མ་ཐེབས་གོང་ཆ་ཤས་འགའ་ཞིག་སའི་གོ་ལའི་ངོས་སུ་སླེབས་ཐུབ་པ་དེར་གནམ་རྡོ་(meteorites)ཟེར། ཉི་མའི་ཁྱིམ་རྒྱུད་ཀྱི་ཆ་ཤས་ཤིག་ཡིན་པའི་གནམ་རྡོར་བརྟེན་ནས་ཚན་རིག་པ་ཚོས་མཁའ་དབྱིངས་ཀྱི་ཕུང་པོ་ཚོའི་རང་བྱུང་གྲུབ་ཆར་བརྟག་ཞིབ་བྱེད་ཐུབ་ཀྱི་ཡོད།།


ལན་ཐོབས།

༡། རོབ་རྩིས་བྱས་ན་ཉི་མ་བྱུང་ནས་ལོ་ཇི་ཙམ་སོང་ཡོད་དམ།
༢། ཉི་མའི་ཁྱིམ་རྒྱུད་ཀྱི་ཆ་ཤས་ཡིན་པའི་མཁའ་དབྱིངས་ཀྱི་ཕུང་པོའི་དབྱེ་བ་དག་གི་མིང་ཤོད།
༣། ནུས་པ་གང་གིས་ཉི་མའི་ཁྱིམ་རྒྱུད་ཀྱི་ཆ་ཤས་རྣམས་ཉི་མ་དང་ལྷན་དུ་གནས་པར་བྱས་སམ།
༤། སྐར་རྡོ་དང་གནམ་རྡོའི་དབར་ཁྱད་པར་གང་ཡོད་དམ།

༡་༤ བཅོས་མའི་འཁོར་སྐར། (Artificial Satellites)
ཁྱེད་ཀྱིས་བརྙན་འཕྲིན་བལྟ་སྐབས་ཨིན་ས་ཊི་ ༣བྷི་རྟགས་ཅན་ནམ། ཀལ་ཕ་ན་ ཅའོ་ལ་(INSAT 3B or Kalpana Chawla)ལྟ་བུའི་འཁོར་སྐར་གྱི་མིང་ཐོས་ཡོད་སྲིད། ད་ཆ་ཁྱེད་ཀྱིས་རྒྱུ་སྐར་ཞིག་ལ་འཁོར་བགྲོད་བྱེད་པའི་མཁའ་དབྱིངས་ཀྱི་ཕུང་པོ་ཞིག་ལ་འཁོར་སྐར་ཟེར་བ་ཤེས་ཡོད། ཟླ་བ་ནི་སའི་གོ་ལའི་རང་བྱུང་འཁོར་སྐར་ཞིག་རེད། ཁྱེད་ཀྱིས་བཅོས་མའི་འཁོར་སྐར་དང་ཟླ་བའི་དབར་ཁྱད་པར་གང་ཡོད་དམ་དྲན་སྲིད། བཅོས་མའི་འཁོར་སྐར་ཨིན་ས་ཊི་ ༣བྷི་རྟགས་ཅན་ནམ། ཀལ་ཕ་ན་ ཅའོ་ལ་(INSAT 3B or Kalpana Chawla)ལྟ་བུ་ནི་མིས་བཟོས་འཁོར་སྐར་གྱི་དཔེ་མཚོན་ཡིན་ཞིང༌། བཅོས་མའི་འཁོར་སྐར་རྣམས་ཀྱང་རང་བྱུང་འཁོར་སྐར་ཟླ་བ་དང་འདྲ་བར་སའི་གོ་ལར་འཁོར་བགྲོད་བྱེད་ཀྱི་ཡོད་ནའང་དེ་དག་ཟླ་བ་དང་བསྡུར་ན་སའི་གོ་ལ་དང་ཐག་ཧ་ཅང་ཉེ་བ་ཡོད། ཚན་རིག་པས་འདས་པའི་ལོ་བཞི་བཅུ་ཙམ་གྱི་རིང་བཅོས་མའི་འཁོར་སྐར་འཆར་འགོད་དང་བཟོ་སྐྲུན་གྱི་ལག་རྩལ་དར་སྤེལ་བྱས་ཤིང༌། དེ་བཞིན་ཁོང་ཚོས་བཅོས་མའི་འཁོར་སྐར་དེ་དག་བར་སྣང་དུ་འཁྱེར་ཏེ་སའི་གོ་ལའི་བཅོས་མའི་འཁོར་སྐར་གྱི་ཚུལ་དུ་ལས་འགོ་འཛུགས་སྤེལ་ཐུབ་པའི་འཕུར་སྟེགས་སམ་མེ་ཤུགས་འཕུར་མདའ་ཤུགས་ཚད་ཆེན་པོ་དེ་འདྲ་གསར་བཟོ་ཐུབ་ཡོད། ད་ལྟའི་ཆར་འཛམ་གླིང་ནང་བཅོས་མའི་འཁོར་སྐར་བཟོ་བསྐྲུན་དང་སའི་གོ་ལའི་འཁོར་ལམ་ནང་གཏོང་ཐུབ་པའི་ལག་རྩལ་ལྡན་པའི་རྒྱལ་ཁབ་དྲུག་ལས་མེད་ཅིང༌། རྒྱ་གར་ནི་དེ་ཚོའི་ནང་གི་གཅིག་རེད།
དཔེ་རིས་ ༡་༡༣ བཅོས་མའི་འཁོར་སྐར་བརྒྱུད་བརྙན་འཕྲིན་ལེ་ཚན་རྒྱང་བསྲིངས་བྱེད་ཚུལ་གསལ་སྟོན་ཐུབ་པའི་དཔེ་རིས་གཟིགས་བདེར་བཀོད་པ།
བཅོས་མའི་འཁོར་སྐར་ལ་ང་ཚོའི་འཚོ་བར་ཕྱོགས་དུ་མ་ནས་ཤུགས་རྐྱེན་ཐེབས་བྱེད་ཀྱི་ཁ་ཡོད་ལག་ཡོད་ཀྱི་སྤྱོད་སྒོ་མང་པོ་ཡོད་པ་སྟེ། ཐག་རིང་དུ་བརྙན་འཕྲིན་ལེ་ཚན་རྒྱང་བསྲིངས་དང༌། ཁ་པར་དང་ཆ་འཕྲི་དྲྭ་རྒྱ་བརྒྱུད་དེ་འབྲེལ་མོལ་བྱེད་པ་བཅས་ནི་བཅོས་མའི་འཁོར་སྐར་ལ་བརྟེན་ནས་བྱུང་བ་རེད། བཅོས་མའི་འཁོར་སྐར་ནི་ད་དུང་ཉམས་ཞིབ་དང༌། རྒྱལ་སྲུང༌། རྒྱང་ཚོར་(Remote Sensing)བཅས་སུའང་སྤྱོད་པ་རེད། རྒྱང་ཚོར་ཞེས་པ་ནི་རྒྱང་རིང་ནས་གནས་ཚུལ་བསྡུ་ལེན་བྱེད་པར་ཟེར་ཞིང༌། ལག་རྩལ་འདི་ཉིད་གནམ་གཤིས་དང༌། སོ་ནམ། རྒྱ་མཚོའི་ནང་གི་ཉའི་འགུལ་སྐྱོད་ཚུད་པའི་རྒྱ་མཚོ་དང་ས་ཁམས་ཀྱི་ཁྱད་ཆོས་བསྡུ་ལེན་བྱེད་རྒྱུར་སྤྱོད་པ་རེད། བཅོས་མའི་འཁོར་སྐར་འགའ་ཞིག་ནི་རྒྱལ་སྲུང་ལས་དོན་དང་འབྲེལ་བའི་དངོས་རིགས་འགུལ་སྐྱོད་ཀྱི་གནས་ཚུལ་བསྡུ་ལེན་བྱེད་པར་སྤྱོད། ཁྱེད་ཀྱིས་ལག་རྩལ་འདིའི་སྐོར་འཛིན་རིམ་གོང་མ་ཁག་ནས་ཤེས་རྟོགས་ཡོང་ངེས་ཡིན་པས། འདིར་བཅོས་མའི་འཁོར་སྐར་བརྒྱུད་དེ་གནས་ཚུལ་རྒྱང་བསྲིངས་བྱེད་ཚུལ་གྱི་སྤྱི་ཁོག་ཅིག་ཤེས་ན་འཐུས།


དཔེ་རིས་ ༡་༡༣ གྱིས་བཅོས་མའི་འཁོར་སྐར་ལ་བརྟེན་ནས་བརྙན་འཕྲིན་ལེ་ཚན་རྒྱང་བསྲིངས་བྱེད་ཚུལ་གསལ་སྟོན་བྱེད་ཀྱི་ཡོད། རྒྱང་རིང་ལ་གནས་ཚུལ་གཏོང་བྱེད་ཀྱི་བཅོས་མའི་འཁོར་སྐར་གྱི་མྱུར་ཚད་ནི་ངེས་པར་ཆུ་ཚོད་ ༢༤ ནང་སའི་གོ་ལར་སྐོར་བ་གཅིག་རྒྱག་ཐུབ་པར་སྙོམ་སྒྲིག་བྱེད་དགོས་ཤིང༌། དེའི་འབྲས་བུར་བཅོས་མའི་འཁོར་སྐར་དེ་ཉིད་སའི་སྟེང་གི་བརྙན་འཕྲིན་རྒྱང་བསྲིངས་ས་ཚིགས་ལ་ལྟོས་ཏེ་གནས་གཅིག་ཏུ་བརྟན་ཚུགས་ངང་གནས་རྒྱུ་རེད། དེ་ཡང་གཟུགས་བརྙན་དང་སྒྲ་རྣམས་ཐོག་མར་པར་ཆས་སྤྱད་དེ་གློག་བརྡ་(electrical signal)རུ་བསྒྱུར་རྗེས། གློག་བརྡ་དེ་ཉིད་དམིགས་བསལ་གྱི་རླབས་རིགས་ཤིག་ཏུ་བསྒྱུར་ནས་རྒྱང་བསྲིངས་གནམ་སྐུད་(Transmitting antenna)ཀྱིས་བཅོས་མའི་འཁོར་སྐར་ལ་གཏོང་གི་ཡོད། བཅོས་མའི་འཁོར་སྐར་ཐོག་སའི་གོ་ལའི་སྟེང་གི་བརྙན་འཕྲིན་རྒྱང་བསྲིངས་ས་ཚུགས་ཀྱིས་རྒྱང་བསྲིངས་བྱས་པའི་བརྡ་འཕྲིན་བསྡུ་ལེན་ཐུབ་པའི་དམིགས་བསལ་ཡོ་ཆས་སྒྲིག་སྦྱོར་བྱས་ཡོད་པ་ལྟར། དེས་བསྡུ་ལེན་བྱས་པའི་བརྡ་འཕྲིན་རྣམས་བཅོས་མའི་འཁོར་སྐར་ཐོག་སྒྲིག་སྦྱོར་བྱས་པའི་ཡོ་ཆས་ཀྱིས་རྒྱ་སྐྱེད་དེ་ས་ཕྱོགས་ཁག་ལ་རྒྱང་བསྲིངས་བྱེད་ཀྱི་ཡོད། བཅོས་མའི་འཁོར་སྐར་གྱི་གནས་ཡུལ་ཧ་ཅང་མཐོ་བར་བརྟེན་དེས་བཏང་བའི་བརྡ་འཕྲིན་རྣམས་སའི་གོ་ལའི་རྒྱ་ཁྱོན་ཧ་ཅང་ཆེན་པོར་ཁྱབ་ཐུབ། སྐུད་བརྒྱུད་བརྙན་འཕྲིན་གཏོང་མཁན་(Cable operator)ཚུད་པའི་སའི་གོ་ལའི་ཐོག་གི་བརྙན་འཕྲིན་ས་ཚུགས་ཚང་མར་བརྡ་འཕྲིན་བསྡུ་ལེན་གྱི་གཏན་འཇགས་གནམ་སྐུད་ཡོད་པས། དེ་དག་གིས་བཅོས་མའི་འཁོར་སྐར་གྱིས་བཏང་བའི་བརྡ་འཕྲིན་བསྡུ་ལེན་དང་སྦྲགས་བསྐྱར་གཏོང་བྱེད་ཀྱི་ཡོད། ཁྱིམ་ཚང་སོ་སོའི་ནང་གི་བརྙན་འཕྲིན་ལ་སྐུད་བརྒྱུད་བརྙན་འཕྲིན་གྱི་དྲྭ་བའམ། བརྙན་འཕྲིན་བསྡུ་ལེན་ས་ཚུགས་ནས་བརྡ་འཕྲིན་འབྱོར་གྱི་ཡོད་ཅིང༌། མཐའ་མར་བརྙན་འཕྲིན་འཕྲུལ་འཁོར་གྱིས་བརྡ་འཕྲིན་དེ་དག་གཟུགས་དང་སྒྲ་ཡི་ངོ་བོར་སྒྱུར་གྱི་ཡོད།།


ལན་ཐོབས།

༡། བཅོས་མའི་འཁོར་སྐར་གང་རུང་གཉིས་ཀྱི་མིང་བྲིས།
༢། རང་བྱུང་དང་བཅོས་མའི་འཁོར་སྐར་གཉིས་ཀྱི་ཁྱད་པར་ཅི། ཁྱད་པར་གང་རུང་གཉིས་བྲིས།
༣། བཅོས་མའི་འཁོར་སྐར་ནི་་་་་་་་་་་་་་་་་་་་་་་་་་་་་་་་དང་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་བཅས་ལ་བེད་སྤྱོད་བྱེད།




གལ་ཆེའི་མིང་ཚིག
བཅོས་མའི་འཁོར་སྐར། རྒྱུ་སྐར་ཕྲ་མོ། མཁའ་དབྱིངས་ཀྱི་ཕུང་པོ། སྐར་མ་དུ་བ་མཇུག་རིང༌། ཆ་འཕྲིན་བཅོས་སྐར། སྐར་སྡེ། འོད་ལོ། སྐར་རྡོ། གནམ་རྡོ། རང་བྱུང་འཁོར་སྐར། འཁོར་ལམ། ཟླ་བའི་འཕེལ་འགྲིབ། སྐར་མ་བརྟན་པ། རྒྱང་ཚོར། སྐར་མདའ། སྐར་མ།


བསྡུས་དོན།
སྐར་མ་ནི་དྲོད་དང་འོད་སྦྱིན་པའི་མཁའ་དབྱིངས་ཀྱི་ཕུང་པོ་ཞིག་ཡིན། ཉི་མ་ནི་སྐར་མ་ཞིག་ཡིན།
སྐར་མ་ནི་ང་ཚོ་དང་རྒྱང་ཐག་ཧ་ཅང་རིང་བའི་དབང་གིས་དེ་ཚོའི་འོད་ཟེར་ང་ཚོའི་སའི་གོ་ལར་སླེབས་པར་ཡང་ལོ་མང་པོ་འགོར་གྱི་ཡོད། སྐར་མའི་རྒྱང་ཐག་ནི་འོད་ལོ་ཡིས་འཇལ་གྱི་ཡོད།
སའི་གོ་ལ་ནས་བལྟས་ན་སྐར་མ་བརྟན་པ་ནི་གཡོ་འགུལ་མེད་པ་ལྟ་བུར་སྣང་ནའང༌། སྐར་མ་ཚུད་པའི་མཁའ་དབྱིངས་ཀྱི་ཕུང་པོ་ཚང་མ་རྒྱུན་ཆད་མེད་པར་བར་སྣང་ལ་འགུལ་སྐྱོད་བྱེད་བཞིན་ཡོད།
སྐར་སྡེ་ནི་བཀོད་རིས་ཤིག་ཆགས་བྱེད་ཀྱི་སྐར་མའི་སྡེ་ཚོགས་ཤིག་ཡིན།
ཉི་མ་ལྟ་བུའི་སྐར་མ་ཞིག་ལ་འཁོར་བགྲོད་བྱེད་པའི་མཁའ་དབྱིངས་ཀྱི་ཕུང་པོར་རྒྱུ་སྐར་ཟེར།
རྒྱུ་སྐར་ཞིག་ལ་འཁོར་བགྲོད་བྱེད་པའི་མཁའ་དབྱིངས་ཀྱི་ཕུང་པོར་འཁོར་སྐར་རམ་ཟླ་བ་ཟེར།
ཉི་མའི་ཁྱིམ་རྒྱུད་ནི་རྒྱུ་སྐར་དགུ་དང༌། རྒྱུ་སྐར་ཕྲ་མོ། སྐར་མ་དུ་བ་མཇུག་རིང༌། སྐར་རྡོ་དང་གནམ་རྡོ་བཅས་འདུས་པ་ལས་གྲུབ་ཡོད།
རང་གི་ངེས་གཏན་གྱི་འཁོར་ལམ་བརྒྱུད་ཉི་མར་འཁོད་བགྲོད་བྱེད་པའི་རྒྱུ་སྐར་དགུ་ཡོད་ཅིང༌། དེ་ལས་དྲུག་ནི་ཆུ་བུར་མིག་གིས་མཐོང་ནུས་པའི་ཆ་ནས་གནའ་སྔ་མོ་ནས་ཤེས་ཡོད།
ཟླ་བ་ནི་སའི་གོ་ལའི་རང་བྱུང་འཁོར་སྐར་ཡིན། རྒྱུ་སྐར་གཞན་འགའ་ལ་ཡང་རང་གི་རང་བྱུང་འཁོར་སྐར་ཡོད།
ཟླ་བའི་འཕེལ་འགྲིབ་ནི། ཟླ་བ་དང༌། སའི་གོ་ལ། ཉི་མ་བཅས་ཀྱི་ལྟོས་འཇོག་གནས་སྟངས་ཀྱི་དབང་གིས་བྱུང་བ་རེད།
སའི་གོ་ལའི་ཐོག་གི་ནམ་དུས་ཀྱི་འགྱུར་བ་ནི། ཉི་མའི་མཐའ་འཁོར་དུ་སའི་གོ་ལ་བགྲོད་ཚུལ་དང༌། དེའི་སྲོག་ཤིང་ཡོ་བའི་ངང་རང་འཁོར་བྱེད་ཚུལ་ལ་བརྟེན་ནས་བྱུང༌།
བཅོས་མའི་འཁོར་སྐར་ནི་ཐག་རིང་གི་ཆ་འཕྲིན་དང༌། ཉམས་ཞིབ། རྒྱང་ཚོར།(Remote Sensing) རྒྱལ་སྲུང་བཅས་སུ་བེད་སྤྱོད་བྱེད།
རྒྱ་གར་ནི་འཛམ་གླིང་ན་བཅོས་མའི་འཁོར་སྐར་གསར་བཟོ་དང་སའི་གོ་ལའི་འཁོར་ལམ་ནང་གཏོང་ཐུབ་པའི་ལག་རྩལ་ལྡན་པའི་རྒྱལ་ཁབ་དྲུག་ཡོད་པ་ལས་གཅིག་རེད།


སྦྱོང་ཚན།

༡། གཤམ་གསལ་ལས་གང་བརྟན་སྐར་རེད་དམ།
ཀ༽ ཨལ་ཕ་ སན་ཆུ་རི་Alpha Centuari ཁ༽ ཌའི་མོ་སེ་ (Deimos) ག༽ སྨིན་དྲུག (Orion) ང༽ ཕོ་བྷོ་སེ། (Phobos)

༢། བྱང་སྐར་དོམ་ཆེན་(Ursa Major )ནི།
ཀ༽ སྐར་མ་ཞིག་རེད། ཁ༽ རྒྱང་ཤེལ་ལ་བརྟེན་ན་མ་གཏོགས་མཐོང་མི་ཐུབ་པ་ཞིག་རེད། ག༽ སྐར་སྡེ་ཞིག་རེད། ང༽ མིག་དམར་གྱི་རང་བྱུང་འཁོར་སྐར་ཞིག་རེད།

༣། ཟླ་བར་འཕེལ་འགྲིབ་འབྱུང་བ་མཐོང་བའི་རྒྱུ་མཚན་ནི།
ཀ༽ ཟླ་བས་ཉི་འོད་ལྡོག་འཕྲོ་མི་བྱེད་པའི་དབང་གིས་རེད། ཁ༽ ཟླ་བའི་ཆ་ཤས་འགས་ལྡོག་འཕྲོ་བྱས་པའི་ཉི་འོད་སའི་གོ་ལར་འཕྲོས་པས་རེད། ག༽ སའི་གོ་ལའི་གྲིབ་མ་ཟླ་བའི་ངོས་སུ་ཕོག་པས་རེད། ང༽ ཟླ་བའི་ཆ་ཤས་ཁ་ཤས་ཀྱིས་མ་གཏོགས་འོད་མི་སྦྱིན་པས་རེད།


༤། གཤམ་གསལ་ལས་གང་ཞིག་ཉི་མའི་ཁྱིམ་རྒྱུད་ཀྱི་ཁོངས་གཏོགས་མིན་ནམ།
ཀ༽ སྐར་རྡོ། ཁ༽ ཞོགས་སྐར། ག༽ འཁོར་སྐར། ང༽ སྐར་སྡེ།


༥། ཆ་རྒྱུས་ཡོད་པའི་གཟུགས་དབྱིབས་ཤིག་སྒྲུབ་བྱེད་ཀྱི་སྐར་མའི་ཚོགས་ལ་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཟེར།

༦། མཁའ་དབྱིངས་ཀྱི་ཕུང་པོ་གང་ཞིག་རྒྱུ་སྐར་ཞིག་ལ་འཁོར་བགྲོད་བྱེད་ན་་་་་་་་་་་་་་་་་་་་་་་་་་་་་་་་་ཟེར་ཞིང༌། བརྟན་སྐར་ཞིག་ལ་འཁོར་བགྲོད་བྱེད་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཟེར།

༧། རྡོ་དང་ཆ་འདྲ་བའི་མཁའ་དབྱིངས་ཀྱི་ཕུང་པོ་ཞིག་སའི་གོ་ལའི་རླུང་ཁམས་ནང་འཛུལ་སྐབས། མཚན་མོར་དེ་ཉིད་་་་་་་་་་་་་་་་་་་་་་ཀྱི་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལྟ་བུར་མངོན་པ་དེར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཟེར།


༨། སྐར་མར་ལྟོས་ཏེ་གནས་ཡུལ་འགྱུར་བ་འགྲོ་བའི་མཁའ་དབྱིངས་ཀྱི་ཕུང་པོ་ཞིག་ལ་་་་་་་་་་་་་་་་་་་་་་་་་་་་ཟེར།


༩། བརྙན་འཕྲིན་ལེ་ཚན་ཐག་རིང་གི་ཡུལ་དུ་རྒྱང་བསྲིངས་ཐུབ་པ་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལ་བརྟེན་ནས་བྱུང༌།


༡༠། རྒྱུ་སྐར་ཕྲ་མོ་ནི་རྒྱུ་སྐར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དང་་་་་་་་་་་་་་་་་་་་་་་་་་་་་་་གཉིས་ཀྱི་འཁོར་ལམ་དབར་དུ་ཡོད།


༡༡། སྐར་མ་༡དོམ་ཆེན་དང་༢སྨིན་དྲུག་གཉིས་ཀྱི་མངོན་ཆེ་བའི་སྐར་མ་ཚོའི་གནས་སྟངས་རི་མོར་བྲིས།


༡༢། རང་བྱུང་འཁོར་སྐར་མང་ཤོས་ཡོད་པའི་རྒྱུ་སྐར་དེའི་མིང་བརྗོད།


༡༣། ཉི་མ་ནས་ཕར་བརྩིས་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་དགུའི་མིང་གོ་རིམ་བཞིན་བྲིས།


༡༤། སའི་གོ་ལའི་བྱང་ངོས་སུ་ཉི་མ་རིང་ཤོས་འཁེལ་བའི་ཉིན་གྱི་སའི་གོ་ལའི་གནས་བབ་སྟོན་པའི་དཔེ་རིས་རྒྱུ་སྐར་སོ་སོའི་མིང་བྱང་འཁོད་པ་ཞིག་བྲིས།


༡༥། རྒྱང་ཤེལ་གསར་གཏོད་བྱས་རྗེས་གསར་རྙེད་བྱུང་བའི་རྒྱུ་སྐར་རྣམས་ཀྱི་མིང་བྲིས།


༡༦། བཅོས་མའི་འཁོར་སྐར་གྱིས་ས་ཁྱོན་ཆེན་པོ་ཞིག་ཏུ་བརྙན་འཕྲིན་རྒྱང་བསྲིངས་ཐུབ་ཚུལ་འགྲེལ་བརྗོད་གྱིས།

2 comments:

  1. ཉིད་ཀྱིས་དེ་དག་དཔེ་རང་བྲིས་འདུག་རྗེས་སུ་ཡང་བཀྱར་ལྟ་ཡི་ཡིན། ར་ས་ཕོ་ཉས།

    ReplyDelete
  2. ཆ་ཚང་བཀླགས་པ་ཡིན། ཧང་སངས་པ་འདྲ་ཞིག་བྱུང་། འདི་འདྲ་མུ་མཐུད་བསྒྱུར་ནས་སྤེལ་རོགས།

    ReplyDelete