2010-05-14

ས་ག་ཟླ་བའི་དུས་ཆེན།



༅༅།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་གནས་སུ་འགོད་ཆེད་མཛད་པ་བརྗོད་ལས་འདས་པ་བཞེས་ཤིང༌། དེའི་ནང་ནས་ཐུན་མོང་གི་སྣང་ངོར། ༡༽ དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་དང༌། ༢༽ ཡུམ་གྱི་ལྷུམས་སུ་བཞུགས་པའི་མཛད་པ། ༣༽ སྐུ་བལྟམས་པའི་མཛད་པ། ༤༽ གཞོན་ནུའི་རོལ་རྩེད་མཛད་པའི་མཛད་པ། ༥༽ བཙུན་མོའི་འཁོར་གྱིས་རོལ་བའི་མཛད་པ། ༦༽ རབ་ཏུ་བྱུང་བའི་མཛད་པ། ༧༽ ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ། ༨༽ བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་མཛད་པ། ༩༽ བདུད་བརྟུལ་བའི་མཛད་པ། ༡༠༽ སངས་རྒྱས་པའི་མཛད་པ་ ༡༡༽ ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ། ༡༢༽ མྱ་ངན་ལས་འདས་པའི་མཛད་པ་བཅས་༼ཞིབ་ཕྲ་འདིར་བཀོད་ན་ཡིག་ཚོགས་མང་བས་མདོ་མཛངས་བླུན་ལྟ་བུ་ཞིག་ལ་གཟིགས་པར་ཞུ། བསྟན་འགྱུར་ནང་བཞུགས་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་པ་དེ་ཆ་ཚང་རྩོམ་འདིའི་མཇུག་ཏུ་བཀོད་ཡོད།༽མཛད་པ་བཅུ་གཉིས་བཞེས་པའི་ནང་ཚན། སྐུ་བལྟམས་པའི་མཛད་པ་དང༌། རབ་ཏུ་བྱུང་བའི་མཛད་པ། སངས་རྒྱས་པའི་མཛད་པ། མྱ་ངན་ལས་འདས་པའི་མཛད་པ་བཅས་བཞི་ནི་ས་ག་ཟླ་བའི་ནང་འཁེལ་བས་ཟླ་བ་འདི་རང་ཅག་ནང་པ་ཡོངས་ཀྱི་ཆེས་ཁྱད་པར་དུ་འཕགས་པའི་དུས་ཆེན་ཞིག་ཡིན།

ཟླ་བ་འདིའི་རིང་བོད་མི་ཚོས་དམར་ཟས་སྤོང་བ་དང༌། སེམས་ཅན་གཞན་གྱི་སྲོག་གླུ་བྱེད་པ། ངན་སློང་ལ་སྦྱིན་པ་གཏོང་བ། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་ཞུ་བ། ཕྱག་འཚལ་མཆོད་འབུལ་སོགས་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་ཡིན་ཞིང༌། དེའི་ནང་ནས་ཚེས་ ༡༥ དང་ ༣༠ གཉིས་ལ་དམིགས་བསལ་གྱིས་རྣམ་དཀར་དགེ་སྦྱོར་རྒྱ་ཆེན་པོ་ཞུ་སྲོལ་ཡོད། ཟླ་བ་འདིའི་རིང་དམིགས་བསལ་བོད་ཀྱི་རི་ཁྲོད་ཁག་དང༌། འབྱོར་ལྡན་མི་དྲག་ཁག་གི་སྒེར་ཤག་སོགས་ལ་སྙུང་གནས་སུ་གནས་མཁན་ཡང་མང་པོ་ཡོད།

དེ་བཞིན་སྔར་རང་གཞུང་རྩིས་ཁང་ལས་ཁུངས་ཀྱིས་ཇོ་ཤཱག་རྣམ་གཉིས་དང༌། གདན་ས་ཁག་གཙོ་གྱུར་བོད་ཀྱི་དགོན་སྡེ་ཁག་གི་རྟེན་གཙོ་ཡོངས་རྫོགས་ལ་ས་ཟླའི་མཆོད་སྤྲིན་ཞེས་ཞལ་གསེར་སྤྱན་འབྱེད་དང༌། མཆོད་འབུལ་སྙན་དར་སོགས་རྒྱ་གང་ཆེ་གནང་ལམ་ཡོད་པ་མ་ཟད། དགེ་འདུན་གྱི་འདུས་ཚོགས་ལ་བསྙེན་བཀུར་ཡང་ཟབ་རྒྱས་ཞུ་ཡི་ཡོད། དེ་བཞིན་རང་གཞུང་ནས་དུས་ཡུན་དེའི་རིང་གྲོང་ཁྱེར་ཁག་ཏུ་ཤ་ཁྲིམས་དང་བོད་ཡོངས་སུ་རི་རྒྱ་རླུང་རྒྱ་བསྡམས་ཀྱི་ཡོད་སྟབས་ས་ཟླའི་དུས་ཡུན་རིང་ཤ་ཁྲོམ་འདོན་པ་དང༌། རི་དྭགས་རྔོན་པ། ཉ་རིགས་འཛིན་པ་སོགས་སྲོག་གཅོད་དང་འབྲེལ་བའི་བྱ་བ་ཧ་ལམ་མཐོང་དུ་མེད་པ་ཞིག་ཡིན། མདོ་དོན་ཟླ་བ་འདིར་བོད་གཞུང་འབངས་ཚང་མས་རྣམ་དཀར་ཆོས་མཐུན་གྱི་ལས་ལ་བརྩོན་གྱི་ཡོད།། །།


གཤམ་གསལ་ནི་བོད་ནས་བཏོན་པའི་བསྟན་འགྱུར་དཔེ་བསྡུར་མ་ནས་དྲངས་པ་ཡིན།

༄༅། །མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ།(༡)

  ༄༅༅། །རྒྱ་གར་སྐད་དུ། དྭཱི་ད་ཤ་ཀཱ་ར་ནཱ་མ་ན་ཡ་(༢)སྟོ་ཏྲཾ། བོད་སྐད་དུ༑ མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ(༣)། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ༑ །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་(༤)ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་ལ་(༥)ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་(༦)སེང་གེ་དེས༑ །ཨཾ་ག་(༧)མ་ག་དྷཱར་(༨)ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །ཁ་ན་(༩)མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ༑ །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས༑ །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷཱ་(༡༠)ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །བཱ་རཱ་ཎ་སཱི་(༡༡)ལ་སོགས་གནས་མཆོག་ཏུ༑ །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་(༡༢)མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ(༡༣)། །ཐུབ་པ་གཡུལ་ལས་རྒྱལ་མཛད་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་(༡༤)རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ༑ །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་(༡༥)ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་། །མ་འོངས་སེམས་ཅ ན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །ཆ་བརྒྱད་སྐུ་གདུང་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད༌པ་ཡིས(༡༦)། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག །མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་བྱ་བ་སློབ་དཔོན༌ཆེན་པོ་འཕགས་པ་(༡༧) ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།

བསྡུར་མཆན།

(༡ )མཚན་བྱང་འདི་《པེ་》《སྣར་》ལྟར་བཀོད། (༢)《སྣར་》ཡཱ། (༣)《པེ་》《སྣར་》+ཞེས་བྱ་བ། (༤)《སྣར་》ལུམ་བིའི།(༥)《པེ་》《སྣར་》མཛད།(༦)《པེ་》《སྣར་》ཡིས།(༧)《སྣར་》ཨངྒ།(༨) 《པེ་》《སྣར་》དྷར། (༩)《པེ་》ནས། (༡༠)《པེ་》《སྣར་》དྷ།(༡༡)《པེ་》《སྣར་》བ་ར་ཎཱ་སེ། (༡༢)《པེ་》《སྣར་》ཁོར། (༡༣)《པེ་》བཏུད།(༡༤)《སྣར་》གྱི། (༡༥)《པེ་》བཤིགས། (༡༦)《པེ་》《སྣར་》བ་ཡི། (༡༧)《པེ་》《སྣར་》-ཆེན་པོ་འཕགས་པ།

2 comments:

  1. མཛད་པ་བཞི་པ་དང་ལྔ་པ་གཉིས་སོ་སོར་བགྲངས་མིན་བརྟག་དགོས་སྙམ། མགོན་པོ་ཀླུ་སྒྲུབ་ཀྱིས། སྐྱེ་བ་མངོན་པར་སྐྱེ་བ་དང་། །ཞེས་ལྷའི་བུ་དམ་པ་ཏོག་དཀར་གྱི་སྐྱེ་བ་བཞེས་པ་དེ་བགྲངས་འདུག

    ReplyDelete
  2. ར་ས་ཕོ་ཉས་གསུངས་པ་དེར་གནད་འགག་འདུག དུས་ཁོམ་ཡོད་དུས་འདི་ཚོར་དོ་སྣང་ཞུ་ཡི་ཡིན།

    ReplyDelete