2010-10-19

༅༅།། བོད་སོག་མཛའ་འབྲེལ་དང་མཐུན་ལམ་གྱི་ཆིངས་ཡིག་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་འཚོགས་གནང་བ།


སོག་ཡུལ་གྱི་རང་བཙན་ཞེས་པའི་དུས་དེབ་རྩོམ་སྒྲིག་ཁང་གིས་གོ་སྒྲིག་གནང་བའི་འོག་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༣ དང་ ༡༤ ཉིན་གཉིས་རིང་སོག་པོའི་རྒྱལ་ས་ཨུ་ལན་བ་དུར་བོད་དང་སོག་པོ་གཉིས་ཕྱི་ལོ་ ༡༩༡༣ ལོར་ཕན་ཚུན་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་ཆ་འཇོག་བྱ་རྒྱུའི་ཆིངས་ཡིག་བཞག་པ་དེའི་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྐོངས་འཚོགས་གནང་ཡོད།

བགྲོ་གླེང་ཚོགས་འདུ་དེའི་ཐོག་སོག་པོ་དང་རྒྱ་གར། ཨ་རི། ཀོ་རི་ཡ། ཨུ་རུ་སུ། ཁེ་ཎ་ཌ། ཐེ་ཝན། ཉི་ཧོང་། ཧོ་ལནྜ། འཇར་མ་ནི་སོགས་ནས་མཁས་པ་དང་མཁས་དབང་ཉི་ཤུ་རྩ་བདུན་ཙམ་ཕེབས་ཏེ། རྩོམ་ཤོག་སྒྲོག་སྦྱང་དང་བགྲོ་གླེང་ལྷུག་པོ་གནང་ཡོད།


དེ་ཡང་ཚེས་ ༡༣ ཉིན་གྱི་ཞོགས་པ་དབུ་འབྱེད་མཛད་སྒོའི་ཐོག་ཚོགས་སྐོང་འགན་འཛིན་རང་བཙན་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་མཁས་དབང་ཐུབ་ཤིང་ཏུག་སེ་(Tuvshintugs)ཡིས་གསུང་བཤད་གནང་རྗེས། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་ཕྱི་རྒྱལ་མཁས་པ་དང་བྱེ་བྲག་བོད་ཀྱི་མཁས་པ་ཚོའི་ཚབ་གནང་སྟེ་གསུང་བཤད་གནང་། སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་གྱི་གསུང་བཤད་ནང་། བོད་སོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་འབྲེལ་བ་དང་། ད་ལྟའི་གནས་སྟངས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་དོན་སྙིང་བཅས་རྩལ་དུ་བཏོན་ནས་གསུངས།

དེ་རྗེས་ཚོགས་ཐེངས་དང་པོའི་ནང་མཁས་དབང་༡༽ཇེ་བྷོར་དང་ ༢༽ ཆུང་ཚེ་རིང་། ༣༽ བྷ་བྷ་ཡར། ༤༽ བྷ་ཡ་སག་བཅས་ཀྱིས་རིམ་པ་བཞིན། ༡༽ བོད་སོག་ཆིངས་ཡིག་གི་ལོ་རྒྱུས་ཀྱི་གལ་གནད་དང་། ༢༽ བོད་སོག་ཆིངས་ཡིག་གི་རྒྱབ་ལྗོངས་དང་གལ་གནད། རྩོད་གཞི་བཅས་དང་འབྲེལ་བའི་ཕག་རིའི་གསང་མོལ། ༣༽ སྟོབས་ཆེན་རྒྱལ་ཁབ་ཚོས་བོད་སོག་ཆིངས་ཡིག་ལ་འཛིན་པའི་རྣམ་འགྱུར། ༤༽ རྒྱལ་སྤྱིའི་འབྲེལ་ལམ་གྱི་ཁྲོད་དུ་བོད་སོག་ཆིངས་ཡིག་གི་གལ་གནད་བཅས་ཀྱི་སྐོར་རྩོམ་ཤོག་སྒྲོག་སྦྱང་གིས་བགྲོ་གླེང་གནང་།

ཚོགས་ཐེངས་གཉིས་པའི་ནང་མཁས་དབང་༡༽ སར་ཇིའུ་དང་། ༢༽ མའེ་ཁལ་ ཝན་ པ་རག ༣༽ སེ་པར་ལིང་། ༤༽ བྱམས་པ་བསམ་གཏན་བཅས་ཀྱིས་རིམ་པ་བཞིན། ༡༽ བོད་སོག་ཆིངས་ཡིག་དེ་རྒྱལ་སྤྱིའི་ཐོག་ཁྲིམས་ནུས་ཡོད་པའི་ཡིག་ཆ་ཞིག་ཡིན་ཚུལ། ༢༽ རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་སོག་ཆིངས་ཡིག་གི་ངོ་བོར་དཔྱད་པ། ༣༽ བོད་སོག་ཆིངས་ཡིག་ལ་རྒྱལ་སྤྱིས་དོ་སྣང་དང་འགྲེམས་སྤེལ་གྱི་སྐོར། ༤༽ བོད་སོག་ཆིངས་ཡིག་གི་ཁྲིམས་མཐུན་རང་བཞིན་བཅས་ཀྱི་སྐོར་ལ་རྩོམ་ཤོིག་སྒྲོག་སྦྱང་གིས་བགྲོ་གླེང་གནང་།


ཚོགས་ཐེངས་གསུམ་པའི་སྐབས་མཁས་དབང་༡༽ ཚེ་རིང་ཤཀྱ་དང་། ༢༽ ནི་ཀོ་ལའེ་ ཚེ་རེམ་པི་ལོབ། ༣༽ བསོད་ནམས་རྒྱལ་མཚན། ༤༽ ལིན་ཨིན་ཤོང་བཅས་ཀྱིས་རིམ་པ་བཞིན། ༡༽ དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་བོད་སོག་རྒྱལ་ཁབ་གཉིས་གྲུབ་ཚུལ་གཤིབས་བསྡུར། ༢༽ བོད་སོག་ཆིངས་ཡིག་གི་ཟིན་བྲིས་ཇི་ལྟར་བཀོད་མིན་སྐོར་གྱི་དཔྱད་གཞི་གསར་པ། ༣༽ ཕྱི་ལོ་ ༡༩༡༣ ལོའི་བོད་སོག་ཕན་ཚུན་རང་བཙན་ངོས་འཛིན་གྱི་ཆིངས་ཡིག་སྐོིར། ༤༽ དུས་རབས་ཉི་ཤུ་པའི་འགོ་སྟོད་ཀྱི་སོག་པོ་རང་བཙན་དང་དེའི་ཕྱིའི་རྒྱུ་རྐྱེན་གྱི་སྐོར་བཅས་ལ་རྩོམ་ཤོག་སྒྲོག་སྦྱང་གིས་བགྲོ་གླེང་གནང་།

ཚོགས་ཐེངས་བཞི་པའི་སྐབས་མཁས་དབང་། ༡༽ ལེབ་ཀོབ་དང་། ༢༽ བྷར་མན། ༣༽ ལྕམ་སུའུ་སན་བཅས་ཀྱིས་རིམ་པ་བཞིན། ༡༽ དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་ཨེ་ཤ་ཡའི་དབུས་ས་ཁམས་སྲིད་དོན་ནང་རྡོ་རྗེ་ཡིབ་དང་བོད་སོག་ཆིངས་ཡིག་གི་ཤུགས་རྐྱེན། ༢༽ རྒྱལ་ཁབ་ཀྱི་བདག་དབང་དང་བོད་སོག་ཆིངས་ཡིག ༣༽ ༡༩༠༨ ལོར་ཨ་རི་བ་ཝི་ལིམ་ རོག་ཧིལ་གྱིས་རྒྱ་ནག་རི་བོ་རྩེ་ལྔར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དང་མཇལ་མོ་ཁྱུག་ཙམ་ཞུས་པའི་སྐོར་བཅས་ཀྱི་རྩོམ་ཤོག་སྒྲོག་སྦྱང་གིས་བགྲོ་གླེང་གནང་མཐར། ཉིན་དང་པོའི་བགྲོ་གླེང་མཇུག་བསྒྲིལ།


ཉིན་གཉིས་པ་དང་ཚོགས་ཐེངས་ལྔ་པར་མཁས་དབང་ ༡༽ ཨུ་ལམ་བྷ་ཡར་དང་། ༢༽ ཇོ་སྲས་བཀྲ་ཤིས་ཚེ་རིང་། ༣༽ ཀིམ་སུང་སོའོི་བཅས་ཀྱིས་རིམ་པ་བཞིན། ༡༽ མང་བཀུར་སོག་པོའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་ནང་བོད་སོག་ཆིངས་ཡིག་གི་ལངས་ཕྱོགས། ༢༽ ཕྱི་ལོ་ ༡༩༡༣ ཕྱི་ཟླ་དང་པོའི་ནང་བཞག་པའི་བོད་སོག་ཆིངས་ཡིག ༣༽ ཆིང་རྒྱལ་རབས་འཐོར་ཉེའི་སྐབས་ཀྱི་བོད་སོག་གཉིས་ཀྱི་འབྲེལ་བ་བཅས་ཀྱི་སྐོར་རྩོམ་ཤོག་སྒྲོག་སྦྱང་གིས་བགྲོ་གླེང་གནང་།


ཚོགས་ཐེངས་དྲུག་པར། མཁས་དབང་༡༽ དགོན་པོ་བསོད་རིན་(སོག་པོ་)དང་། ༢༽ སོ་ནི་བྷ་ཡར། ༣༽ སྐལ་བཟང་རྒྱལ་མཚན་བཅས་ཀྱིས་རིམ་པ་བཞིན་༡༽ཕྱི་ལོ་ ༡༩༡༣ ལོའི་བོད་སོག་ཆིངས་ཡིག་དང་ཕྱི་ལོ་ ༡༩༢༢ ལོའི་སོག་པོའི་ཕྱི་སྲིད་ལས་ཁུངས་ཀྱི་ཟིན་ཐོ་གཉིས་གཤིབས་བསྡུར། ༢༽ ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སོག་ཡུལ་ནང་བཞུགས་སྐབས་ཀྱི་གནས་ཚུལ། ༣༽ བོད་སོག་ཆིངས་ཡིག་མ་བཞག་གོང་གི་བོད་དང་མན་ཇུའི་སྲིད་གཞུང་བར་གྱི་འབྲེལ་བ་བཅས་ཀྱི་སྐོར་རྩོམ་ཤོིག་སྒྲོག་སྦྱང་གིས་གྲོས་བསྡུར་གནང་།



དེ་རྗེས་བགྲོ་གླེང་མཇུག་བསྡོམས་ཀྱི་མཛད་སྒོ་དང་། སོག་པོའི་གྲོས་ཚོགས་ཁང་གི་མདུན་དུ་ཚོགས་བཅར་བ་ཡོངས་དྲན་རྟེན་འདྲ་པར་བསྒྲོན་པ། དགོང་དྲོ་སོག་པོའི་གཞུང་གིས་ཚོགས་བཅར་བ་ཡོངས་ལ་གསོལ་སྟོན་ཟབ་རྒྱས་དང་མཉམ་དུ་སོག་པོའི་ཐུན་མ་མ་ཡིན་པའི་གཞས་སྣ་གཟིགས་འབུལ་ཞུས།


ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཚོགས་བཅར་བ་བརྒྱ་ཆ་ ༩༩ ཡིས་བོད་སོག་གི་ཆིངས་ཡིག་དེ་ཁྲིམས་མཐུན་ཡིན་པ་དང་སྐབས་དེའི་བོད་སོག་གཉིས་ཀྱི་མངོན་འདོད་ངོ་མ་མཚོན་ཡོད་པའི་ངོས་འཛིན་གཅིག་མཐུན་གནང་ཞིང་། ཚོགས་བཅར་བ་ཚོས་བོད་ཡིག་དང་སོག་ཡིག རུ་སུའི་ཡི་གེ དབྱིན་ཡིག རྒྱ་ཡིག་སོགས་ཀྱི་དཔྱད་གཞི་ཁུངས་ལྡན་འབོར་ཆེན་ལ་བརྟེན་ནས། ༡༩༡༣ ལོའི་བོད་སོག་མཛའ་འབྲེལ་དང་མཐུན་འགྱུར་གྱི་ཆིངས་ཡིག་ལ་དཔྱད་བརྗོད་གཏིང་ཟབ་བྱེད་ཐུབ་ཡོད། ལྷག་པར་དུ་དེ་སྔོན་རྩོད་གཞིར་གནས་པའི་གནད་དོན་དཔེར་ན། ༸གོང་ས་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོས་མཚན་ཞབས་རྡོ་རྗེ་ཡིབ་ལ་བོད་ཀྱི་ཚབ་བྱས་ཏེ་ཆིངས་ཡིག་བཞག་ཆོག་པའི་དབང་ཆ་གནང་ཡོད་མེད་སོགས་ཀྱི་སྐོར་ལ། དཔྱད་གཞི་དང་དཔང་རྟགས་གསར་པར་བརྟེན་ནས་མཐའ་བསྡོམས་འཇོག་ཐུབ་པ་བྱུང་ཞིང་། ཚོགས་འདུ་འདིའི་ཐོག་དེ་སྔོན་རྩ་བ་ནས་མཐོང་མྱོང་མེད་པ་དང་མཐོང་དཀོན་པའི་ཡིག་ཆ་དཔེར་ན། བོད་སོིག་ཆིངས་ཡིག་གི་ཟིན་བྲིས་དང་། བོད་སོག་ཆིངས་ཡིག་གི་བོད་ཡིག་མ་ཕྱི། བོད་སོག་ཆིངས་ཡིག་གི་སོག་ཡིག་མ་ཕྱི། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཨུ་རུ་སུའི་གོང་མ་ཛར་ལ་གནང་བའི་གསང་བའི་ཕྱག་བྲིས་སོགས་མིག་སྟོན་དང་ལུང་འདྲེན་བྱུང་ཡོད་པ་རེད།། །།

3 comments:

  1. པར་གྱི་འགྲེལ་བཤད།
    ༡༽ ཚོགས་རའི་རྣམ་པ།
    ༢༽ བོད་སོག་ཆིངས་ཡིག་གི་སོག་ཡིག་དང་བོད་ཡིག་མ་ཕྱི།
    ༣༽ ཚོགས་བཅར་བ་ཡོངས་མཉམ་དུ་བསྒྲོན་པ། རྐུབ་སྟེགས་སྒང་ལ་བཞུགས་པའི་མི་རེས་རྒྱལ་ཁབ་རེ་མཚོན། ༼དཀྱིལ་གྱི་མིག་ཤེལ་ཅན་དེ་ཚོགས་འདུའི་གོ་སྒྲིག་པ་རེད་༽

    ReplyDelete
  2. ཆུང་ཚེ་རེིང་ལགས། ཆིངས་ཡིག་འདིའི་ནང་བཀོད་པའི་ནང་དོན་རྣམས་ཅི་མ་ཅི་བཞིན་བོད་ཡིག་ཡིག་ཐོག་ཏུ་བཀོད་ནས་འདིར་འགོད་ཐུབ་ན་དགེ་མཚན་ཆེ་བར་སྙམ་པས་དེ་དོན་རེ་སྐུལ་ཡོད་པ་ཞུ། དཔལ་རྡོར་ནས།

    ReplyDelete
  3. དཔལ་རྡོར་ལགས་ཀྱིས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ང་ལ་དུས་ཁོམ་བྱུང་བ་དང་ཆིངས་ཡིག་གི་འབྲུ་དོན་ཆ་ཚང་འདིར་བཀོད་ཆོག

    ReplyDelete