2010-10-24

བོད་ནང་བོད་ཡིག་གི་འཆི་གསོན། (དུམ་བུ་དང་པོ།)

(མི་རིགས་ཤིག་གི་སེམས་པ་མཚོན་བྱེད་ཀྱི་སྐད་བརྡའི་ལས་དབང་།)
 

ཀ༽ སྔོན་གླེང་།

༅༅།། ད་ལྟ་ནས་བརྩིས་པའི་ཟླ་བ་གཅིག་ལྷག་གི་གོང་སྟེ། ཕྱི་ཟླ་ ༩ ཚེས་ ༡༠ ཉིན་པེ་ཅིང་དུ་བོད་ཀྱི་སྒྱུ་རྩལ་བ་ཁག་ཅིག་གིས་"ཉི་བཀྲག་"ཅེས་པའི་སྒྱུ་རྩལ་འགྲེམས་སྟོན་ཞིག་འགོ་འཛུགས་བྱས་ཡོད་ཅིང་། འགྲེམས་སྟོན་དེའི་ཁོངས་བོད་ཀྱི་ནང་ཆོས་དང་སྤྱི་ཚོགས། ཁོར་ཡུག སེམས་ཁམས་སོགས་མཚོན་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་བཤམས་ཡོད་པའི་ཁོངས། ངས་དོ་སྣང་ཆེ་ཤོས་བྱུང་བའི་བརྩམས་ཆོས་ཤིག་ནི། སྲ་མཁྲེགས་དང་རྙིང་ཉམས་དོད་པའི་བོད་ཡིག་གི་གསལ་བྱེད་རེ་རེ་བཞིན་སྒྲོམ་རེའི་ནང་བཅུག་པའི་མདུན་དུ། མཆོད་མེ་ཀོང་བུ་རེ་ཕུལ་ཡོད་པའི་འབུར་གཟུགས་སྒྱུ་རྩལ་ཞིག་ཡིན། སྒྱུ་རྩལ་བརྩམས་ཆོས་དེས། བོད་ཀྱི་སྐད་ཡིག་གི་ལས་དབང་ངོ་མ་སྟེ། ལོ་རྒྱུས་རིང་ཞིང་དོན་སྟོན་པའི་ནུས་སྟོབས་ཆེ་བའི་རྩ་ཆེའི་སྐད་ཡིག་དེ། ད་ཆ་རྒྱ་ནག་གཞུང་གིས་རྒྱ་ལུགས་ཀྱི་རོ་སྒམ་ནང་བཙན་ཤེད་ཀྱིས་བཅུག་ཡོད་པ་དང་། བོད་མི་དང་བོད་ཀྱི་རིག་གཞུང་ལ་དགའ་ཞེན་ལྡན་པ་ཚོས་དེ་ལ་གཅེས་སེམས་ཆེན་པོས་བོད་ལུགས་ཀྱི་མཆོད་མེ་ཕུལ་ཏེ། སྐད་ཡིག་དེར་བཅངས་པའི་བརྩེ་དུང་ཟབ་མོ་དེ་ཧ་ཅང་གནད་ལ་འཁེལ་བའི་མཚོན་ཐབས་སྤྱད་དེ་མཚོན་པར་བྱས་འདུག ང་ལ་མཚོན་ན། བོད་རིགས་སྒྱུ་རྩལ་བ་ཚོས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། བོད་མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་སྐོར་ལ། དེ་འདྲའི་གནད་ལ་འཁེལ་བའི་བརྩམས་ཆོས་ཤིག་འགྲེམས་སྟོན་ཐུབ་པ་ནི། སྤྱིར་བཏང་མ་ཡིན་པའི་གནས་ཚུལ་ཞིག་རེད། འོན་ཀྱང་བརྩམས་ཆོས་དེའི་བསྟན་དོན་ལ་རྒྱ་ནག་གཞུང་གིས་གོ་བ་ཡག་པོ་ཞིག་མ་ལོན་པའམ། ཡང་ན་སྣང་མེད་དུ་བཏང་བ་གང་ཡིན་མི་ཤེས་རུང་། རྒྱ་ནག་གི་གཞུང་གཉེར་དྲྭ་ལམ་དུ་བརྩམས་ཆོས་དེ་བཀོད་འདུག (དྲྭ་ཐག་འདི་ལ་གཟིགས། http://tb.tibet.cn/news/xz_news/ttxw/201009/t20100912_627365.htm)

པེ་ཅིང་གི་འགྲེམས་སྟོན་འགོ་འཛུགས་བྱས་ནས་ཟླ་བ་གཅིག་ལྷག་སོང་བའི་རྗེས་ཏེ་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་ནས་བོད་ལྗོངས་མདོ་སྨད་རེབ་གོང་ས་ཁུལ་དུ་བོད་ཀྱི་ལོ་ཆུང་བྱིས་པ་ཁག་ཅིག་གིས་ལག་ཏུ་“མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་”གི་ཤོག་བྱང་འཁྱེར་ཏེ། ཁྲོམ་སྐོར་སྐད་འབོད་བྱས་ཤིང་། ད་ཆ་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་དེར། བོད་ཀྱི་ས་ཁུལ་གཞན་ནས་དོ་སྣང་དང་རྒྱབ་སྐྱོར་བྱས་ཏེ་ལས་འགུལ་མུ་མཐུད་དེ་རྒྱ་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་ཐོན་ཡོད། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྐད་འབོད་ཁྲོམ་སྐོར་གྱི་ཞི་བའི་ལས་འགུལ་གཞི་རྒྱ་དང་གྲགས་ཆེ་ཤོས་དེ་ཆགས་ཡོད་ཀྱང་། ཐོག་མ་དེ་མ་རེད། བོད་ཀྱི་ལོ་རྒྱུས་ཐོག་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་འབྲེལ་བའི་ཁྲོམ་སྐོར་དང་པོ་དེ་ཕྱི་ལོ་ ༡༩༨༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་མཚོ་སྔོན་གཉིས་སུ་དུས་ཐུང་ཞིག་གི་རིང་བྱུང་ཞིང་། དེ་དང་དུས་མཉམ་དུ་ཀན་སུའུ་དང་ཟི་ཁྲོན་སོགས་བོད་རིགས་གནས་སྡོད་ས་ཁུལ་དུའང་བོད་ཡིག་བེད་སྤྱོད་བྱ་དགོས་པའི་ཡིག་ཆ་བཀྲམས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།


ལྷ་སའི་སྐད་འབོད་དེ་ནི། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་ཕྲུག་ཚོས་འགོ་འཛུགས་བྱས་ཤིང་། སྐབས་དེར་ང་རང་ལྷ་སར་ཡོད་སྟབས། ཁོང་ཚོའི་ལས་འགུལ་དེ་དངོས་སུ་མིག་མཐོང་ལག་ཟིན་བྱུང་། སྐབས་དེར་ང་རང་ལྷ་སའི་ཀླུ་སྒུག་གྲོང་ལྷན་ཁོངས་སུ་ཡོད་ཅིང་། བོད་ལྗོངས་སློབ་ཆེན་གྱི་སློབ་མ་དེ་ཚོས་གཅིག་ལ་གཅིག་སྦྲེལ་གྱི་རུ་སྟར་རིང་པོ་བསྒྲིགས་ཏེ་རྒྱལ་ཁ་ལམ་ཟེར་བའི་གཞུང་ལམ་དེ་བརྒྱུད་དེ་འགྲོ་སྐབས། ངས་ཀྱང་རུ་སྟར་གྱི་ཁོངས་སུ་འཛུལ་ཐབས་བྱས་པ་ཡིན། འོན་ཀྱང་སྐབས་དེར་བོད་ལྗོངས་སློབ་ཆེན་གྱི་སློབ་མ་མ་གཏོགས། གཞན་ཕྱི་མི་སུ་ཡང་རུ་སྟར་གྱི་ཁོངས་སུ་འཛུལ་དུ་འཇུག་གི་མི་འདུག ཁོང་ཚོས་དལ་ལྷོད་ངང་ཁྲོམ་སྐོར་བྱེད་ཞོར་མང་ཚོགས་ལ་ཤོག་བུ་ཞིག་འགྲེམས་བཞིན་འདུག་པ་དེའི་སྟེང་དུ་བོད་ཡིག་དང་འོག་ཏུ་རྒྱ་ཡིག་གིས་བོད་ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་དགོས་པའི་དགོས་འདུན་བྲིས་འདུག

བརྡ་འཕྲིན་ལག་རྩལ་དར་ཁྱབ་དེ་ཙམ་མེད་པའི་དབང་གིས་ ༡༩༨༨ ལོར་བོད་ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐད་དུ་གཞི་རྒྱ་ཆེ་ཙམ་གྱི་སྐད་འབོད་བྱུང་བ་དེའི་སྐོར་གནས་ཚུལ་ཁྱབ་སྤེལ་དེ་ཙམ་བྱུང་མེད་ཅིང་། ལྷག་པར་དུ་ལོ་དེར་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་སོ་སོའི་ནང་བྱུང་བའི་གནས་ཚུལ་ནི་ཕྱི་མི་ལྟ་ཅི། བོད་མི་ནང་ཁུལ་གྱིས་ཀྱང་ཤེས་རྟོགས་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་སྐབས་དེར་གནས་ཚུལ་བྱུང་ཡོད་པ་ནི། གཤམ་གསལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གསུང་བཤད་དུམ་བུ་ཞིག་གིས་དཔང་རྟགས་བྱེད་ཐུབ་ཀྱི་ཡོད། དེ་ཡང་པཎ་ཆེན་རིན་པོ་ཆེས།

“ལྷ་སར་བོད་ལྗོངས་སློབ་གྲྭ་ཆེ་མོའི་སློབ་ཕྲུག་ཚོས་བོད་ཡིག་བེད་སྤྱོད་བྱེད་པའི་རང་དབང་དགོས་ཞེས་སྐད་བརྒྱབ་ཡོད་པ་རེད། ཁོ་ཚོས་རེ་བ་ཞུ་བའི་ཐབས་ལམ་གྱི་བྱེད་སྟངས་དེ་ལ་ང་ཚོས་བསྟོད་བསྔགས་བྱེད་མི་ཐུབ་ཀྱང༌། ཁོ་ཚོས་བཏོན་པའི་རེ་བ་ནི་ཚུལ་དང་མཐུན་པ་ཞིག་རེད། འདི་དང་འདི་འདྲ་བའི་གནས་ཚུལ་ས་ཁུལ་གཞན་ལའང་བྱུང་མི་འདུག་གམ། མཚོ་སྔོན་ལ་བྱུང་མི་འདུག་གམ། ཡིག་ཆ་བཀྲམ་པ་སོགས་དེ་འདྲའི་གནས་ཚུལ་ཀན་སུའུ་དང༌། ཟི་ཁྲོན་ལའང་བྱུང་མི་འདུག་གམ།”(༡)ཞེས་གསུངས་ཡོད།

བོད་མི་རིགས་ཀྱི་སྐད་ཡིག་ལ་འཕྲད་པའི་ཉེན་ཁ་དེ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་དུས་མཉམ་དུ་བྱུང་བ་ཞིག་ཡིན་པ་དཔེར་ན། གྲོས་མཐུན་དོན་ཚན་བཅུ་བདུན་དུ་འབོད་པའི་བོད་ཡིག་མ་ཕྱིའི་ནང་། ཀུང་ཐུང་ཀང་ལིང་ཞེས་པའི་རྒྱ་ཡིག་གི་སྒྲ་རང་སོར་འབྲི་རུང་དང་མི་རུང་བོད་རྒྱ་གཉིས་ཀྱི་སྐུ་ཚབ་དབར་རྩོད་གླེང་བྱས་རྗེས། རྒྱ་ཕྱོགས་ནས་བཙན་དབང་གིས་བྲིས་པས་མཚོན། སྐབས་དེ་དང་དུས་དེ་ཤེད་ནས་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་འཕྲད་འགོ་ཚུགས་ཤིང་། དེ་ནས་བརྩིས་པའི་ལོ་ངོ་ ༥༩ སོང་བའི་དེ་རིང་། བོད་ཀྱི་མི་རབས་གསར་པ་ཚོས། བོད་ཀྱི་སྐད་ཡིག་འདི་འཆི་གསོན་གྱི་སོ་མཚམས་ནས་སྐྱོབས་ཐབས་བྱེད་བཞིན་པ་ནི། གངས་ཅན་པ་ཡོངས་རྫོགས་ཀྱི་སྤོབས་པ་དང་ཡི་རང་གི་གནས་ཡིན།

སྔོན་མ་པཎ་ཆེན་རིན་པོ་ཆེ་ལྟ་བུའི་བླ་ཆེན་དང་། བཀྲ་ཤིས་ཚེ་རིང་དང་སྡེ་རོང་ཚེ་རིང་དོན་གྲུབ་ལྟ་བུའི་ཤེས་ཡོན་ཅན་ཚོས་བོད་ཀྱི་སྐད་ཡིག་གི་གནས་སྟངས་སྐོར་ལ། བསམ་འཆར་འདོན་མྱོང་ལ། སྲིད་གྲོས་ཀྱི་འཐུས་མི་ཟེར་བ་ཚོས་ཀྱང་གྲོས་གཞི་ཤུགས་ཆེ་འདོན་མྱོང་ཡོད། དེ་བཞིན་བོད་ལྗོངས་སློབ་ཆེན་གྱི་སློབ་མ་ཚོས་ཀྱང་ཁྲོམ་སྐོར་བྱེད་མྱོང་བ་རེད། ད་ཆ་བོད་མི་དཀྱུས་མའི་བུ་ཕྲུག་ཆུང་ཆུང་ཚོས་ཡར་ལངས་ཏེ་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་གི་ཐོབ་ཐང་རྩོད་བཞིན་པ་འདིས། དེང་སྐབས་བོད་ཀྱི་སྐད་ཡིག་ལ་ཉེན་ཁ་ཇི་ཙམ་གྱིས་ཆེན་པོ་འཕྲད་བཞིན་ཡོད་པ་དང་། དེས་བོད་མི་དཀྱུས་མ་ཚུན་གྱི་སྙིང་ལ་ན་ཟུག་སློང་བཞིན་པའི་ཟབ་ཚད་མཚོན་ཐུབ་པ་ཡིན།

བོད་ནང་གི་ལས་འགུལ་དེ་ཚོའི་རྒྱབ་ལྗོངས་ཀྱི་གནས་སྟངས་ཤེས་པར་ཕན་ཆེད། འདིར་ཕྲན་གྱིས་སྔ་ཕྱིའི་གནས་ལུགས་ཁག་ཅིག་མཁྱེན་རྟོགས་ཆེད་འབྲི་ཡི་ཡིན།


ཁ༽ ༡༩༥༡ ཚུན་གྱི་བོད་ཡིག་གི་གནས་སྟངས།

བོད་ཡིག་ནི་བོད་མི་རིགས་ཀྱིས་གངས་ལྗོངས་ས་མཐོ་རང་དུ་གསར་གཏོད་བྱས་པའི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཅིག་ཡིན་ཞིང༌། སྐད་ཡིག་འདི་ནི་འཛམ་གླིང་གི་ཕུལ་བྱུང་གི་སྐད་ཡིག་ཁྲོད་ཀྱི་གཅིག་ཡིན་ལ་དེང་རབས་ཀྱི་མཁས་པ་མང་པོས་ལེགས་སྦྱར་གྱི་སྐད་དང་དཔུང་པ་མཉམ་གཤིབས་ཐུབ་པའི་སྐད་ཡིག་གཅིག་པུ་དེ་ཡིན་པར་ངོས་འཛིན་མཛད་ཀྱི་ཡོད། སྐད་ཡིག་འདིའི་ནང་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རང་ངོས་ནས་གསར་གཏོད་དང་ཕྱི་ནས་ནང་འདྲེན་བྱས་པའི་རིག་པའི་གནས་ཡོངས་རྫོགས་གནས་ཡོད་ལ། བོད་ཡིག་གསར་གཏོད་བྱས་པ་ནས་ཕྱི་ལོ་ ༡༩༥༩ བར་གྱི་དུས་རབས་མང་པོའི་རིང་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་ཆབ་སྲིད་དང་འཛིན་སྐྱོང༌། རིག་གཞུང༌། ཆོས་ལུགས། སྒྱུ་རྩལ། ཤེས་ཡོན། འགྲིམས་འགྲུལ། དཔལ་འབྱོར། ཚོང་དོན་སོགས་ལས་དོན་ཚང་མའི་ནང་བོད་ཡིག་འདི་ཉིད་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་ཡོད།

རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་རྗེས་ཕྱི་ལོ་ ༡༩༥༥ ནས་ ༡༩༧༩ བར་གྱི་དུས་ཡུན་ནང་(༡༩༥༥ ནས་བོད་ཤར་ཕྱོགས་སུ་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་དུ་གཏོང་བའི་འགོ་བཙུགས་ཟིན་པ་རེད)བོད་ཀྱི་སྐད་ཡིག་དང་རིག་གཞུང༌། ཆོས་ལུགས། ཡུལ་སྲོལ་གོམས་གཤིས་བཅས་པ་མངོན་གསལ་དོད་པོས་རྩ་མེད་གཏོང་བའི་སྲིད་བྱུས་བཟུང་བར་བརྟེན། བོད་ཀྱི་སྐད་ཡིག་དེ་གཞུང་གི་འཛིན་སྐྱོང་ལས་ཁུངས་དང༌། སྤྱི་ཚོགས་ཞབས་ཞུའི་སྡེ་ཁག་ཚང་མའི་ནང་རྩ་བའི་ཆ་ནས་བེད་སྤྱོད་མེད་པར་གྱུར་ཐོག བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་སུམ་རྟགས་གཉིས་རྨོངས་དད་ཀྱི་ལག་ཆ་ཡིན་པར་བསྙད་དེ་འཆད་སྤེལ་བྱེད་མི་ཆོག་པ་དང༌། བོད་ཀྱི་ཡི་གེར་གསར་བརྗེ་བྱས་པ་ཡིན་ཞེས་རིག་པའི་གཞུང་ལུགས་དང་དངོས་ཡོད་ལག་ལེན་གཉིས་ཀར་མི་འཚམ་པའི་བཟོ་བཅོས་བྱས་ཏེ། བོད་ཀྱི་སྐད་ཡིག་དང་དེའི་གཞུང་ལུགས་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་བཟོས་ཡོད། དེའི་ཐད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས།

“བོད་ལ་ལོ་ ༡༣༠༠ ལྷག་རིང་བོད་ཡིག་བེད་སྤྱོད་བཏང་སྟེ་ཁུངས་འཁྱོལ་བའི་ས་ཁུལ་ཞིག་ལ་བཅིངས་འགྲོལ་བྱུང་ནས་གུང་ཁྲན་ཏང་གི་འགོ་འཁྲིད་འོག་ལོ་ངོ་ཉི་ཤུའི་ནང་བོད་ཡིག་རྦད་དེ་བརླག་པ་རེད། ད་ཆ་ཨུ་ཚུགས་བརྒྱབ་སྟེ་བོད་ཡིག་བེད་སྤྱོད་གཏོང་དགོས་པའི་གྲོས་ཆོད་ཅིག་བཞག་དགོས་བྱུང་བ་འདི་འཛམ་གླིང་ཐོག་ཞབས་འདྲེན་གྱི་ལས་ཀ་རེད།”(༢)

ཅེས་གསུངས་ཡོད། ཐ་ན་རིག་གནས་གསར་བརྗེ་ཆེན་པོ་མཇུག་བསྒྲིལ་ཏེ་ལོ་བཅུ་ལྷག་དང༌། རྒྱ་ནག་རྒྱལ་ཡོངས་ལ་བསྒྱུར་བཅོས་སྒོ་དབྱེ་དང་མི་རིགས་ཀྱི་སྲིད་བྱུས་དོན་འཁྱོལ་བྱེད་འགོ་བརྩམས་ནས་ལོ་རབས་གཅིག་ལ་ཉེ་བ་འགྲོ་བའི་སྐབས་སུའང་“ཀྲུང་དབྱང་ནས་ས་གནས་བར་གྱིས་”བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་དགོས་པའི་སྐོར་“བཤད་པ་ཙམ་ལས་ལག་ལེན་བསྟར་གྱི་”མེད། དེའི་ཐད་རྒྱ་ནག་དབུས་གཞུང་མི་རིགས་ལས་དོན་ཨུ་ཡོན་(འཐུས་མིའམ་ཚོགས་མི་)ལྷན་ཁང་གི་ལས་བྱེད་པ་དང༌། ༡༩༥༡ ལོར་བོད་རྒྱ་ཞི་མོལ་སྐབས་ཀྱི་སྣེ་ལེན་པ་དང་ཡིག་སྒྱུར་བ་གནང་མཁན། ཕྱིས་སུ་ཀྲུང་གོའི་(རྒྱ་ནག་གི་)བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཞེས་པའི་ལས་ཁུངས་ཀྱི་ཆེད་ཞུ་ཞིབ་འཇུག་པ་ཡིན་པའི་གསེར་ཚང་ཕུན་ཚོགས་བཀྲ་ཤིས་ཀྱིས་ཕྱི་ལོ་ ༡༩༨༩ ལོར་སྤེལ་བའི་རྩོམ་ཡིག་ཅིག་གི་ནང༌།

“བོད་ལྗོངས་སུ་རྒྱ་ཡིག་གཙོ་བོར་བྱས་སྟབས། གཞི་རིམ་དུ་བོད་ཡིག་གི་ཡིག་ཆ་ཞིག་ཧ་ལམ་མཐོང་རྒྱུ་མེད་པ་ལྟ་བུ་ཡིན་པར་བརྟེན། གཞི་རིམ་ལས་བྱེད་པས་གོང་རིམ་ནས་ཡིག་ཆ་བཀྲམ་པ་ནི་བྱ་བ་བསྒྲུབ་རྒྱུར་མཛུབ་སྟོན་གནང་ཆེད་ཡིན་ཡང༌། རྒྱ་ཡིག་རྐྱང་རྐྱང་བཀྲམ་ཡོང་བར་ང་ཚོས་ཀློག་མ་ཤེས་སྟབས། མཛུབ་སྟོན་གྱི་ནུས་པ་འདོན་མི་ཐུབ་པར་མ་ཟད། གལ་ཏེ་ཡིག་ཆ་བོར་བ་ཡིན་ན་ཡིག་ཆ་འབོར་བརླག་ཏུ་སོང་བའི་ཉེས་ཆད་འཁྲི་བར་དོགས་ཏེ་རྡོག་ཁྲེས་ལྟ་བུར་ཆགས་ཡོད་༌༌”ཅེས་དང༌། ཡང་“གཞི་རིམ་ནས་བོད་ཡིག་ཐོག་གོང་རིམ་ལ་གནས་ཚུལ་ཡི་གེ་ཕུལ་སྐབས། འགོ་ཁྲིད་ཁ་ཤས་ཀྱིས་བོད་ཡིག་ཀློག་མི་ཤེས་ཞེས་རྩིས་མི་ལེན་པའམ་བདག་མེད་དུ་བཞག་འདུག”(༣)

ཅེས་གསུངས་ཡོད། དེ་བཞིན་ནམ་རྒྱུན་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ནང་དུའང་བོད་ཡིག་དང་བོད་སྐད་བེད་སྤྱོད་མེད་པ་ནི་བོད་ནང་གི་བོད་རིགས་ཤེས་ཡོན་ཅན་བསོད་ནམས་ཀྱིས་ ༡༩༨༩ ལོར་སྤེལ་བའི་རྩོམ་ཡིག་ནང༌། 
“རྒྱལ་གཉེར་ཚོང་ཁང་ནང་ལོ་ངོ་བཅུ་ཕྲག་ཁྲོམ་སྟེགས་ཐོག་ལངས་ནས་ཉིན་ལྟར་ཚོང་མགྲོན་བ་གཙོ་བོ་བོད་རིགས་མང་ཚོགས་དང་ཐུགས་(ཐུག་)འཕྲད་བྱས་ནའང་བོད་སྐད་ཁྱར་ཁྱོར་ཡང་མི་ཤེས་མཁན་མང་པོ་ཡོད་སྟབས་དེ་ཚོས་ཚོང་མགྲོན་བས་དགོས་ཞེས་བཤད་པའི་དངོས་པོ་མ་བསྟན་པར་གབ་ཕྱི་སློག་ནས་དངོས་པོ་གཞན་བསྟན་པ་དང༌། མཐར་རྣམ་འགྱུར་ངན་པ་བསྟན་ནས་ཁ་རྩོད་ཤོར་བའི་གནས་ཚུལ་མི་ཉུང་བ་ཞིག་ཐོན་གྱི་ཡོད་ཅིང༌། མི་རིང་བའི་དུས་གནད་དོན་དེ་ཚོའི་ཐོག་ནས་ད་ཆ་མང་ཚོགས་ཀྱི་ཁྲོད་དུ་དཔེ་ངན་ནམ་ཟུར་ཟའི་དམངས་གཞས་ཤིག་ཀྱང་ཆགས་ཡོད་པ་སྟེ། དམངས་ཁྲོད་དུ། ཞིང་པས་རྒྱ་སྐད་མ་ཤེས།། ཚོང་ཁང་ནང་དུ་མ་འགྲོ།། ཏན་ཤིན་རྒྱ་མ་གང་ལ།། གཤེ་གཤེ་ཆུ་ཚོད་ཕྱེད་ཀ། །ཞེས་པ་ལྟ་བུ་རེད།”(༤)ཅེས་གསུངས་ཡོད། (མུ་མཐུད་འགོད་རྒྱུ།)
མཆན།

  1. མ་འོངས་པར་ཁ་ཕྱོགས་སྐབས་ལོ་རྒྱུས་ཀྱི་ཉམས་མྱོང་གཏན་ནས་བརྗེད་མི་རུང༌། ༡༩༨༩ ཟླ་ ༡ ཚེས་ ༢༣ ཉིན་གནང་བའི་བཀའ་སློབ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྒྲིགས། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་པར་མ། པར་ལོ་ ༡༩༩༨ ཤོག་ངོས་ ༡༡༡ ལ་གསལ།
  2. བོད་ཀྱི་རིག་པར་ཞིབ་འཇུག་བྱེད་པའི་རྨང་གཞི་ནི་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཡིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྒྲིགས། བོད་གཞུང་ཕྱི་དྲིལ་ལས་ཁུངས། པར་ལོ་ ༡༩༩༨ ཤོག་ངོས་ ༨༤ ལ་གསལ།
  3. བོད་རིགས་ས་ཁུལ་དུ་བོད་ཀྱི་སྐད་ཡིག་སྤྱོད་རྒྱུའི་གནད་དོན་འགའ་ཞིག་ལ་དཔྱད་པ། གསེར་ཚང་ཕུན་ཚོགས་བཀྲ་ཤིས། བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། བོད་ཡིག་བརྡ་ཆད་ཚད་ལྡན་དུ་སྒྱུར་བའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་ཤིང༌། མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ། ཤོག་ངོས་ ༡༥༦ ལ་གསལ།
  4. བོད་ལྗོངས་སུ་བོད་སྐད་ཡིག་སྦྱོང་སྤྱོད་བྱ་རྒྱུའི་ཞིབ་སྲོལ་འགྲེམ་བསྒྲགས་བྱས་ཏེ་ལོ་གཅིག་འཁོར་བར་ཕྱི་མིག་ལྟ་བ། བསོད་ནམས། གངས་ལྗོངས་རིག་གནས། ༡༩༨༩ ལོའི་དུས་དེབ་བཞི་པ། བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭས་དཔར། ཤོག་ངོས་ ༡༠་་་༡༡ པར་གསལ།

10 comments:

  1. བོད་ལྗོངས་སློབ་གྲ་ཆེན་མོའི་བོད་ཕྲུག་ཚོའི་ཁྲོམ་སྐོར་ནི་ 1988ལོའི་ཟླ་12ཚེས་30ཉིན་ཞིང་། སྐབས་དེ་དུས་བོད་ཡིག་ཚན་ཁག་དང་། བོད་སྨན་ཚན་ཁག་གི་སློབ་མ་ཡོངས་རྫོགས་དང་། ཚན་ཁག་གཞན་ནས་བློས་ཁེལ་ཐུབ་པའི་བོད་ཕྲུག་རེ་ཟུང་ལ་སྔོན་བརྡ༌སྤྲད་དེ་མཉམ་ཞུགས་བྱས་ཡོད། སྐབས་དེ་དུས་སློབ་ཕྲུག་ཚོས་ནང་ཁུལ་གསང་བ་དམ་པོ་བྱེད་ཐུབ་པར་བརྟེན། ཞི་བའི་ཁྲོམ་སྐོར་དེ་བཞིན་ལྷ་སའི་གྲོང་ཁྱེར་ནང་འགྲོ་ཐུབ་པ་བྱུང་བ་རེད། སློབ་ཕྲུག་ཚོའི་འབོད་ཚིག་གཙོ་བོ་ནི། 1)བོད་ཀྱི་སྐད་ཡིག་གོང་འཕེལ་དང་། སློབ་སྦྱོང་། བེད་སྤྱོད་བཅས་གཏོང་དགོས། 2)བོད་ཀྱི་སྐད་ཡིག་གོང་འཕེལ་གཏོང་བའི་སྲིད་བྱུས་ཁ་བཤད་ལག་བསྟར་བྱེད་དགོས། 3)བོད་མིའི་ཡུལ་གོམས་གཤིས་ལུགས་ལ་བརྩི་སྲུང་བྱེད་དགོས། 4)འཛམ་གླིང་ཞི་བདེ་ཁྲི་ལོར་བརྟན་པར་ཤོག 5)མཚོན་ཆས་མི་མང་གི་ཁྲོམས་སྐོར་ལ་དྲག་གནོན་བྱེད་པར་ངོ་རྒོལ་བྱེད་རྒྱུ་སོགས་རེད།

    ReplyDelete
  2. དགོངས་འཆར་གསུངས་པ་ཐུགས་རྗེ་ཆེ། ཁྱེད་རང་གིས་གནས་ཚུལ་ཞིབ་ཕྲ་གསུངས་སྟངས་ལ་བལྟས་ན། སྐབས་དེའི་གནས་ཚུལ་ཞིབ་ཕྲ་མཁྱེན་གྱི་ཡོད་པ་འདྲ། བྱུང་ན། དེའི་སྐོར་རྒྱས་ཙམ་གསུངས་རོགས་གནང་།

    ReplyDelete
  3. སྐབས་དེ་དུས་ང་རང་བོད་ཡིག་ཚན་པའི་སློབ་ཕྲུག་གསར་པ་རེད། ལས་འགུལ་དེའི་ནང་དངོས་སུ་བཞུགས་མྱོང་ཡོད་ལ། ཐོག་མའི་ཡོང་རྐྱེན་དང་། གྲ་སྒྲིག་གི་ཚོགས་འདུ། དངོས་སུ་ཁྲོམ་སྐོར་བྱེད་པ་སོགས་འགོ་མཇུག་གི་གནས་ཚུལ་མང་ཆེ་བ་དྲན་གྱི་འདུག དེང་སྐབས་ཀྱི་བོད་པའི་སློབ་ཕྲུག་སྐོར་རྒྱ་ཡིག་ཐོག་ཐུང་ཙམ་བྲིས་ཟིན་པ་དང་། ཞོར་དུ་བོད་ལྗོངས་སློབ་ཆེན་གྱི་ཁྲོམ་སྐོར་རོབ་ཙམ་འབྲི་འཆར་ཡོད། ཞིབ་ཕྲ་གང་ཤེས་འདོད་ང་རང་གིས་གང་ཐུབ་འགྲེལ་བརྗོད་ཞུས་ཆོག ཁྱེད་ཀྱི་གྲོགས་པོས་མཚོ་གླིང་ནས༌ཕུལ།

    ReplyDelete
  4. ཨོ། ཁྱེད་རང་ཡིན་པ་རེད། གསལ་བཤད་གནང་བར་ཐུགས་རྗེ་ཆེ། སྐབས་དེའི་གནས་ཚུལ་ཞིབ་ཕྲ་ཞིག་འབྲི་ཐུབ་ན་ཡག་པོ་འདུག མ་འོངས་ལོ་རྒྱུས་ནང་དཔྱད་གཞི་ཞིག་ཆགས་འགྲོ་ངེས་རེད།

    ReplyDelete
  5. བསེ་རུ།October 26, 2010 at 3:27 PM

    བསེ་རུས་རིམ་པར་ཀློག་གིན་ཡོད། དངོས་གནས་དཔྱད་གླེང་ཡིད་དུ་འཐད་པ་ཞིག་གནང་འདུག། རིམ་པར་བཀླག་ཆོག་པ་ཞུ།

    ReplyDelete
  6. རྒན་བསེ་རུ་ལགས་ཕེབས་པར་དགའ་བསུ་ཡོད། ཞིབ་གཟིགས་གནང་སྟེ་ལེགས་བཅོས་ཀྱི་དགོངས་འཆར་གནང་རོགས།

    ReplyDelete
  7. ཡུན་རིང་ཞིག་ཟིན་བྲིས་བལྟ་མི་ཐུབ་པར་གྱུར། དེ་ཡང་ཁྱེད་ཀྱི་ཁ་བྱང་ནོར་ནས་བྲིས་འདུག དུས་ཚོད་ནམ་བྱུང་མུ་མཐུད་ཀློག་གི་ཡིན། གནས་ཚུལ་གྱི་འབྱུང་ཁུངས་གསལ་པོ་དང་རྩད་ཆོད་པོ་འདུག སྐབས་ཐོག་གི་ཚོར་བས་མ་བསླད་པ་ཞིག་བྲིས་འདུག

    ReplyDelete
  8. སུ་ཡིན་མཚན་མི་གསལ་བ་ཁྱེད་ཕེབས་ཏེ། ཕྲན་གྱིས་བྲིས་པ་འདིར་བསྔགས་བརྗོད་དང་མུ་མཐུད་གཟིགས་འཆར་ཡོད་ལུགས་གསུངས་པར་དགའ་བསུ་ཡོད།

    ReplyDelete
  9. ཡང་ ༡༩༨༣ ནང་བོད་ལྗོངས་དགེ་འོས་སློབ་གྲ་ཆེན་མོའི་ཚོགས་ཆེན་སྔ་རྗེས་ཐོག་བྱུང་བའི་གནས་ཚུལ་ཞིབ་ཕྲ་ཞིག སྐབས་དེའི་སློབ་གྲའི་དགེ

    རྒན་ཡིན་པ་བཀའ་ཟུར་ཞེ་བོ་བློ་པཟང་དར་རྒྱས་མཆོག་གི་སྒུ་ཚེའི་བྱུང་བ་བརྗོད་པའི་དེབ་ཕྲེང་གི་ཤོག་གྲངས་ ༤༧༤ ནས་ ༤༧༩ བར་གསལ་

    འདུག

    ReplyDelete
  10. གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ། སྐུ་ངོ་ཞེ་བོའི་དེབ་དེ་བལྟ་དགོས་བལྟ་དགོས་དྲན་བཞིན་ད་བར་ཀློག་ཐུབ་མ་སོང་།

    ReplyDelete