2010-10-25

བོད་ནང་བོད་ཡིག་གི་འཆི་གསོན། (དུམ་བུ་གཉིས་པ)



(མི་རིགས་ཤིག་གི་སེམས་པ་མཚོན་བྱེད་ཀྱི་སྐད་བརྡའི་ལས་དབང་།) 
ག༽ བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་གྱི་གཏན་འབེབས་བྱུང་སྟངས།
བོད་ཀྱི་སྐད་ཡིག་ལ་དེ་ལྟ་བུའི་རྩ་མེད་རང་བཞིན་གྱི་གནོད་འཚེ་འཕོག་སྟབས། པཎ་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་གཙོ་བོར་གྱུར་པའི་མི་རིགས་ཀྱི་ཁྲིམས་མཐུན་ཐོབ་ཐང་དོན་སོན་ཡོང་ཐབས་གནང་མཁན་མང་པོས། དཀའ་ངལ་དང་འགོག་རྐྱེན་དུ་མ་ཁྱད་བསད་ཀྱིས་འབད་བརྩོན་གནང་བ་བརྒྱུད་ཕྱི་ལོ་ ༡༩༨༧ ལོར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་ཐེངས་བཞི་པའི་ཐོག་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག་(ཚོད་ལྟའི་ལག་བསྟར་)ཅེས་པར་གྲོས་འཆམ་བྱུང་ཐོག ༡༩༨༨ ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དེ་ཉིད་དོན་འཁྱོལ་བྱེད་ཕྱོགས་ཀྱི་ཞིབ་སྲོལ་འགྲེམས་བསྒྲགས་བྱས། དེ་བཞིན་བོད་ཀྱི་ས་ཁུལ་གཞན་ལའང་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་ཤུགས་ཆེའི་འབད་བརྩོན་གནང་བའི་འོག་གོང་གསལ་དང་མཚུངས་པའི་གཏན་འབེབས་ཁག་གཅིག་འགྲེམས་བསྒྲགས་བྱས་ཡོད།

སྙིང་བསྡུས་སུ་བཤད་ན། དེ་ནི་རྒྱ་ནག་གཞུང་གིས་མར་གནང་བ་ཞིག་མ་ཡིན་པར། པཎ་ཆེན་རིན་པོ་ཆེ་གཙོ་བོར་གྱུར་པའི་བོད་མི་ཁག་གཅིག་གིས་དཀའ་ངལ་མང་པོར་གདོང་ལེན་དང་ཐ་ན་སྐབས་རེ་ཅོག་ཙེའི་སྒང་དུ་མཛོག་མགོ་ཡང་བརྡབས་བཞིན་རྩོད་ལེན་གནང་སྟེ་བྱུང་བ་ཞིག་རེད། (༥) 



ང༽ རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་འབྲེལ་བའི་གཏན་འབེབས་ལག་བསྟར་མ་བྱས་པ།

པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་རིགས་མང་པོས་འབད་བརྩོན་ཤུགས་ཆེ་གནང་བ་བརྒྱུད་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་གཏན་འབེབས་དང་དེ་དོན་འཁྱོལ་བྱེད་ཕྱོགས་ཀྱི་ཞིབ་སྲོལ་འགྲེམས་བསྒྲགས་ཐུབ་ཙམ་བྱུང་རུང༌། རྒྱ་ནག་གཞུང་དང་བོད་རང་སྐྱོང་ལྗོངས་ཀྱིས་ཐོག་མ་ནས་ལག་བསྟར་ཡག་པོ་བྱས་མེད།


དཔེར་ན་བོད་རང་སྐྱོང་ལྗོངས་ཟེར་བའི་སྐབས་ལྔ་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག མི་དམངས་སྲིད་གཞུང་ཟེར་བའི་ཚོགས་གཙོ་གཞོན་པ་སྐྱིད་སྦུག་ཕུན་ཚོགས་ཚེ་བརྟན་གྱིས། བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་གཏན་འབེབས་འགའ་ཞིག་དོན་འཁྱོལ་བྱ་ཕྱོགས་ཀྱི་ཞིབ་སྲོལ་སྐོར་གསལ་བཤད་གནང་རྗེས། མཐའ་མཚམས་རྫོང་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཆབ་གྲོས་འཐུས་མི་ཁག་གཅིག་གིས་དགའ་སྤྲོའི་ངང་ནས་བོད་སྐད་བསྐྱོན་ཏེ་བསམ་ཚུལ་གླེང་སྐབས་འབྲེལ་ཡོད་ལས་བྱེད་པས། “རྒྱ་སྐད་བསྐྱོན་ནས་བཀའ་མོལ་གསུང་རོགས་གནང༌། བོད་སྐད་བསྐྱོན་ན་རྒྱ་རིགས་བློ་མཐུན་གྱིས་གསན་ཐུབ་ཀྱི་མི་འདུག”ཅེས་ཚོགས་བཅར་བ་བརྒྱ་ཆ་ ༨༠ བོད་རིགས་ཡིན་པ་དང༌། ཚོགས་འདུ་འཚོགས་ཡུལ་བོད་རང་སྐྱོང་ལྗོངས་སུ་ཡིན་པ། ཚོགས་འདུའི་ནང་དོན་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་སྐོར་ཡིན་ས་ཞིག་ཏུ། བཙན་ཤེད་ཀྱི་སྒོ་ནས་རྒྱ་སྐད་བཤད་བཅུག་ཡོད་པ་དེའི་ཐོག་ནས་གཏན་འབེབས་འདི་ལག་བསྟར་བྱེད་འདོད་ཡོད་མེད་གསལ་བར་མཐོང་ཐུབ།(༦)

ལྷག་པར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་གྱི་གཏན་འབེབས་འགའ་ཞིག་ཅེས་པ་དེ་ཐོན་རྗེས་རྒྱ་ནག་དམར་ཤོག་གིས་གཉེར་བའི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག “བོད་དུ་བཙན་ཤེད་ཀྱིས་ཕྱོགས་ཡོངས་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱ་དགོས་སམ་”(༧)ཞེས་ཅོ་འདྲི་དང་ངོ་རྒོལ་གྱི་རྩོམ་ཡིག་སྤེལ་ཐོག བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པ་དང༌། སྲིད་འཛིན་ལས་ཁུངས། ཁེ་ལས། བྱ་ལས་ཚན་པ་ཁག་གི་འགོ་འཛིན་ཚོས་གཏན་འབེབས་དེ་ལག་བསྟར་བྱས་མེད། དེའི་ཐད་བོད་རིགས་རྩོམ་པ་པོ་བསོད་ནམས་ཀྱིས།

“གང་ཞིག་ལ་མི་རིགས་ས་ཁོངས་རང་སྐྱོང་གི་ཁེ་དབང་ཟེར་བ་དང༌། ཇི་ལྟར་བྱས་ནས་མི་རིགས་ས་ཁུལ་གྱི་ལས་བྱེད་པ་འཇོན་ཐང་ཅན་ཞིག་བྱེད་དགོས་མི་ཤེས་པ་དང༌། སུ་ཞིག་ལ་མང་ཚོགས་ཡིད་ཆེས་དང༌། གུས་བཀུར། དགའ་ཞེན། བརྩི་མཐོང་བཅས་བྱེད་ཀྱི་ཡོད་མིན་མི་རྟོགས་པའམ་ཡང་ན་རྟོགས་ཀྱང་རང་ཉིད་ནི་རྒྱའི་སྐད་ཡིག་འབའ་ཞིག་ཤེས་པའི་ཕུལ་བྱུང་ལས་བྱེད་པ་ཞིག་དང༌། རྒྱའི་སྐད་ཡིག་ལ་བརྟེན་ནས་འཚོ་བ་འཁྱོལ་གྱི་ཡོད་སྙམ་སྟེ་གང་ལྟར་བསམ་བློ་རེངས་པོར་གྱུར་པ་འདྲོང་ཐབས་བྱེད་ཀྱི་མེད་པ་དང༌། <<ཞིབ་སྲོལ་>>ཡིག་ཆ་རང་གི་ལག་ཏུ་འབྱོར་རྗེས་རྣམ་འགྱུར་སྟོན་ཙམ་དང་གོང་བཀུར་ཞུ་ཚུལ་གྱི་སྒྲོག་སྦྱང་བྱེད་པ་ཙམ་ལས་ཞིབ་ཕྲའི་ལག་བསྟར་བྱ་ཐབས་འཛིན་སེམས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་སྔར་བཞིན་ཚོགས་འདུ་ཆེ་ཆུང་གང་རུང་གི་ཐོག་རྒྱའི་སྐད་ཡིག་ཁོ་ནར་བརྟེན་ནས་ཚོགས་ཞུགས་མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ཡན་གྱི་བོད་རིགས་ལས་བྱེད་པ་དང་ལས་བཟོ་པ་རྣམས་རྩིས་མེད་གཏོང་བ་དང་ཞིབ་སྲོལ་དེ་ཚིག་ཚོགས་སྐབས་གྲལ་བསྒྲིགས་ཀྱི་ཡིག་ཆ་ཞིག་ཏུ་འགྱུར་བ་བྱེད་ཀྱི་ཡོད།”(༨)
              ཅེས་གསུངས་ཡོད། གནས་སྟངས་དེ་འདྲའི་འོག བོད་ལྗོངས་སློབ་གྲྭ་ཆེ་མོའི་བོད་རིགས་སློབ་མ་ཚོས་ཕྱི་ལོ་ ༡༩༨༨ ལོའི་ལོ་མཇུག་ཏུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་ལོ་རྒྱུས་ཐོག་གཏན་ནས་བྱུང་མ་མྱོང་བའི་རྔམ་སྟོན་ཁྲོམ་སྐོར་ཏེ། བོད་དུ་བོད་ཡིག་བེད་སྤྱོད་བྱེད་དགོས་པའི་སྐད་འབོད་བྱས་པ་དང༌། དེ་བཞིན་མཚོ་སྔོན་དུའང་གནས་ཚུལ་དེ་མཚུངས་བྱུང་བར་མ་ཟད་ཀན་སུའུ་དང་ཟི་ཁྲོན་སོགས་བོད་རིགས་གནས་སྡོད་ས་ཁུལ་དུའང་བོད་ཡིག་བེད་སྤྱོད་བྱ་དགོས་པའི་ཡིག་ཆ་བཀྲམས་པ་སོགས་ཀྱི་གནས་ཚུལ་བྱུང་།

བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་གཏན་འབེབས་འགའ་ཞིག་དང་དེ་དོན་འཁྱོལ་བྱེད་ཕྱོགས་གཉིས་འགྲེམས་བསྒྲགས་བྱས་པའི་རྗེས་སུ་འགྱུར་བ་མངོན་གསལ་གཅིག་རང་བྱུང་བ་ནི། བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ཟེར་བ་དེ་བཙུགས་ཏེ། ལོ་ཤས་རིང་ས་ཁུལ་ཁག་ཏུ་ངོ་སྐྱོད་ཀྱིས། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐད་དགེ་སྐྱོན་ཇི་བྱུང་རྟོག་ཞིབ་དང་། <<བོད་སྐད་ཡིག་>>ཅེས་པའི་དུས་དེབ་ཅིག་གསར་དུ་འདོན་སྤེལ་བྱས་པ་དེ་རེད། ལས་ཁུངས་དེའི་ལས་བྱེད་པ་ཚོས། དཀའ་ངལ་དང་ཉེན་ཁར་མ་འཛེམས་པར། སྐབས་དེར་བོད་ཀྱི་སྐད་ཡིག་གི་གནས་བབས་སྐོར་ལ། དོན་སྙིང་ལྡན་པའི་སྙན་ཐོ་ཁ་ཤས་བཏོན་པ་དང་། ལྷ་ས་ཁུལ་གྱི་ཚོང་ཁང་དང་ལས་ཁུངས་ཁག་གི་སྒོ་བྱང་ཡོད་ཚད་ལ་ཞིབ་བཤེར་དག་བཅོས་བྱས་པ་སོགས་ཕན་ནུས་ཅུང་ཟད་ལྡན་པའི་ལས་ཀ་སྒྲུབ་ཡོད་ཀྱང་། མི་རིང་བར་ལས་ཁུངས་དེར་སྲིད་གཞུང་གིས་འགྲོ་གྲོན་ལྡང་ངེས་མ་སྤྲད་པ་དང་། ལྷག་པར་དུ་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྗེས་ཁོང་ཚོའི་ལས་དོན་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་མཐུན་རྐྱེན་མེད་སྟབས། ད་ཆ་ལས་ཁུངས་དེའི་ཡན་ལག་ལས་ཁུངས་ཡོངས་རྫོགས་མེད་པར་གྱུར་ཟིན་ལ། ལས་ཁུངས་ཨ་མ་ཡང་ཡོད་མེད་བཤད་ཚོད་མི་ཤེས་པ་ཞིག་རེད།
 

གོང་གསལ་གཏན་འབེབས་ཁྱབ་བསྒྲགས་བྱས་རྗེས་སུ། སྤྱི་ཚོགས་ཐོག་བོད་ཡིག་ལ་བེད་སྤྱོད་མེད་པ་དཔེར་ན། ཐ་ན་དངུལ་ཁང་ནས་དངུལ་གཏོང་ལེན་བྱེད་སྐབས་དང་དངུལ་བཅོལ་སྐབས་བོད་ཡིག་བེད་སྤྱོད་བྱེད་ས་མེད་པས་མཚོན་སྤྱི་ཚོགས་ཀྱི་ལས་དོན་ཁག་ནང་བོད་ཡིག་ལ་འགྲོ་རྒྱུག་མེད་པ་བཟོས་སྟབས། བོད་ནང་གི་བོད་མི་རྣམས་“དབུགས་རིང་ཕྱུང་དགོས་པར་གྱུར་”ཡོད། དེའི་ཐད་བོད་རང་སྐྱོང་ལྗོངས་ནས་འདོན་མུས་<<བོད་ལྗོངས་སྒྱུ་རྩལ་>>ཞེས་པའི་དུས་དེབ་ཀྱི་བོད་ཡིག་རྩོམ་སྒྲིག་པ། དགྲ་ལྷ་ཟླ་བ་བཟང་པོས།
“ལྗོངས་མི་དམངས་སྲིད་གཞུང་གིས་འདི་ལོར་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། གོང་འཕེལ་གཏོང་རྒྱུ་བཅས་ཀྱི་གཏན་འབེབས་འགའ་ཞིག་དོན་འཁྱོལ་བྱེད་པའི་ཞིབ་སྲོལ་གཏན་འབེབས་གནང་ཡོད་རུང༌། དེ་ནི་ད་ལྟའང་ལག་ལེན་དོན་ཐོག་ཏུ་འཁྱོལ་ཐུབ་མེད། གང་ལགས་ཤེ་ན། དང་ཐོག་བོད་ལྗོངས་ཀྱི་རིམ་པ་གོང་མའི་དབུ་ཁྲིད་མང་དག་ཅིག་གི་བོད་ཡིག་གི་ཆུ་ཚད་ཞན་ཞིང༌། བོད་ཡིག་ཡེ་ནས་མི་ཤེས་མཁན་ཡང་མི་ཉུང་བ་ཞིག་ཡོད་པས། ལས་དོན་དངོས་ཀྱི་སྟེང་དུ་བོད་ཡིག་ནི་རྣམ་པ་ཙམ་ལས་གོ་ཆོད་ཀྱི་མེད། དཔེར་ན་གོང་རིམ་ལ་སྙན་སེང་ཞིག་ཞུ་འདོད་ན། རྒྱ་ཡིག་ལས་བོད་ཡིག་ལ་མིག་ཀྱང་བལྟ་འདོད་མེད། དེ་ལྟར་གཞི་རིམ་ནས་རང་སྐྱོང་ལྗོངས་བར་འོག་མ་འོག་མས་གོང་མ་གོང་མའི་དབུ་ཁྲིད་ཀྱི་གནས་ཚུལ་ལ་བལྟས་ཏེ་ལས་ཀ་བགྱི་དགོས་ཡོད་སྟབས། གོང་མ་གོང་མའི་བོད་ཡིག་གི་ཆུ་ཚད་ཞན་ཁར་ད་དུང་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུར་དོ་སྣང་མ་བྱས་ཚེ། འོག་མ་འོག་མའི་དབུ་ཁྲིད་ཚོས་དེ་བས་མི་བྱེད་པ་ནི་རང་གཞན་ཀུན་གྱིས་ཤེས་བཞིན་ཡིན་པས་ཞིབ་པར་སྨྲོས་ཅི་དགོས། གཞན་ཡང་སློབ་གྲྭ་ཞིག་གི་ངོས་ནས་བཤད་ནའང་བོད་ཡིག་སློབ་ཚན་ཕུད། གཞན་རང་བྱུང་ཚན་རིག་སྐོར་གྱི་སློབ་ཚན་དང༌། ཆབ་སྲིད་སོགས་ཕལ་ཆེར་གཞན་སྐད་ཀྱི་སྟེང་ནས་སློབ་ཁྲིད་བྱེད་དགོས་པས། བོད་ཡིག་ལ་དངོས་ཤུགས་གང་རུང་ནས་མཐོང་ཆུང་དང༌། དོ་སྣང་མི་བྱེད་པའི་རིགས་མང་དག་ཐོན་པར་གདོན་མི་ཟ། དེ་ཡང་ཁ་ནས་བོད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། གོང་འཕེལ་གཏོང་དགོས་ཟེར་བ་ལས་ལག་ལེན་དོན་ཐོག་ཏུ་འཁྱོལ་བར་མ་བྱས་ཚེ། དེ་ནི་རྣ་བའི་བུ་རམ་ཙམ་ལས་གཞན་གང་ཡང་མིན། ་་་ སྐད་ཡིག་འདྲ་མཉམ་རྒྱུན་འཁྱོང་མ་བྱས་ན། མི་རིགས་འདྲ་མཉམ་ཞེས་པ་དེ་ནི་ཁ་བཤད་ཆུ་ཡི་ཝུ་བ་ཙམ་དུ་ཟད།”(༩)ཅེས་གསུངས་འདུག


ཅ༽ བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་འཐུས་མི་ཚོས་བསམ་འཆར་ཤུགས་ཆེ་བཏོན་པ།
ཕྱི་ལོ་ ༡༩༨༩ ལོར་པཎ་ཆེན་རིན་པོ་ཆེ་གློ་བུར་དུ་དགོངས་པ་རྫོགས་རྗེས་དུས་ཐུང་ནང་ནུས་པ་ཕྲན་བུ་ཡོད་པའི་གོང་གསལ་གྱི་གཏན་འབེབས་དེ་ཡང་ཡལ་འགོ་ཚུགས། དེའི་ཐད་ཕྱི་ལོ་ ༡༩༩༡ ཟླ་ ༤ ཚེས་ ༢༦ ཉིན་བོད་རང་སྐྱོང་ལྗོངས་ཆབ་སྲིད་གྲོས་ཚོགས་ཟེར་བའི་ཚོགས་མི་ཕུར་བུ་བདུད་འདུལ་གྱིས་“གཏན་འབེབས་ནང་བཏོན་པའི་དམིགས་ཚད་དམའ་རུ་གཏོང་རྒྱུ་མེད་”(༡༣)ཅེས་བསམ་འཆར་བཏོན་པ་དང༌། དེའི་ཕྱི་ཉིན་སྲིད་གྲོས་ཀྱི་ཚོགས་ཆུང་གི་ཚོགས་མི་ཚང་མས་ཁ་གཅིག་གྲགས་ཐོག་ནས་“མི་རིགས་ས་ཁོངས་རང་སྐྱོང་དབང་ཆ་སྒོ་ཀུན་ནས་ལག་བསྟར་ཡོང་བའི་ཆེད་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་རྒྱུའི་ལས་དོན་ལ་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད། པཎ་ཆེན་སྐུ་ཕྲེང་བཅུ་པ་འཚོ་བཞུགས་སྐབས་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་རྒྱུའི་ལས་ཀར་མཐོང་ཆེན་གནང་གི་ཡོད་ཅིང༌། རིན་པོ་ཆེ་སྐུ་མྱ་ངན་ལས་འདས་རྗེས་ལས་དོན་དེ་མགོ་ཡོད་མཇུག་མེད་དུ་གྱུར་པར་ངོས་འཛིན་གནང་”བར་མ་ཟད། ཚོགས་མི་ཐང་དཔོན་ཚེ་སྟོབས་ཀྱིས་རྒྱ་ནག་དབུས་གཞུང་ནས་ལོ་ལྟར་བོད་ཀྱི་སྐད་ཡིག་ཆེད་སྒོར་ཁྲི་ཚོ་སྟོང་ཕྲག་གཅིག་གནང་གི་ཡོད་ཀྱང་དེ་དག་དམིགས་ཡུལ་ལྟར་བེད་སྤྱོད་བྱེད་ཀྱི་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་རེད། (༡༠) དེ་བཞིན་ཆབ་མདོ་ས་ཁུལ་སྲིད་གྲོས་ཀྱི་ཚོགས་མི་པདྨ་རྡོ་རྗེས་གཏམ་བཤད་སྤེལ་བའི་ནང༌།
“ལྷག་པར་སྲིད་འཛིན་སྡེ་ཚན་གྱི་ནང་བོད་སྐད་ཡིག་བེད་སྤྱོད་གཏོང་ཕྱོགས་དང༌། སློབ་སྦྱོང་བྱེད་སྟངས་ཐད། བོད་ཀྱི་གཏམ་དཔེར་འབྲུག་སྔོན་མོ་བར་སྣང་མཐོང་ན་ལྡིང༌། ཆར་སྔོན་རྒྱ་མཚོའི་ནང་ན་ལུས། དགོས་ངེས་ཀྱི་ས་ལ་ཆར་རྒྱུན་དཀོན། ཞེས་པ་ལྟར། སྡེ་ཚན་ཁག་དང༌། བློ་མཐུན་མི་ཉུང་བ་ཞིག་གིས་ཐ་ན་འཛིན་ཡན་ཆོད་ལ་རྒྱ་ཡིག་བེད་སྤྱོད་བྱེད་པ་ལས། བོད་ཡིག་ཐབ་ཟུར་དུ་འཇོག་པ་དང༌། ཚོགས་འདུ་འཚོགས་སྐབས་གསུང་བཤད་གནང་མཁན་དང་གནང་ཡུལ་བཅས་བོད་རིགས་ཡིན་ཀྱང༌། རྒྱ་སྐད་རང་གསུངས་པས་བོད་རིགས་རྣམས་མི་རིགས་གཞན་གྱི་ཡུལ་དུ་སླེབས་པ་ལྟར་མགོ་བོ་རིལ་རིལ་བྱས་ནས་སྡོད་དགོས་པའི་གནང་སྟངས་ཡ་མཚན་ཅན་གྱི་གནས་ཚུལ་འདི་དག་ལ་འགྱུར་ལྡོག་བཏང་མེད་པ་སོགས་ཀྱིས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་ཁྲོད་དུ་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་རྗེས་བོད་སྐད་ཡིག་ལག་བསྟར་དོན་འཁྱོལ་སྐོར་གྱི་སྲིད་བྱུས་དེའང་རིམ་བཞིན་དགོངས་པ་རྫོགས་རྒྱུ་ཡིན་པ་འདྲ་ཟེར། ་་་ཧུའུ་ཅིན་ཐའོ་ཧྲུའུ་ཅིས་ ་་་ ཏན་ཏིག་གི་སྒོ་ནས་བོད་སྐད་ཡིག་གི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་རྒྱས་དང༌། མི་རིགས་ཀྱི་རིག་གནས་བྱང་ཚད་གོང་མཐོར་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་ལྟར་སྒོ་ཀུན་ནས་ལག་ལེན་དོན་འཁྱོལ་ཡོང་བའི་འབད་བརྩོན་ཕྱི་ཚུལ་ཙམ་དུ་མ་སོང་བ་ཕྱག་ལེན་ཡང་དག་པ་ཞིག་གནང་ཚེ། བོད་མི་དམངས་ཀྱིས་གུང་ཁྲན་ཏང་ལ་ཡིད་ཆེས་དང་དགའ་ཞེན་ཆེ་རུ་ཕྱིན་ནས། མི་རིགས་མཐུན་སྒྲིལ་དང་གཅིག་གྱུར་ལ་སྲུང་སྐྱོང༌། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་གལ་ཆེའི་ཐབས་ཇུས་ནུས་ལྡན་ཞིག་ཡོང་ངེས།”(༡༡)
ཞེས་གསུངས་ཡོད་པ་རེད། ལྷག་པར་ནག་ཆུ་ས་ཁུལ་རིག་གནས་ཅུས་ཀྱི་ལས་བྱེད་དང་སྲིད་གྲོས་ཚོགས་མི་ལིའི་ཕིང་གིས་བཏོན་པའི་གྲོས་གཞི་ཨང་ ༥༤༠༡༨ ནང༌།
“ཨུ་ཡོན་ཀྲང་སྐུ་གཞོན་ང་ཕོད་ངག་དབང་འཇིགས་མེད་དང༌། པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱིས་བོད་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད་བྱ་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་གནང་རྗེས་གང་སར་སྙན་པའི་གྲགས་པ་བསྒྲགས་པ་དང༌། རང་སྐྱོང་ལྗོངས་ཀྱིས་གནད་དོན་དེའི་ཐད་བསྟུད་མར་ཡིག་ཆ་མི་ཉུང་བ་ཞིག་འགྲེམས་སྤེལ་བྱས་པ་དང༌། ཡིག་ཆའི་ཐོག་གཏན་འབེབས་མང་པོ་བཟོས་ཡོད་པས་མི་རྣམས་བློ་མགུ་ཞིང༌། ཡིད་ཚིམ་པ་ཞིག་བྱུང་ཡོད། འོན་ཀྱང་དུས་ཀྱི་ལོ་ཟླ་སོང་རྗེས་ཡིག་ཆ་དེ་དག་ལ་བསྐྱར་ཞིབ་ཅིག་བྱེད་དུས་མི་རྣམས་ཡིད་ཐང་ཆད་དགོས་པ་ཞིག་སྟེ། དེ་སྔ་རྫོང་རིམ་པའི་ལས་ཁུངས་ལ་ཡིག་སྒྱུར་ཚན་པ་རེ་གཉེར་དགོས་པ་འདུག་ནའང་ད་ལྟ་ཡང་དོན་འཁྱོལ་བྱུང་མེད་པ་རེད། དེ་ནི་ཤེས་ལྡན་མི་སྣ་དཀོན་པས་ཡིན་ནམ་ཟེར་ན་མ་ཡིན་པར་དེ་ལས་བོད་སྐད་ཡིག་གི་ཆེད་ལས་ཀྱི་སློབ་གྲྭ་ཆེ་མོ་ཐོན་པ་ཕལ་ཆེ་བ་སྦྱང་པ་བེད་མེད་དུ་སོང་ཞིང་དེ་སྔ་གོང་རིམ་གྱི་ཡིག་ཆ་རྣམས་བོད་རྒྱ་ཤན་སྦྱར་གཉིས་ཀྱི་ཐོག་ནས་གཤམ་སྤེལ་དང༌། ལས་བཟོ་བ་རྣམས་ལ་བོད་སྐད་ཡིག་གི་སློབ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱེད་དགོས་པའི་གཏན་འབེབས་གནང་བ་དེ་ཡང་མིང་ཡོད་དོན་མེད་དང༌། ད་ལྟ་རང་ཤུགས་སུ་འཐོར་ཞིག་སོང་བ་རེད། བོད་སྐད་ཡིག་སློབ་སྦྱོང་བྱེད་མཁན་ཁོངས་སྦྱང་འབྲས་ལེགས་པར་བསྔགས་བརྗོད་བྱེད་དགོས་པའི་གཏན་འབེབ་དེ་ཡང་ད་ལྟ་གོ་འཚོར་མེད་ཁར་རྒྱལ་ཁབ་ཀྱིས་ལག་རྩལ་གོ་མིང་ཞིབ་དཔྱད་གཏན་འབེབས་ཁྱབ་བསྒྲགས་གནང་ཡོད་ནའང༌། བོད་སྐད་ཡིག་གི་ཡིག་སྒྱུར་གོ་མིང་དམ་པོར་བཅིངས་ཏེ་རྒྱ་ཆེ་བའི་ས་ཁུལ་ལ་ཡིག་སྒྱུར་གོ་མིང་ཕལ་ཆེ་བར་མེད་པས་མི་རྣམས་གོ་བ་ལོན་དཀའ་བ་ཞིག་རེད། དེ་སྔ་ཚགས་པར་དང་རྒྱང་བསྒྲགས་ནང་གནད་དོན་དེའི་སྐོར་དྲིལ་བསྒྲགས་རྒྱུན་ཆད་མེད་པར་གནང་གི་ཡོད་ནའང༌། དེང་སྐབས་གོ་རྒྱུ་ཐོས་རྒྱུ་མེད་པ་སོགས་ཀྱིས་མི་རྣམས་ཟ་འཐུང་གི་རྗེས་སུ་བགྲོ་གླེང་བྱ་རྒྱུའི་གྲོས་གཞི་ཞིག་ཏུ་གྱུར་པ་རེད།”(༡༢) ཅེས་བཏོན་ཡོད་པ་རེད།
ཡང་ནག་ཆུ་ཚོ་ཆུང་གིས་བཏོན་པའི་ཚོགས་མིའི་གྲོས་གཞི་ཨང་ ༥༤༠༣༧ ནང༌།
“བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་ང་ཚོས་ཕྱི་མིག་བལྟས་ཏེ་ནན་ཏན་གྱིས་དོན་འཁྱོལ་ཇི་བྱུང་ལ་ཞིབ་བཤེར་ཞིག་བྱེད་སྐབས་ཚང་མས་ད་དུང་གནད་དོན་མི་ཉུང་བ་ཞིག་ལྷག་ཡོད་པ་མ་ཟད། ཐ་ན་འགའ་ཤས་ཧ་ཅང་ཚབས་ཆེན་པོ་ཡོད། དེའི་མཚོན་ཚུལ་ནི་ཚན་པ་དང་འགོ་ཁྲིད་ཁག་གཅིག་གིས་རང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་འཆམ་བྱུང་བ་དང༌། སྲིད་གྲོས་ཨུ་ཡོན་གྱི་ཤུགས་ཆེའི་རེ་འབོད་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་དང་འབྲེལ་བ་ཡོད་པའི་གལ་ཆེའི་གནད་དོན་འདི་ལྟ་བུར་བརྩི་མཐོང་བྱེད་ཀྱི་མེད། ཀྲུང་དབྱང་ངམ་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཡིག་ཆ་དང༌། དབུ་ཁྲིད་ཀྱི་གསུང་བཤད་བོད་ཡིག་(ཐོག་)ཡུན་རིང་མི་ཐོན་པ་དང་ཐ་ན་བོད་ཡིག་གི་ཡིག་ཆ་མེད། དེ་བཞིན་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞིར་གྲོས་ལན་བཏབ་པའི་ནང་བོད་ཡིག་མེད་སྟབས་ཨུ་ཡོན་ཚོས་ཡིག་སྒྱུར་འཚོལ་བར་མི་འགྲོ་ཀ་མེད་དང༌། ཡང་གཞི་རིམ་དང་གྲོང་བརྡལ་ལ་གཤམ་སྤེལ་བྱས་པའི་ཡིག་ཆའི་ནང་འགའ་ཤས་ལ་བོད་ཡིག་མེད་པར་བརྟེན་སྒྲོག་ཙེའི་ནང་བཅུག་རྒྱུ་རང་རེད། སྡེ་ཚན་ཁག་གི་ཚོགས་འདུ་ཆེ་ཆུང་གང་ཚོགས་རུང་བོད་སྐད་རྒྱག་མཁན་མེད། འགོ་ཁྲིད་འགའ་ཤས་ཀྱིས་རང་ཉིད་བོད་རིགས་ཡིན་ཁར་ཚོགས་ཞུགས་བྱེད་མཁན་མི་ཉུང་བ་ཞིག་གིས་རྒྱ་སྐད་མི་ཤེས་པ་དང་རང་ཉིད་ཀྱི་རྒྱ་སྐད་ཆུ་ཚད་མཐོ་པོ་མེད་པ་ཤེས་བཞིན་དུ་ཨུ་ཚུགས་ཀྱིས་རྒྱ་སྐད་རྒྱག་གི་ཡོད། དེ་བས་ཚབས་ཆེ་བ་ཞིག་ལ་འགའ་ཤས་ཀྱིས་བོད་སྐད་ཡིག་སྐོར་གླེང་མ་ཐག་རྣམ་འགྱུར་ལོག་འགྲོ་གི་ཡོད། དེ་ལྟར་བྱས་ན་བོད་རིགས་མི་དམངས་ཀྱི་སྐད་ཡིག་དེ་དུར་སར་འགྲོ་གི་མ་རེད་དམ།”(༡༣) 
ཅེས་བཀོད་ཡོད་པ་རེད། ཡང་ཚོགས་མི་ཚེ་དགས་བཏོན་པའི་གྲོས་གཞི་ཨང་ ༥༤༡༣༢ ནང༌།
“ལས་ཁུངས་ཁག་གི་ལས་འགན་སྒྲུབ་པའི་བྱེད་སྒོའི་ནང་བོད་སྐད་ཡིག་གཙོ་བཟུང་གིས་བོད་རྒྱ་སྐད་ཡིག་གཉིས་མཉམ་སྤྱོད་བྱེད་དགོས་པའི་མཛད་ཕྱོགས་ལག་བསྟར་བྱེད་ཀྱི་མེད། གཙོ་བོའི་ལག་ལེན་བྱེད་མཁན་ལས་ཁུངས་ནང་བོད་སྐད་ཡིག་གི་མི་སྣ་བཀོད་སྒྲིག་ཡག་པོ་ཞིག་བྱས་མེད་པར་བོད་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་རྒྱུར་ཤུགས་རྐྱེན་ངན་པ་ཐེབས་ཡོད།”(༡༤)
ཅེས་བཀོད་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་ཀྱི་ཚོགས་མི་དང་ནག་ཆུ་སྲིད་གྲོས་ཀྱི་རྒྱུན་ལས་ཚོགས་མི་བསོད་ནམས་རྒྱལ་མཚན་གྱིས་སྤེལ་བའི་གཏམ་བཤད་ནང་
“བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་ནི་བེད་སྤྱོད་བྱེད་རྒྱུའི་ཆེད་དུ་ཡིན་པ་ལས་བཀྲམ་སྟོན་བྱེད་རྒྱུའི་ཆེད་དུ་མིན་པ་ཀུན་གྱིས་མཁྱེན་གསལ་རེད། བེད་སྤྱོད་བྱེད་རྒྱུ་ནི་སློབ་སྦྱོང་བྱེད་རྒྱུའི་འགུལ་ཤུགས་ཀྱི་འགག་རྩ་ཞིག་ཡིན་པ་དང༌། བེད་སྤྱོད་མ་བྱས་ན་སློབ་སྦྱོང་བྱེད་རྒྱུའི་དགོས་པ་དེ་བས་མེད་པ་སྨྲོས་མེད་རེད། ་་་ ད་ལྟའི་གནས་ཚུལ་དངོས་ལ་གཞིགས་ན་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་རྒྱུའི་ཐད་ད་དུང་དགོས་ངེས་ཀྱི་མཐོང་ཆེན་བྱ་རྒྱུ་མི་འདང་བ་མ་ཟད་གོང་གསལ་གཏན་འབེབས་ལ་ཐ་ན་རྡོག་རོལ་དུ་གཏོང་བའམ་ཨམ་ལྕོག་རྒྱབ་ཀྱི་ལྷག་པར་བརྩི་ཡི་ཡོད་པ་རེད། གནད་དོན་དེར་ཆབ་སྲིད་ཀྱི་ངོས་ནས་བཤད་ན། ཀྲུང་དབྱང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས་ཀྱི་དགོངས་དོན་དང་ཡོངས་སུ་འགལ་བ་ཞིག་རེད། གཏན་འབེབས་ནང་ལྗོངས་ནང་ཁུལ་དུ་རྫོང་ཚུད་པའི་ཏང་སྲིད་ལས་ཁུངས་དང་མི་དམངས་ཚོགས་པ། བྱ་གཞག་ཚན་པ་བཅས་ཀྱི་ལྗོངས་ནང་ཁུལ་དུ་གཏོང་རྒྱུའི་ཡིག་རིགས་ཚང་མ་བོད་ཡིག་གཙོ་བོ་བྱེད་པའི་བོད་རྒྱ་ཡིག་རིགས་གཉིས་ཀ་བེད་སྤྱོད་བྱེད་དགོས་མ་ཚད་གཤམ་འོག་གཞི་རིམ་དུ་ཡིག་ཆ་གཏོང་སྤེལ་བྱེད་སྐབས་གལ་སྲིད་བོད་ཀྱི་སྐད་ཡིག་ཐོག་ནས་བཀྲམས་པའི་ཡིག་ཆ་མིན་ཚེ་ལག་བསྟར་དོན་འཁྱོལ་མ་བྱས་ནའང་འགྲིགས་ཞེས་གཏན་ལ་ཕབས་ཡོད། འོན་ཀྱང་དོན་དངོས་ཐོག་སྟོང་བཤད་དང་བཟོ་ལྟ་ཙམ་ཡིན་པ་ནི་མཐོ་དམན་ཀུན་གྱིས་མཁྱེན་གསལ་རེད། དཔེར་ན་སློབ་གསོའི་ངོས་ནས་བཤད་ན། སློབ་གྲྭའི་ལོ་རིམ་འཕར་རིམ་བཞིན་བོད་སྐད་ཡིག་བེད་མེད་དུ་གྱུར་གྱི་ཡོད་པར་བརྟེན། སློབ་མའི་ཁྱིམ་བདག་ཚང་མས་བོད་ཡིག་སློབ་སྦྱོང་བྱས་པར་ཕན་འབྲས་ཏིལ་འབྲུ་ཙམ་ཡང་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ་བོད་ཡིག་སྦྱང་བརྩོན་བྱས་ཚེ་དུས་ཚོད་དོན་མེད་སྐྱེལ་བ་དང་སློབ་སྦྱོང་གཞན་ལ་སྐྱོན་ཆ་ཡོང་རྒྱུའི་ལྟ་བ་ཁོ་ན་འཛིན་གྱི་ཡོད་པ་རེད། དེ་དག་ནི་དོན་དངོས་ཡིན་ལ་བསམ་འཆར་ཆེ་ཤོས་ཤིག་དང་ལྷག་པའི་གནད་དོན་ཆེ་ཤོས་ཤིག་རེད་སྙམ་གྱི་འདུག གཏན་འབེབས་དེ་དག་ཡང་དག་པ་དང་ལག་བསྟར་བྱ་རྒྱུ་ཞིག་ཡིན་ཚེ། དོན་དངོས་ཐོག་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང༌། ལྷག་པར་དུ་གོང་རིམ་ཏང་སྲིད་འགོ་ཁྲིད་བློ་མཐུན་ཚོས་དོན་འཁྱོལ་དང་མཐོང་ཆེན་གནང་སྟེ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་རྒྱུའི་ཐད་ཐབས་ལམ་སྣ་ཚོགས་བརྒྱུད་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་གནང་མཛད་ན། ཀྲུང་ཧྭ་དར་རྒྱས་དང་བོད་ལྗོངས་བརྟན་ལྷིང༌། རྒྱལ་ཁབ་ཀྱི་མཚན་སྙན་ལ་སྔར་ལས་ལྷག་པའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།”(༡༥)
ཅེས་བཤད་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཆོས་འཕེལ་རྡོ་རྗེས་ཀྱང་“བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ཤུགས་ཆུང་དུ་འགྲོ་གི་འདུག་པས་ལག་བསྟར་ཡག་པོ་བྱེད་དགོས་ཀྱི་རེད། གལ་སྲིད་ལམ་ལུགས་བཟོ་རྒྱུར་མཐོང་ཆེན་བྱེད་པ་ལས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་མ་བྱས་ན་གང་འདྲ་ཞིག་ཡིན་ཡང་སྒྲུབ་ཐབས་བྲལ་བ་རེད”(༡༦)ཅེས་གསུངས་ཡོད་པ་རེད། (མུ་མཐུད་རྒྱུ།) 

མཆན།

  • (༥) ང་ཚོ་གཉིས་ནས་(པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད་ལ་གོ་)ལས་ཀ་འདིར་ཨུ་ཚུགས་བརྒྱབ་སྟེ་མཚམས་རེ་རྒྱ་འདྲེ་བརྒྱབ། ང་མི་འདི་རླུང་ལངས་པོ་སོང་ཙང༌། ལྕོག་ཙེའི་སྒང་དུ་མཛོག་མགོ་ཡང་བརྡབས་ནས་མི་འགའ་རེ་རླུང་ལངས་དགོས་པ་བཟོས་པ་དང༌། དེ་བཞིན་བློ་མཐུན་ང་ཕོད་ནས་ཀྱང་གསུངས། ཕུན་དབང་ལགས་དང༌། ཕུན་བཀྲས་ལགས་བཅས་ཚང་མས་ཧ་རུབ་བ་རུབ་གནང༌། དེའི་ཐོག་བློ་མཐུན་ཝུ་ཅིང་ཧྭ་ཁོང་ཚོའི་གྲས་ཀྱིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བྱས་ཐེབས་ཆག་འགྲིག་ཙམ་བྱེད་ཐུབ་པ་བྱུང་བ་དང༌། དེའི་མཇུག་ཙམ་དུ་ད་ལོ་ནས་བཟུང་བོད་ལ་ལག་ལེན་བསྟར་ཡས་ཀྱི་ཁྱབ་བསྒྲགས་ཤིག་བྱས་ཡོད་པ་རེད། ལག་ལེན་བསྟར་ནས་གང་འདྲ་ཡོང་གི་ཡོད་མེད་བལྟ་རྒྱུ་རེད། ༡༩༨༨ ལོར་པེ་ཅིང་དུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་ཐོག་སྩལ་བའི་གསུང་བཤད། བོད་ཀྱི་རིག་པར་ཞིབ་འཇུག་བྱེད་པའི་རྨང་གཞི་ནི་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཡིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྒྲིགས། ཤོག་ངོས་ ༨༥ ལ་གསལ།
  • (༦) བོད་ལྗོངས་སུ་བོད་སྐད་ཡིག་སྦྱོང་སྤྱོད་བྱ་རྒྱུའི་ཞིབ་སྲོལ་འགྲེམ་བསྒྲགས་བྱས་ཏེ་ལོ་གཅིག་འཁོར་བར་ཕྱི་མིག་ལྟ་བ། བསོད་ནམས། གངས་ལྗོངས་རིག་གནས།༡༩༨༩ ལོའི་དུས་དེབ་བཞི་པ། བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭས་དཔར། ཤོག་ངོས་ ༦ པར་གསལ།
  • (༧) བོད་རིགས་ས་ཁུལ་དུ་བོད་ཀྱི་སྐད་ཡིག་སྤྱོད་རྒྱུའི་གནད་དོན་འགའ་ཞིག་ལ་དཔྱད་པ། གསེར་ཚང་ཕུན་ཚོགས་བཀྲ་ཤིས། བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། བོད་ཡིག་བརྡ་ཆད་ཚད་ལྡན་དུ་སྒྱུར་བའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་ཤིང༌། མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ། ཤོག་ངོས་ ༡༤༩ ལ་གསལ། དེ་བཞིན། བོད་ཀྱི་རིག་པར་ཞིབ་འཇུག་བྱེད་པའི་རྨང་གཞི་ནི་བོད་ཀྱི་ཆོས་དང་རིག་གཞུང་གཉིས་ཡིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་རྩོམ་གཅེས་བསྒྲིགས། ཤོག་ངོས་ ༨༥ ལའང་གཟིགས།
  • (༨) བོད་ལྗོངས་སུ་བོད་སྐད་ཡིག་སྦྱོང་སྤྱོད་བྱ་རྒྱུའི་ཞིབ་སྲོལ་འགྲེམ་བསྒྲགས་བྱས་ཏེ་ལོ་གཅིག་འཁོར་བར་ཕྱི་མིག་ལྟ་བ། བསོད་ནམས། གངས་ལྗོངས་རིག་གནས། ༡༩༨༩ ལོའི་དུས་དེབ་བཞི་པ། བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭས་དཔར། ཤོག་ངོས་ ༥་་་༦ པར་གསལ།
  • (༩) གོང་འཕེལ་འགྲོ་བཞིན་ཡོད་པའི་བོད་མི་རིགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་འགའ་གླེང་བ། དགྲ་ལྷ་ཟླ་བ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག ༡༩༩༡ ལོའི་དུས་དེབ་གསུམ་པ། ཤོག་ངོས་ ༡༡༩ ནས་ ༡༢༡ བར་གསལ།
  • (༡༠) བསྡུས་གསལ་གསར་འགྱུར། ཨང་ལྔ་པ། ལྗོངས་ཆབ་གྲོས་སྐབས་ལྔ་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་སྒྲིག་པ། ཤོག་ངོས་ ༢ པར་གསལ།
  • (༡༡) བསྡུས་གསལ་གསར་འགྱུར། ཨང་དྲུག་པ། ལྗོངས་ཆབ་གྲོས་སྐབས་ལྔ་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་སྒྲིག་པ། ཤོག་ངོས་ ༣ ་་་་༤ བར་ལ་གསལ།
  • (༡༢) བསྡུས་གསལ་གསར་འགྱུར། ཨང་བཅུ་དགུ་པ་དང་མཉམ་དུ་འགྲེམས་བསྒྲགས་བྱས་པའི་རྒྱུན་ཨུད་པདྨ་རྡོ་རྗེའི་གཏམ་བཤད། ༡༩༩༡ ཟླ་ ༥ ཚེས་ ༢ ལྗོངས་ཆབ་གྲོས་སྐབས་ལྔ་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་སྒྲིག་པ། ཤོག་ངོས་ ༤ ་་་་༥ བར་ལ་གསལ།
  • (༡༣) གྲོས་གཞི་འདེམས་བཀོད། འདོན་ཐེངས་དང་པོ། ༡༩༩༡ ཟླ་ ༤ ཚེས་ ༢༨ ལྗོངས་ཆབ་གྲོས་སྐབས་ལྔ་པའི་གྲོས་ཚོགས་ཐེངས་བཞི་པ། ཚོགས་འདུའི་གྲོས་གཞི་ཙུའུ་ནས་བཏོན་པ། ཤོག་ངོས་ ༡ ་་་་ ༢ བར་ལ་གསལ།
  • (༡༤) གྲོས་གཞི་འདེམས་བཀོད། འདོན་ཐེངས་གཉིས་པ། ༡༩༩༡ ཟླ་ ༤ ཚེས་ ༢༨ ལྗོངས་ཆབ་གྲོས་སྐབས་ལྔ་པའི་གྲོས་ཚོགས་ཐེངས་བཞི་པ། ཚོགས་འདུའི་གྲོས་གཞི་ཙུའུ་ནས་བཏོན་པ། ཤོག་ངོས་ ༡ ་་་་ ༢ བར་ལ་གསལ།
  • (༡༥) གྲོས་གཞི་འདེམས་བཀོད། འདོན་ཐེངས་བཞི་པ། ༡༩༩༡ ཟླ་ ༥ ཚེས་ ༢ ལྗོངས་ཆབ་གྲོས་སྐབས་ལྔ་པའི་གྲོས་ཚོགས་ཐེངས་བཞི་པ། ཚོགས་འདུའི་གྲོས་གཞི་ཙུའུ་ནས་བཏོན་པ། ཤོག་ངོས་ ༡ པོར་གསལ།
  • (༡༦) བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་ལྔ་པའི་གྲོས་ཚོགས་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་བཏོན་པའི། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ནག་ཆུ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བསོད་ནམས་རྒྱལ་མཚན་གྱི་གཏམ་བཤད། ཤོག་ངོས་ ༨་་་་༩ བར་ལ་གསལ།

No comments:

Post a Comment