2010-10-26

བོད་ནང་བོད་ཡིག་གི་འཆི་གསོན། (དུམ་བུ་བཞི་པ།)

(མི་རིགས་ཤིག་གི་སེམས་པ་མཚོན་བྱེད་ཀྱི་སྐད་བརྡའི་ལས་དབང་།)

ཏ༽ གཏན་འབེབས་གསར་པར་བོད་མི་ཚོས་བསམ་འཆར་ཤུགས་ཆེ་བཏོན་པ།
གནས་སྟངས་དེ་འདྲར་གྱུར་སྟབས་བོད་མི་ཚོས། དངོས་ཤུགས་ཅི་རིགས་ནས་ངོ་རྒོལ་གྱི་རྣམ་པ་བསྟན་པ་ནི། དུས་ཡུན་དེའི་རིང་གི་བོད་ཡིག་ཐོག་གི་རྩོམ་ཡིག་དང་། གླུ་གཞས་སོགས་ཅི་རིགས་ནས་མཐོང་རྒྱུ་ཡོད་པ་ཞིག་རེད། ལྷག་པར་དུ། དེ་སྔ་ཞན་དབྱང་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་ཤེས་ཡོན་དང་འབྲེལ་བའི་ཕྱག་ལས་ལོ་མང་གནང་མྱོང་བར་མ་ཟད། དབྱིན་བོད་རྒྱ་གསུམ་གྱི་ཚིག་མཛོད་རྩོམ་སྒྲིག་དང༌། བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་ཟུར་པ། བོད་ཀྱི་ཞིང་ཁུལ་དུ་སློབ་གྲྭ་མང་པོ་གསར་འཛུགས་གནང་མཁན་སྙན་གྲགས་ཅན་གྱི་སྐུ་ཞབས་བཀྲ་ཤིས་ཚེ་རིང་གིས་ཕྱི་ལོ་ ༢༠༠༧ ཟླ་ ༡ ཚེས་ ༧ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ལ་སྙན་ཞུ་ཞིག་ཕུལ་ཡོད། སྙན་ཞུ་དེའི་ནང་ཁོང་གིས།
“ད་ཐེངས་ཀྱི་འཕྲིན་ཡིག་འདིའི་ནང་དོན་གཙོ་བོ་ནི། བོད་ཀྱི་སྐད་ཡིག་སྐོར་གྱི་གནད་དོན་ཡིན་པ་དང༌། འཐུས་མི་རྣམས་ཀྱིས་གནད་དོན་འདི་སོ་སོའི་བུ་རབས་ཚ་རྒྱུད་ཀྱི་ཁེ་ཕན་ལ་གཞིགས་ཏེ་མཐོང་ཆེན་པོ་གནང་རྒྱུའི་རེ་བ་ཡོད། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བའི་ཐད་ལ་དེ་སྔ་ཕྱི་ལོ་ ༡༩༨༧ ལོར་“བོད་ཡིག་དང་རྒྱ་ཡིག་འདྲ་མཉམ་རྩ་ཆེན་བྱེད་རྒྱུ་དང༌། བོད་ཡིག་གཙོ་བོ་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་རྒྱུ། བོད་ཀྱི་ས་ཁུལ་ནས་བོད་ཡིག་ཐོག་སློབ་ཁྲིད་བྱེད་པའི་སློབ་གསོའི་མ་ལག་འཛུགས་རྒྱུ་”ཞེས་པའི་གལ་ཆེའི་ཐག་གཅོད་གནང་བ་དེར་བསྐྱར་དུ་ཞིབ་དཔྱད་བྱེད་རྒྱུའི་རེ་བ་ཡོད། ༡༩༨༧ ལོར་བཏོན་པའི་ཡིག་ཆ་དེ། ཀྲུང་གོ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་སྤྱི་ཁྱབ་བཀོད་བསྡོམས་པ་ཏིང་ཞོ་ཕིང་དང༌། བོད་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་གཉིས་ཀྱིས་རྒྱབ་སྐྱོར་ཆེན་པོའི་འོག་བྱུང་བ་ཞིག་རེད། འདི་ནི་བོད་མི་དམངས་དང་བོད་ཀྱི་གོང་འཕེལ་ལ་ཕན་པའི་བྱ་བ་བཟང་པོ་ཞིག་ཡིན། འོན་ཀྱང་མི་ལོ་བཅོ་ལྔ་ཕྱིན་རྗེས་ཀྱི་སྤྱི་ལོ་ ༢༠༠༢ ལོའི་ཟླ་ ༥ ཚེས་ ༢༢ ཉིན་གཏན་འབེབས་བྱས་པའི་“བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བའི་གཏན་འབེབས་”ཞེས་པའི་ནང་དུ། ལག་ལེན་བསྟར་དགོས་པའི་ཞིབ་ཕྲའི་ནང་དོན་གནད་འགག་ཆེ་བ་དེ་མེད་པ་བཟོས་འདུག ང་རང་གི་བསམ་པར་འདི་ནི་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བའི་གནད་དོན་ཐོག་ལོ་རྒྱུས་རང་བཞིན་གྱི་ཕྱི་ནུར་བྱས་པ་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་དབུ་ཁྲིད་གསར་པའི་མཁས་མཛངས་ལྡན་པའི་བཀོད་བྱུས་འོག གནད་དོན་འདི་ཡོ་བསྲང་བྱེད་པའི་རེ་བ་ཧ་ཅང་ཆེན་པོ་ཡོད་ལ། ཡོ་བསྲང་བྱེད་ཐུབ་པའི་ཡིད་ཆེས་དམ་པོའང་ཡོད། བོད་རིགས་ཚོར་རང་གི་ཕ་སྐད་སྦྱོང་རྒྱུ་དེ་ཨང་དང་པོ་ཡིན་དགོས། དེའི་རྗེས་རྒྱ་ཡིག་སྦྱོང་རྒྱུ་ཨང་གཉིས་པ་བྱས་པ་ཡིན་ན། བོད་ཀྱི་ཞིང་འབྲོག་གི་བུ་ཕྲུག་ཚོས་གཞི་ནས་རང་བྱུང་ཚན་རིག་ཡག་པོ་སྦྱོང་རྒྱུར་སྐད་ཡིག་གཉིས་ཀྱི་རྨང་གཞི་ཡག་པོ་ཆགས་ཐུབ་པ་དང༌། དེའི་ཐོག་དབྱིན་ཡིག་ཡག་པོ་ཞིག་སྦྱངས་པ་ཡིན་ན། དེ་ལས་ཀྱང་ཡག་པ་ཆགས་ཀྱི་རེད། གལ་སྲིད་བོད་ཀྱིས་བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་སློབ་གསོའི་མ་ལག་མ་བཙུགས་ཚེ། བོད་རིགས་སློབ་མ་ཚོས་སློབ་གསོའི་ལམ་ལུགས་ཀྱིས་བཟོས་པའི་འགལ་རྐྱེན་ཆེན་པོ་ལས་བརྒལ་མི་ཐུབ།
       ལོ་དགུའི་འོས་འགན་སློབ་གསོའི་སྐབས་སུ་བོད་ཡིག་ཁོ་ནས་སློབ་ཚན་གཞན་དག་ཚང་མ་སློབ་ཁྲིད་བྱེད་ཀྱི་ཡོད། མཐོ་རིམ་སློབ་འབྲིང་ལ་སླེབས་སྐབས། རྒྱ་ཡིག་ཐོག་ནས་རང་བྱུང་སློབ་ཚན་ཁྲིད་ཀྱི་ཡོད། བོད་རྒྱ་སྐད་ཡིག་གཉིས་ཀྱི་ཆ་ལག་རྩ་བ་ནས་མཐུད་མ་ཐུབ་པའི་རྐྱེན་གྱིས། ཁོང་ཚོས་མཐོ་རིམ་སློབ་འབྲིང་དང་སློབ་གྲྭ་ཆེན་མོའི་ནང་དུ་རང་བྱུང་ཚན་རིག་ཕྱོགས་ཀྱི་ཤེས་བྱ་ཡག་པོ་སྦྱོང་ཐུབ་ཀྱི་མེད་པ་རེད། དེར་བརྟེན། ངས་རང་སྐྱོང་ལྗོངས་དམངས་འཐུས་ལ་བཅའ་ཁྲིམས་བསྐྱར་བཅོས་འཆར་ཟིན་འདོན་རྒྱུ་ཡིན། དེའི་དམིགས་ཡུལ་ནི་བོད་ཀྱི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པའི་སློབ་གསོའི་མ་ལག་བསྐྱར་འཛུགས་བྱེད་རྒྱུ་དེ་ཡིན་ལ། དེ་ནི་གལ་ཆེའི་ཐག་གཅོད་ཅིག་ཡིན། དེའི་དགོས་པ་ནི། བཅའ་ཁྲིམས་ལམ་ལུགས་ཀྱི་འགན་སྲུང་དངོས་སུ་ལག་བསྟར་གྱིས་བོད་རིགས་སློབ་མས་མཐོ་རིམ་སློབ་འབྲིང་དང་སློབ་གྲྭ་ཆེན་མོའི་ནང་དུ་སྐད་ཡིག་གཉིས་ཀྱིས་རང་བྱུང་ཚན་རིག་གི་སློབ་ཚན་ཁག་ཡག་པོ་སྦྱོང་ཐུབ་པ་བྱེད་འཇུག་རྒྱུ་དེ་ཡིན། རང་བྱུང་ཚན་རིག་ཀྱི་ཤེས་བྱ་ལྡན་པའི་སྤྱི་དམངས་མང་པོ་མེད་ན། ད་ལྟའི་འཛམ་གླིང་ཐོག་དེང་རབས་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་གླེང་ཐབས་མེད། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང༌། བེད་སྤྱོད། བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་སློབ་གསོའི་མ་ལག་འཛུགས་རྒྱུ་དེ་ནི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དགོས་པའི་ཤེས་ལྡན་མི་སྣའི་དགོས་མཁོ་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ཆེས་ཉུང་མཐའི་འགྲོ་བ་མིའི་ཐོབ་ཐང་ཡང་ཡིན་པ་དང༌། མི་རིགས་འདྲ་མཉམ་དངོས་སུ་ལག་བསྟར་བྱེད་པའི་རྩ་བའི་ཆ་རྐྱེན་ཡང་ཡིན། དེར་བརྟེན། འཐུས་མི་རྣམ་པ་ཚོས་བཅའ་ཁྲིམས་ཀྱི་ལས་འགན་ཁུར་ནས་གང་མགྱོགས་ཅི་མགྱོགས་ནུས་ལྡན་ཕན་ཡོད་དང་ཁ་ཡོད་ལག་ཡོད་ཀྱི་བཅའ་ཁྲིམས་ཤིག་ཏུ་གཏན་འབེབས་ཐུབ་པ་གནང་རོགས་ཞུ་རྒྱུ་བཅས། ཐུགས་རྗེ་ཆེ།”(༢༣)
ཞེས་སོགས་ཁ་གསལ་གཏིང་གསལ་གྱི་སྒོ་ནས་བསམ་འཆར་བཏོན་ཡོད། བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཕུལ་བའི་སྙན་ཞུ་དེའི་ཐད་ཕྱི་ལོ་ ༢༠༠༧ ཟླ་ ༧ ཚེས་ ༧ ནས་ ༨ བར་ཉིན་གཉིས་རིང་གོང་རིམ་འབྲེལ་ཡོད་ཀྱིས་མཆན་བཀོད་མཛུབ་སྟོན་ལྟར་རྒྱ་ནག་གི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་སྡེ་ཚན་ནས་ཆེད་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་ཞིག་ཆེད་དུ་བསྐོངས་ཏེ། སློབ་གྲྭ་ཆེ་མོ་དང་ཚན་རྩལ་ཞིབ་འཇུག་ཁང༌། གསར་འགྱུར་བརྒྱུད་ལམ་སོགས་སྡེ་ཚན་ཁག་ནས་ཕེབས་པའི་ཆོལ་ཁ་གསུམ་གྱི་བོད་རིགས་མཁས་དབང་རྣམ་པར་དགོངས་ཚུལ་གསུངས་བཅུག་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་མཁས་དབང་རྣམ་པས་ཞལ་གཅིག་གྲགས་ཀྱི་ཐོག་ནས།
“གཏན་འབེབས་གསར་པ་དང་རྙིང་པའི་བར་གྱི་ནང་དོན་ལ་ཧེ་བག་ཆེན་པོ་ཤོར་ཞིང༌། གཏན་འབེབས་རྙིང་པ་དང་དེའི་དོན་འཁྱོལ་བྱེད་ཕྱོགས་ཞིབ་སྲོལ་གྱི་ནང་དོན་ཞིབ་ཅིང་ཕྲ་བ་ཡོད་པ་མ་ཟད། དོན་དངོས་དང་ཤིན་ཏུ་མཐུན་པ་ཞིག་དང༌། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་གཏོང་བར་ཕན་རླབས་ཆེན་པོ་ལྡན་ལ། ལག་བསྟར་བྱེད་བདེ་ཞིག་ཀྱང་ཡིན། དེ་ལས་གལ་འགངས་ཆེ་བ་ཞིག་ནི་དེ་རྩ་ཁྲིམས་དང་རང་སྐྱོང་ཁྲིམས་ལུགས་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་པ་ཞིག་ཡིན། འོན་ཀྱང་གཏན་འབེབས་རྙིང་པའི་ནང་དུ་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་བར་ཕན་པའི་གལ་འགངས་ཆེ་བའི་ནང་དོན་མང་དག་ཅིག་འཁོད་པ་རྣམས་གཏན་འབེབས་གསར་པས་ནག་བསུབ་བཏང་ཡོད་ལ། ནག་བསུབ་ཏུ་བཏང་བའི་ནང་དོན་དེ་དག་ནི་རྒྱལ་ཁབ་ཀྱི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་མཚོན་པ་ཤ་སྟག་ཡིན་པས། དེ་ནི་གཞུང་འབྲེལ་གྱི་ཡིག་ཆ་ཞིག་གམ་ལྷག་པར་དུ་ཁྲིམས་ལུགས་རང་བཞིན་གྱི་ཡིག་ཆ་ཞིག་ལ་ངེས་པར་དུ་ཚང་དགོས་པ་ཞིག་རེད། གཏན་འབེབས་གསར་པར་དོན་དངོས་དང་མི་མཐུན་པ་དང༌། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་སྲིད་ཇུས་དང་མི་མཐུན་པའི་བཟོ་བཅོས་བྱེད་སྟངས་དེས། དོན་དངོས་ཐོག་རྩ་ཁྲིམས་དང་མི་རིགས་རང་སྐྱོང་ཁྲིམས་ལུགས་སོགས་སུ་གསལ་བའི་བོད་མི་རིགས་ཀྱིས་སོ་སོའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱས་ཆོག་པའི་ཐོབ་ཐང་དང་རང་དབང་རྣམས་མེད་པར་བཟོས་པ་དང༌། དེས་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བར་ལྡོག་ཕྱོགས་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་ཐོག ལོ་རྒྱུས་རང་བཞིན་གྱི་གོམ་པ་ཆེན་པོ་ཕྱིར་བཤོལ་བྱས་པ་ཞིག་ཀྱང་ཡིན། ་་་ གཏན་འབེབས་གསར་པའི་ནང་ལྷག་པའི་སྐྱོན་གནད་དང་ལྡོག་ཕྱོགས་ཀྱི་ནུས་པ་དེས་ཕུགས་རྒྱང་རིང་པོར་བལྟས་ན་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་བརྟན་པོའི་ངང་གོང་སྤེལ་གཏོང་བར་ཕན་ནུས་མེད་པ་མ་ཟད། མི་རིགས་མཐུན་བསྒྲིལ་ལའང་དེ་བས་ཕན་ནུས་མེད་པ་དང༌། འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་པར་ཕན་ཐོགས་མེད་པ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་བྱུང་བར་ཕན་ཐོགས་མེད་པའི་བྱེད་སྟངས་ཤིག་རེད།”(༢༤)
ཅེས་གསུངས་ཡོད། ཞིབ་ཕྲའི་གནད་དོན་དང་རྒྱུ་མཚན་གླེང་སྐབས་ཚོགས་བཅར་བ་ཚོས་དགོངས་འཆར་མང་པོ་བཏོན་པ་རྣམས་འདིར་ཡིག་ཚོགས་ལ་འཇིགས་ཏེ་དྲངས་མེད། ཞིབ་ཕྲ་མཁྱེན་འདོད་པ་ཚོས་ཕྲན་གྱིས་བསྒྱུར་བའི་དཔེ་དེབ་<<ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་>>ཞེས་པ་དེར་གཟིགས་པར་འཚལ།



ཐ༽ བོད་ཀྱི་སྐད་ཡིག་རིག་གཞུང་གི་ལྟེ་གནས་དབུས་གཙང་ཁུལ་དུ་བོད་ཀྱི་སྐད་ཡིག་ལ་ཉམས་ཆག་ཚབས་ཆེན་བྱུང་བ།
༡༩༧༩ ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། སྲིད་བྱུས་ཕྲན་བུའི་གུ་ཡངས་བྱུང་སྟེ། བོད་ཡིག་གི་ཐད་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གྱི་རྣམ་པ་གསར་པ་ཞིག་ཐོན་འགོ་ཚུགས་ཤིང་། ༡༩༨༧།༨༨ ལོར་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་ཤུགས་ཆེའི་འབད་བརྩོན་འོག་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་འབྲེལ་བའི་གཏན་འབེབས་དང་། དེ་ལག་བསྟར་བྱེད་ཕྱོགས་ཀྱི་ཞིབ་སྲོལ་ཡིག་ཆ་ཡོངས་བསྒྲགས་བྱེད་ཐུབ་པ་བྱུང་ཡོད། དུས་ཡུན་དེའི་ནང་། བོད་རང་སྐྱོང་ལྗོངས་ཞེས་པའི་ནང་། མཐོ་རིམ་སློབ་འབྲིང་བར་གྱི་ཚན་རིག་དང་། ཨང་རྩིས། ས་ཁམས་སོགས་ཀྱི་སློབ་ཚན་ཡོངས་རྫོགས་བོད་ཡིག་ཏུ་ཕབ་སྒྱུར་བྱས་ཏེ། སློབ་གྲྭ་ཁག་ཅིག་ལ་ལག་བསྟར་བྱེད་འགོ་བཙུགས་པ་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་། བོད་ལྗོངས་ནང་བསྟན། གངས་ལྗོངས་རིག་གནས། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། བོད་ལྗོངས་སློབ་གསོ། སྤང་རྒྱན་མེ་ཏོག བོད་ལྗོངས་ཞིབ་འཇུག་སོགས་ཀྱི་བོད་ཡིག་དུས་དེབ་ཀྱང་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་དུ་གསར་འདོན་བྱས་པ་རེད། དེར་བརྟེན། དུས་ཐུང་རིང་བོད་ཡིག་གི་ཐོག་ནས་རང་རྐྱ་འཕེར་བའི་ལས་ཀ་བྱེད་ཐུབ་མཁན་གང་འཚམས་ཤིག་གསོ་སྐྱོང་ཐུབ་ཡོད།
 

འོན་ཀྱང་ ༡༩༩༠ གོ་གྲངས་ནས་ ༢༠༠༧ ལོ་བར་གྱི་དུས་ཡུན་ནང་། གོང་གསལ་པཎ་ཆེན་རིན་པོ་ཆེའི་སྐབས་ཡོངས་བསྒྲགས་བྱས་པའི་གཏན་འབེབས་དེ་ཡོངས་སུ་ནུས་མེད་དུ་བཏང་བར་མ་ཟད། ཕྱོགས་མང་པོ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་དམས་སུ་གཏོང་བའི་ལས་ཀ་བརྩམས་ཡོད།

  • ༡༽ སློབ་གྲྭ་ཁག་ཏུ་ཚན་རིག་དང་ཨང་རྩིས་སོགས་བོད་ཡིག་གི་ཐོག་ནས་འཁྲིད་བཞིན་པ་དེར། རྩ་བའི་ཆར་འགྱུར་ལྡོག་བཏང་སྟེ། སྐད་གཉིས་སློབ་གསོ་དར་སྤེལ་ཟེར་བའི་འབོད་ཚིག་འོག་རྒྱ་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་འགོ་བཙུགས་ཤིང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་དེ། སྐབས་ཤིག་རིང་མེད་པ་བཟོས། དེ་རྗེས་བསྐྱར་དུ་སྒོ་ཕྱེ་ཡང་སློབ་མ་བསྡུ་སྟངས་ངེས་གཏན་མེད་ལ། ཚན་ཁག་དེ་ནས་ཐོན་པ་ཚོར་ལས་གནས་བཀོད་སྒྲིག་ཚུལ་བཞིན་དུ་བྱེད་ཀྱི་མེད།
  • ༢༽ གཞུང་ཞབས་དང་ལས་བཟོ་བ་བསྡུ་བའི་ཡིག་རྒྱུགས་ནང་། བོད་ཡིག་ལ་སྐར་གྲངས་རྩ་བ་ནས་མེད་པའམ་ཧ་ཅང་ཉུང་ངུ་ཞིག་ལས་མེད་པ་བཟོས་ཤིང་། ལྷག་པར་དུ་མཐོ་སློབ་ཏུ་འཛུལ་ཞུགས་ཀྱི་ཡིག་རྒྱུགས་ནང་། བོད་ཡིག་ལ་བརྒྱ་ཆ་ ༥༠ ལས་མེད་པ་དང་། སྐབས་འགའ་ཞིག་ཏུ་བོད་ཡིག་ལ་རྩིས་འགྲོ་རྩ་བ་ནས་མེད་པའི་གནས་ཚུལ་ཡང་བྱུང་ཡོད།
  • ༣༽ བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་ལྟ་བུའི་བོད་ཡིག་དང་འབྲེལ་བའི་ལས་ཁུངས་རྣམས་རྩ་བའི་ཆར་འཁུ་བསྡུ་བྱས་ཤིང་། ས་གནས་ཁག་གི་ཡིག་སྒྱུར་སྡེ་ཚན་ཡང་སྒོ་བརྒྱབ་པས། གཞུང་གི་ཡིག་ཆ་བརྒྱ་ཆ་ ༩༩ རྒྱ་ཡིག་ཡིན། དེ་སྔོན་རྫོང་དང་ཆུས་(རྫོང་འོག་གི་སྒྲིག་འཛུགས་རིམ་པ་ཞིག་)རིམ་པའི་ལས་བྱེད་པའི་ནང་བོད་རིགས་མང་པོ་ཡོད་ཀྱང་། ཉེ་ལམ་ནས་དེ་དག་གི་ནང་དུ་རྒྱ་རིགས་ཤུགས་ཆེ་བསྐོ་བཞག་བྱས་སྟབས། རྫོང་དང་ཆུས་རིམ་པའི་ཡིག་ཆ་ཁག་ཀྱང་སྤྱིར་ན་རྒྱ་ཡིག་མ་གཏོགས་བོད་ཡིག་མེད་པར་གྱུར།
  • ༤༽ དགོན་སྡེ་ཁག་གི་གྲྭ་གྲངས་ལ་ཚོད་འཛིན་ནན་པོ་དང་། འཆད་ཉན་ལ་འགོག་རྐྱེན་སྣ་ཚོགས་བཟོ་བ། དགོན་པའི་ནང་བརྙན་འཕྲིན་དང་སྦག་མ་ཅང་སོགས་ཆེད་དུ་དར་སྤེལ། དགོན་པའི་གྲྭ་བཙུན་དང་མང་ཚོགས་ཀྱི་འབྲེལ་གཏུགས་ལ་ཚོད་འཛིན་བཅས་བྱས་སྟབས། དབུས་གཙང་ཁུལ་གྱི་དགོན་པ་ཁག་གིས་ཉེ་ཁོར་མང་ཚོགས་ལ་ཆོས་དང་རིག་གཞུང་གི་ཞབས་འདེགས་དེ་སྔ་ནང་བཞིན་ཞུ་ཐུབ་ཀྱི་མེད།
  • ༥༽ སྤྱི་ཚོགས་ནང་ཚོང་ཟོག་བརྡ་ཁྱབ་དང་། འཕྲེད་དར། གཞུང་གི་གསལ་བསྒྲགས། ལམ་རྟགས། ཡིག་ཟམ་ཁ་བྱང་། སྤྱི་ཚོགས་ཞབས་ཞུའི་འགེངས་ཤོག་སོགས་ཕལ་མོ་ཆེ་རྒྱ་ཡིག་ལས་བོད་ཡིག་མེད་པ།
གོང་དུ་དྲངས་པའི་རྒྱུ་རྐྱེན་སོགས་ལ་བརྟེན་ནས། ད་ཆ་བོད་ཀྱི་རིག་གཞུང་གི་ལྟེ་གནས་ལྷ་ས་ཁུལ་དང་གཙང་ཁུལ་བསྡུར་ཚེ། གཙང་ཁུལ་གྱི་བོད་ཡིག་གནས་ཚད་ལེགས་པ་དང་། དབུས་གཙང་ཁུལ་དང་བོད་ཤར་རྒྱུད་མདོ་སྨད་ཁུལ་གྱི་བོད་མིའི་བོད་ཡིག་གནས་ཚད་བསྡུར་ཚེ། དབུས་གཙང་ཁུལ་གྱི་བོད་ཡིག་གནས་ཚད་ཞན་པ་ཆགས་ཡོད། བྱེད་སྟངས་དེ་ཚོར་བོད་ནང་གི་མཁས་པ་ཚོས་བསམ་འཆར་ཤུགས་ཆེ་བཏོན་འདུག་པ་ལས་དུམ་བུ་འགའ་ཞིག་དྲངས་ན། 
“གཏན་འབེབས་གསར་པས་གཏན་འབེབས་རྙིང་པའི་ནང་གསལ་བའི་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྐོར་གྱི་གལ་ཆེའི་དོན་ཚན་ལ་ཤུགས་སྣོན་བརྒྱབ་མེད་པ་མ་ཟད། གཏན་འབེབས་རྙིང་པའི་ནང་གསལ་བའི་གལ་ཆེ་བའི་དོན་ཚན་མང་དག་ཅིག་ནག་བསུབ་བཏང་ཡོད། བྱེད་སྟངས་དེས་ཁྱོན་ཡོངས་ནས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུའི་ཤུགས་ཚད་ཉམས་དམས་སུ་བཏང་སྟེ། བོད་ཀྱི་སྐད་ཡིག་འདི་ཉིད་ཡོད་ནའང་འགྲིག་ལ་མེད་ནའང་འགྲིག་པའི་སློབ་ཚན་ཞིག་ཏུ་གྱུར་ཡོད། གཏན་འབེབས་གསར་པའི་དོན་ཚན་དྲུག་པའི་ནང་བཀོད་དོན། འོས་འགན་སློབ་གསོའི་དུས་རིམ་དུ་བོད་ཀྱི་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་(རྒྱ་ཡིག)གཉིས་སློབ་གསོའི་སློབ་ཁྲིད་ཀྱི་སྐད་ཡིག་ཡིན་ཞིང༌། བོད་ཀྱི་སྐད་ཡིག་དང༌། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཚན་འཛུགས་རྒྱུ་དང༌། དུས་ཚོད་རན་འཚམ་ཕྱི་རྒྱལ་སྐད་ཡིག་གི་སློབ་ཚན་འཛུགས་རྒྱུ་ཞེས་གསལ་ཡོད། (འོས་འགན་སློབ་གསོ་ཞེས་པ་ནི་དེ་སྔོན་འཛིན་རིམ་དྲུག་པ་མན་ཡིན་པ་དང༌། ད་ལྟ་བོད་རང་སྐྱོང་ལྗོངས་སུ་འཛིན་རིམ་དགུ་པའི་བར་འོས་འགན་སློབ་གསོ་ཁྱབ་ལུགས་དྲིལ་བསྒྲགས་བྱེད་ཀྱི་ཡོད། ལག་ལེན་ནང་སློབ་ཆུང་གི་རྗེས་སུ་བོད་ཡིག་ཕུད་ཚན་རིག་སོགས་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་གིས་སློབ་པ་ཤས་ཆེ།) འོན་ཀྱང༌། འོས་འགན་སློབ་གསོའི་དུས་རིམ་སྐབས་བོད་ཡིག་གི་སློབ་ཚན་ཁྲིད་པ་དང༌། མཐོ་རིམ་སློབ་འབྲིང་སྐབས་(འཛིན་གྲྭ་བཅུ་པ་ནས་བཅུ་གཉིས་བར་ལ་གོ་དགོས།)རྒྱ་ཡིག་གཅིག་པུའི་ཐོག་ནས་སློབ་ཚན་འཁྲིད་པ་ཡིན་ན། གནས་སྟངས་འདི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་པ་ནང་བཞིན། སློབ་ཕྲུག་མང་པོ་ཞིག་གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཉེར་མཁོའི་ཆ་ལག་ཕན་ཚུན་རྩ་བ་ནས་མཐུད་མི་ཐུབ་པར་འགྱུར་བའི་དབང་གིས། སློབ་ཁྲིད་ཀྱི་ཕན་འབྲས་ལ་གནོད་སྐྱོན་ཚབས་ཆེན་བཟོ་ངེས། ་་་ གཏན་འབེབས་གསར་པས་བོད་ཀྱི་སྐད་ཡིག་འདི་ཉིད་ཡོད་ནའང་འགྲིག་ལ་མེད་ནའང་འགྲིག་པའི་གནས་སུ་སྐྱེལ་བའི་བསམ་སྦྱོར་དེས། དོན་དམ་དུ་བོད་ཀྱི་སྐད་ཡིག་དང་དེའི་སློབ་ཁྲིད་རིམ་བཞིན་སློབ་གསོ་རིག་པའི་ལོ་རྒྱུས་ཀྱི་སྡིངས་ཆའི་སྒང་ནས་བཙན་ཤེད་ཀྱིས་ཕྱིར་འཐེན་བྱེད་དུ་འཇུག་པ་ཡིན་ལ། བོད་མི་རིགས་ཀྱི་རིག་གཞུང་འདི་ཉིད་འགྲོ་བ་མིའི་རིག་གཞུང་ཁྲོད་ནས་བཙན་ཤེད་ཀྱིས་རྩ་ཡལ་དུ་གཏོང་དུ་འཇུག་པ་དེ་ཡིན། དེ་དང་ཆབས་ཅིག བྱེད་སྟངས་དེས་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་དང་བེད་སྤྱོད། རྒྱུན་འཛིན། འཕེལ་རྒྱས་སུ་གཏོང་བའི་རང་དབང་དང་ཐོབ་ཐང་འཕྲོག་སྟེ། རྒྱ་ཆེའི་བོད་རིགས་མི་དམངས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཐེབས་པ་མ་ཟད། རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་ལུགས་བཅས་ཀྱི་དགོངས་དོན་དང་འགལ་བ་དང༌། རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས་དང་འགལ་གྱི་ཡོད།”
“བོད་རང་སྐྱོང་ལྗོངས་ས་གནས་གཞུང་གི་སྡེ་ཚན་ཁག་དང༌། རིམ་པ་ཁག་གི་སློབ་གྲྭ་ཁག་ནང་རིམ་བཞིན་རྒྱ་ཡིག་གིས་བོད་ཡིག་གི་ཚབ་བྱས་འགྲོ་ཡི་ཡོད། གཞུང་ཞབས་ཀྱི་ཡིག་རྒྱུགས་ནང་དུ་བོད་ཡིག་རྩ་བ་ནས་མེད་ཅིང༌། གཞུང་གི་ཡིག་ཆ་ཁག་ཀྱང་ཧ་ལམ་བོད་ཡིག་ཐོག་མེད་པ་དང༌། ཚོགས་འདུ་ཆེ་ཆུང་གང་ཡིན་རུང་འགོ་ཁྲིད་ཚོས་རྒྱ་སྐད་རྐྱང་པའི་ཐོག་ནས་གསུང་བཤད་གནང་སྟེ། དེང་སང་བོད་ཀྱི་སྤྱི་ཚོགས་བྱེད་སྒོའི་ཁྲོད་བོད་ཡིག་ལ་ཧ་ལམ་གནས་བབས་གང་ཡང་མེད་པར་འགྱུར་བཞིན་ཡོད། དེ་ལྟ་བུའི་ཚབས་ཆེ་བའི་གནད་དོན་ཞིག་ལ་སྤྱི་ཚོགས་སྟེང་བསམ་ཚུལ་ཆེན་པོ་བྱུང་སྟེ། སྐྱོན་བརྗོད་དང་བཟོ་བཅོས་དགོས་པའི་བསམ་འཆར་མང་པོ་ཕུལ་རུང༌། འབྲེལ་ཡོད་སྡེ་ཚན་ནས་ལེགས་བཅོས་མི་བྱེད་པ་མ་ཟད། དེ་ལས་ལྡོག་སྟེ་རིག་གནས་གསར་བརྗེའི་སྐབས་ཀྱི་བྱེད་སྟངས་ལྟར་བསམ་འཆར་འདོན་མཁན་ལ་རྡུང་རྡེག་དང་ཞྭ་མོ་གཡོག་གི་ཡོད། དེ་འདྲའི་གཡོན་ཐལ་བསམ་བློས་བོད་ཀྱི་སྐད་ཡིག་སློབ་སྦྱོང་ལ་བཀག་འགོག་དང་འགལ་རྐྱེན་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད།”

“དུས་ཡུན་རིང་པོ་ཞིག་ནས་བཟུང༌། མི་འགའ་ཞིག་གིས་བོད་དུ་བོད་ཡིག་སྦྱངས་ན་ཁ་ལག་མི་རག་པ་དང༌། ལས་ཀ་མི་རག་པ། ལས་ཀའི་ཐོག་བོད་ཡིག་བེད་སྤྱོད་མེད་པ། བོད་ཡིག་རྗེས་ལུས་ཡིན་པ་དང༌། མཐོ་སློབ་འགྲིམས་རྗེས་བོད་ཡིག་ཕན་མེད་ཡིན་པ་བཅས་མགོ་སྐོར་བསླུ་བྲིད་ཀྱི་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ལྷག་པར་དུ་དེ་ལས་ཚབས་ཆེ་བ་ཞིག་ནི། བོད་ཡིག་སྦྱོང་བར་བསྐུལ་ན་བོད་རང་བཙན་རྩོད་པ་རེད་ཅེས་ཁུངས་མེད་ཐ་ཆད་ཀྱི་འཆལ་གཏམ་སྤེལ་གྱི་ཡོད། དེ་འདྲ་ཡིན་ན་བོད་ཀྱི་སྐད་ཡིག་དེ་ནོར་འཁྲུལ་ཞིག་རེད་དམ། ་་་ ང་ཚོར་སྤྱི་སྤྱོད་འབྲུ་འཛིན་(རྒྱ་ཡིག་ལ་གོ་དགོས་)དགོས་པ་ལས་ས་གནས་འབྲུ་འཛིན་(བོད་ཡིག་ལ་ཟེར་གྱི་ཡོད)མི་དགོས་ཞེས་དང༌། ང་ཚོས་དེང་རབས་ཅན་གྱི་ལྕགས་སྨྱུག་སྤྱོད་པ་ལས་སྨྱུག་བྲིས་(བོད་ཡིག་ལ་ཟེར་གྱི་ཡོད)མི་དགོས་ཅེས་བཤད་ཀྱིན་ཡོད། གཡོན་ཐལ་ཅན་གྱི་རྗོད་ཚུལ་དེ་དག་ནི་ས་གནས་འགོ་འཁྲིད་ལས་བྱེད་འགའ་ཞིག་གི་བསམ་བློའི་ངོས་འཛིན་གཡོན་ཐལ་རིང་ལུགས་སུ་ཕྱོགས་བཞིན་པ་དང༌། མཚོན་བྱེད་གསུམ་དང་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་དགོས་པའི་ཆེས་མཐོའི་སྙིང་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་མ་བྱས་པ། རྒྱ་ཆེའི་མི་མང་གི་ཁེ་ཕན་ཨང་དང་པོར་མ་རྩིས་པ་བཅས་མངོན་གསལ་དུ་མཚོན་པ་ཞིག་རེད།”
“མཐོ་སློབ་རྒྱུགས་སྤྲོད་ཀྱི་ཨང་ཀི་དེའང་གནད་དོན་གལ་ཆེ་ཞིག་ཆགས་ཀྱི་ཡོད། ་་་ བོད་རང་སྐྱོང་ལྗོངས་སུ་སྤྱིར་བཏང་མཐོ་སློབ་རྒྱུགས་སྤྲོད་སྐབས། བོད་ཡིག་ལ་བརྒྱ་ཆ་ ༥༠ མ་གཏོགས་སྤྲོད་ཀྱི་མེད་པ་དང༌། ཐ་ན་སྐབས་འགར་ད་དུང་མཐོ་སློབ་རྒྱུགས་སྤྲོད་ཀྱི་བརྒྱ་ཆར་རྩ་བ་ནས་རྩིས་འགྲོ་གཏོང་གི་མེད། དེ་ལྟ་བུའི་གཅོག་ཆ་བྱེད་སྟངས་ནི་མི་རྣམས་གོ་བ་ལེན་ཐབས་དཀའ་བའི་བྱ་བ་ཁྱད་མཚར་ཞིག་ཡིན་པ་དང༌། ནན་ཏན་དུ་བརྗོད་ན། ཕར་བལྟས་ན་ཕྲུ་གུའི་རྩེད་མོ་ལྟ་བུ་དེ། དོན་དངོས་སུ་བོད་ཀྱི་སྐད་ཡིག་དང་དེའི་སློབ་ཁྲིད་ལ་དམའ་འབེབས་དང༌། བོད་ཀྱི་སྐད་ཡིག་རིག་གནས་ལ་མཐོང་ཆུང༌། ལྷག་པར་དུ་སློབ་གསོའི་ལས་དོན་ལ་སྣང་ཆུང་བཏང་བའི་བྱ་སྤྱོད་ཅིག་ཆགས་ཡོད། ་་་ དེའི་རྒྱུ་མཚན་ཅི་ཡིན་ནམ། དམིགས་ཡུལ་གང་གི་ཆེད་དུ་ཡིན་ནམ།”

“ཡང་བསྐྱར་བརྗོད་དགོས་པ་ཞིག་ལ། ཚད་ལྡན་མཐོ་སློབ་ཏུ་བརྩི་བའི་བོད་ལྗོངས་སློབ་གྲྭ་ཆེ་མོའི་ནང༌། ལོ་རབས་དགུ་བཅུ་པའི་ལོ་འགོར་བོད་ཀྱི་སྐད་ཡིག་ཆེད་སྦྱོང་ཚན་ཁག་མེད་པ་བཟོས་པའི་གནས་ཚུལ་བྱུང་མྱོང་བ་མ་ཟད། ཚད་ལྡན་བོད་ཡིག་དགེ་རྒན་མང་དག་ཅིག་དགེ་རྒན་གྱི་གོ་གནས་ནས་ཁ་གྱེས་སུ་བཅུག་ཡོད། དུས་རབས་གསར་པ་འགོ་བཙུགས་མ་ཐག བོད་ལྗོངས་སློབ་གྲྭ་ཆེན་མོས་ཡང་གློ་བུར་དུ་ལོ་གཉིས་ཙམ་རིང་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་བསྡུ་མཚམས་བཞག་པའི་གནས་ཚུལ་བྱུང་ཡོད། དེ་ལྟ་བུའི་གཏན་འཇགས་མིན་པའི་སྲིད་བྱུས་དེས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱི་སློབ་ཕྲུག་གི་བདེ་རྩར་ཐུག་པའི་སློབ་གསོའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་ཕོག་པ་མ་ཟད། དུས་མཚུངས་དེ་ནི་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དམའ་འབེབས་དང་བརྩི་མཐོང་མི་བྱེད་པ་མཚོན་གྱི་ཡོད། ་་་ གལ་སྲིད་གལ་ཆེ་བའི་སློབ་གྲྭའི་སློབ་གསོའི་ཁྱབ་ཁོངས་སུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་ལ་མུ་མཐུད་བཀག་འཛིན་བྱས་ན། དེའི་རྗེས་འབྲས་ནི་མ་འོངས་པར་བོད་མི་རྣམས་བོད་ཡིག་སྦྱོང་དགོས་ན་ཡང་བསྐྱར་དགོན་པར་འགྲོ་དགོས་པ་དང༌། ཡང་ན་ཕྱི་རྒྱལ་བ་འགའ་ཞིག་གིས་གསུངས་པ་ལྟར། ནུབ་ཕྱོགས་སུ་བསྐྱོད་དེ་ཁོང་ཚོའི་མཉམ་སྦྱང་དགོས་པ་ཆགས་ངེས། གལ་སྲིད་དངོས་འབྲེལ་དུས་ཚོད་དེ་ལྟ་བུ་ཞིག་ཤར་ཚེ། དེ་ནི་འཛམ་བུ་གླིང་གིས་ང་ཚོ་བོད་ཀྱི་སྐད་ཡིག་གི་ཕ་ཡུལ་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་ཐོབ་ཐང་དང་རང་དབང་འགན་སྲུང་མི་ཐུབ་པའི་འཕྱ་ལད་བྱ་ཡུལ་ཞིག་ཏུ་འགྱུར་གྱི་མ་རེད་དམ། དེ་ལྟ་བུའི་ཚབས་ཆེའིལོ་རྒྱུས་ཀྱི་འགན་སུས་ཁུར་ཐུབ་བམ།”

“ལྷག་པར་དུ་བོད་ཁུལ་གྱི་ས་ཆ་གང་དུ་ཕྱིན་རུང༌། འགྲིམ་འགྲུལ་དང་མེ་སྐྱོན་སྔོན་འགོག་སོགས་བོད་ཡིག་ཐོག་གི་ཁྱབ་བསྒྲགས་ཧ་ལམ་མཐོང་ཡུལ་དུ་མེད་ཅིང༌། ས་གནས་འགའ་ཞིག་ཏུ་ཁྱབ་བསྒྲགས་པར་རིས་ཆེན་པོ་དེ་འདྲ་ཡོད་ཀྱང་རྒྱ་ཡིག་གཅིག་པུ་དང༌། ནགས་རི་སྲུང་སྐྱོབ་དང་མེ་སྐྱོན་སྔོན་འགོག་གི་ཁྱབ་བསྒྲགས་ཆེན་པོ་དེ་འདྲ་དང༌། ཐ་ན་ལམ་རྟགས་ཀྱང་རྒྱ་ཡིག་གཅིག་པུ་ཡིན། ས་གནས་ཁ་ཤས་སུ་རྒྱ་མི་ཧ་ལམ་མཐོང་ལམ་དུ་མེད་ཀྱང་དྲིལ་བསྒྲགས་ཡིག་ཆ་ཚང་མ་རྒྱ་ཡིག་ཡིན་ཞིང༌། དེ་དག་སུའི་ཆེད་དུ་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་ཤེས་ཀྱི་མི་འདུག”

“ས་གནས་གཞུང་གི་ངོས་ནས་བོད་མི་རིགས་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། འཕེལ་རྒྱས་སུ་གཏོང་བ་དང༌། མི་རིགས་རང་ཉིད་ཀྱི་རིག་གཞུང་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་ལ་གནོད་པའི་ཉེན་ཁ་ཞིག་ལ་བརྩི་ཡི་ཡོད་དམ། ཡང་ན་རང་རྒྱལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་མི་མཐུན་པ་ཞིག་དང༌། རང་རྒྱལ་གྱི་མི་རིགས་སྲིད་བྱུས་དང་མི་མཐུན་པ་ཞིག་ལ་བརྩི་ཡི་ཡོད། དེ་ལྟར་མིན་ན། གོང་བཀོད་ལྟར་བོད་ཀྱི་སྐད་ཡིག་ལ་བཀག་འཛིན་སྣ་མིན་སྣ་ཚོགས་བྱས་པའི་སྤྱོད་ཚུལ་དང་གཏན་འབེབས་ག་ནས་ཡོང་སྲིད། གཏིང་ཟབ་པོའི་སྒང་ནས་བལྟས་ན། བྱེད་སྟངས་དེ་ནི་དོན་དངོས་ཐོག་མི་དམངས་མང་ཚོགས་ཁྲོད་རང་རེའི་ཏང་གི་གཟུགས་བརྙན་ལ་གནོད་པ་ཞིག་དང༌། རྒྱལ་སྤྱིའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་སྙན་གྲགས་ལ་གནོད་པ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྟངས་ཤིག་རེད། བྱེད་སྟངས་དེ་རིགས་ཀྱིས་ཡང་སྙིང་བོད་རིགས་མི་དམངས་ཚོས་དབུས་གཞུང་གི་སྲིད་བྱུས་དང་སེམས་ཁུར་ལ་སྔར་བས་བཀའ་དྲིན་བསམ་ཤེས་བྱེད་པར་ཟམ་པ་ལྟ་བུ་ཞིག་འཛུགས་ཀྱི་ཡོད་དམ། ཡང་ན་རྒྱ་ཆེའི་མི་དམངས་མང་ཚོགས་དང་དབུས་གཞུང་བར་རང་བཞིན་གྱིས་འགལ་རྐྱེན་སློང་གི་ཡོད། རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། ཏང་དང་རྒྱལ་ཁབ་བར་གྱི་འབྲེལ་བར་གཏོར་སྐྱོན་ཚབས་ཆེན་བཏང་བའི་བྱེད་སྟངས་དེ་རིགས་ལ། གལ་སྲིད་འབྲེལ་ཡོད་སྡེ་ཚན་ནས་དུས་ཐོག་མཚམས་འཇོག་དང་ཡོ་བསྲང་བྱེད་དུ་མ་བཅུག་ན། རྒྱལ་ཁབ་དང་སྤྱི་ཚོགས། མི་རིགས་བར་གྱི་འཆམ་མཐུན་ལ་ཆག་སྒོ་ཆེན་པོ་ཞིག་སློང་ངེས།”

“ སྔོན་ཆད་ཡིན་ན་བོད་རང་སྐྱོང་ལྗོངས་ཙམ་མ་ཟད། བོད་ཁུལ་ས་གནས་གཞན་དག་ཏུའང་བོད་ཀྱི་སྐད་ཡིག་ནི་སྤྱི་ཚོགས་འཚོ་བའི་ཁྲོད་སྤྱི་སྤྱོད་སྐད་ཡིག་གཙོ་བོ་དེ་ཡིན། ལྷག་པར་དུ་གཞུང་ཕྱོགས་ཀྱི་ཡིག་རིགས་ཁག་ཏུ་བོད་ཡིག་ནི་གཙོ་བོ་ཡིན་པ་བཤད་མི་དགོས་པ་ཞིག་རེད། འོན་ཀྱང༌། དེང་སང་ཏག་ཏག་དེ་ལས་ལྡོག་པའི་གནས་བབ་ཅིག་ཏུ་ལྷུང་ཡོད། དེ་ཡང་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཀྱི་དངོས་ཡོད་ཕན་འབྲས་དང་ཁྱབ་ཚད་ཀྱང་སྤྱིར་བཏང་ཙམ་ལས་མེད་ཅིང༌། བོད་རང་སྐྱོང་ལྗོངས་སུ་དེ་བས་ཀྱང་ཡིད་སྐྱོ་དགོས་པ་ཞིག་ཆགས་ཡོད། དེས་ས་གནས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྲིད་བྱུས་ལག་བསྟར་དོན་འཁྱོལ་མ་བྱས་པ་མཚོན་གྱི་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་ཁྲིམས་ལུགས་བཅས་ཀྱིས་བོད་རིགས་ལ་གནང་བའི་སོ་སོའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད། སྲུང་སྐྱོབ་ཀྱི་ཐོབ་ཐང་དང་རང་དབང་ཡོད་པའང་བརྩི་སྲུང་དང་འགན་ལེན་བྱས་མེད་པ་མངོན་གསལ་དུ་མཚོན་གྱི་ཡོད། དཔེར་ན། མཐོ་སློབ་ཡིག་རྒྱུགས་གཅིག་པུར་མཚོན་ན། བོད་ཀྱི་མི་འབོར་འདུས་སྡོད་ཆེ་ཤོས་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་(འཛིན་གྲྭ་བཅུ་པ་ནས་བཅུ་གཉིས་བར།)གི་བོད་ཡིག་ཆུ་ཚད་ལོ་རེ་ལས་ལོ་རེ་སྡུག་ཏུ་འགྲོ་བཞིན་པ་དེ། རྒྱ་ཡིག་གིས་བོད་ཀྱི་སྐད་ཡིག་གི་ཚབ་བྱས་ཏེ་སློབ་ཁྲིད་བྱས་པའི་རྗེས་འབྲས་ལས་བྱུང་བ་ཞིག་ཡིན། ཆེས་ཡ་མཚན་དགོས་པ་ཞིག་ལ། དེ་འདྲའི་རྒྱ་ཆེ་བའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཕྲུག་ཚོའི་བོད་ཡིག་ཆུ་ཚད་དེ། ཨ་མདོ་ས་ཁུལ་གྱི་རང་སྐྱོང་ཁུལ་ཆུང་ཆུང་ཞིག་གི་ཆུ་ཚད་ལས་ཧ་ཅང་གིས་སྐྱོ་བ་ཆགས་ཡོད་པ་དང༌། བོད་ཀྱི་རིག་གཞུང་ལྟེ་གནས་སུ་གྲགས་པའི་ལྷ་ས་གྲོང་ཁྱེར་གྱི་སློབ་ཕྲུག་རྣམས་ཀྱི་ཆུ་ཚད་དེ། དེའི་མངའ་འོག་ལྷོ་ཁ་དང་གཞིས་རྩེ་ས་ཁུལ་ལས་སྐྱོ་བ་ཆགས་ཡོད། གལ་སྲིད་བོད་ཀྱི་སྐད་ཡིག་སློབ་ཁྲིད་ལ་མཐོང་ཆེན་དངོས་སུ་བྱས་ཡོད་ན། དེ་ལྟ་བུའི་ཁྱད་པར་ཆེན་པོ་ཞིག་ཡོང་མི་སྲིད། དོན་དངོས་ཐོག་རིག་གནས་གསར་བརྗེའི་སྐབས་རྒྱ་ཡིག་གིས་བོད་ཀྱི་སྐད་ཡིག་གི་ཚབ་བྱས་པའི་སློབ་གསོའི་བྱེད་ཕྱོགས་ནི་གྲུབ་འབྲས་ཐོབ་རྒྱུ་མེད་པའི་དཔེ་མཚོན་གསོན་པོ་ཞིག་ཡིན་ལ། ལག་ལེན་དངོས་ཀྱི་ཐོག་ནས་ཀྱང་དེ་ནི་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་མེད་པའི་སྤྱོད་ཚུལ་ཞིག་དང༌། གཡོན་ཐལ་བསམ་བློས་ནོར་ལམ་དུ་འཁྲིད་པའི་ངན་འབྲས་ཤིག་ཡིན་པར་ར་སྤྲོད་གསལ་པོ་བྱུང་ཡོད། འོན་ཀྱང་གང་ཟག་བྱེ་བྲག་པ་འགའ་ཞིག་གིས་ད་དུང་དེ་ལྟ་བུའི་གྲུབ་འབྲས་ཐོན་རྒྱུ་མེད་པ་ཞིག་བསྐྱར་དུ་ལག་ལེན་བསྟར་རྒྱུར་སྤྲོ་བ་ཆེས་ཆེར་འཕེལ་བཞིན་ཡོད་པས། དེར་རྒྱལ་ཁབ་འབྲེལ་ཡོད་ཚན་པས་དོ་སྣང་ཆེན་པོ་གནང་དགོས་པ་མ་ཟད། ལམ་ནོར་དུ་བསྐྱར་ཞུགས་བྱེད་པའི་གནས་ཚུལ་མ་ཡོང་བ་བྱས་ཏེ་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་བདེ་བླག་ངང་གོང་དུ་འཕེལ་བར་གནོད་སྐྱོན་མི་འབྱུང་བ་གནང་དགོས།”(༢༥)ཞེས་གསུངས་འདུག

མཆན།

  • (༢༣) བཀྲ་ཤིས་ཚེ་རིང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ། ཕ་ཡུལ་གྱི་ཕན་བདེའི་ཆེད་དུ། བོད་ཀྱི་དཔེ་མཛོད་ཁང་། དཔར་ལོ་ ༢༠༡༠ ཤོག་གྲངས་ ༣༢༣་་་༣༢༥
  • (༢༤) སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་རྣམ་པར་ཕུལ་བའི་འཕྲིན་ཡིག་སྐོར་ལ་ཆེད་ལས་མཁས་པ་རྣམ་པའི་དགོངས་འཆར། ཕ་ཡུལ་གྱི་ཕན་བདེའི་ཆེད་དུ། བོད་ཀྱི་དཔེ་མཛོད་ཁང་། དཔར་ལོ་ ༢༠༡༠ ཤོག་གྲངས་ ༣༣༦ 
  •  (༢༥) གོང་གསལ་གྱི་གསུང་ཚིག་དེ་དག་ཆ་ཚང་ནི། སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་རྣམ་པར་ཕུལ་བའི་འཕྲིན་ཡིག་སྐོར་ལ་ཆེད་ལས་མཁས་པ་རྣམ་པའི་དགོངས་འཆར་ཞེས་པའི་ནང་གསལ་ཡོད། དགོངས་འཆར་དེ་དག་ཕྲན་གྱིས་བསྒྱུར་བའི་དཔེ་དེབ་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ་ཞེས་པའི་མཇུག་ཏུ་བཀོད་ཡོད།

No comments:

Post a Comment