2010-10-27

བོད་ནང་བོད་ཡིག་གི་འཆི་གསོན། (དུམ་བུ་ལྔ་པ།)

(མི་རིགས་ཤིག་གི་སེམས་པ་མཚོན་བྱེད་ཀྱི་སྐད་བརྡའི་ལས་དབང་།)


ད༽ བྱེ་བྲག་ཏུ་བོད་ཀྱི་སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཇེ་ཞན་དུ་གྱུར་པ།

སློབ་གྲྭ་ཁག་གི་ནང་བོད་ཀྱི་སྐད་ཡིག་གི་སློབ་ཚན་སློབ་ཁྲིད་བྱས་ཀྱང༌། གཅིག་ནས་དེ་ལ་སྐར་གྲངས་རྒྱ་ཡིག་ལས་ལྡབ་གཅིག་གིས་དམའ་བ་དང༌། གཉིས་ནས་ལས་རིགས་ཁག་ཏུ་འཛུལ་ཞུགས་བྱེད་སྐབས་རྒྱ་ཡིག་གི་ཡོན་ཚད་ལ་བལྟ་བ་ལས་བོད་ཡིག་གི་ཡོན་ཚད་ལ་མི་བལྟ་བ། གསུམ་ནས་སྤྱི་ཚོགས་ཡོངས་ཀྱི་ནང་བོད་ཀྱི་སྐད་ཡིག་གི་སྤྱོད་སྒོ་ཧ་ཅང་ཉུང་བ་བཅས་ལ་བརྟེན། སློབ་མ་ཚོའི་གནས་ཚད་སྤྱི་དང་ལྷག་པར་བོད་ཡིག་གི་གནས་ཚད་ཞན་པོ་ཡོད། དེའི་ཐད་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས།
“སློབ་གྲྭ་ཆུང་བ་དང་འབྲིང་བའི་ནང་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་འཛུགས་དགོས་པ་དང༌། བོད་ཡིག་གཙོ་བོར་བྱེད་པའི་འབོད་ཚིག་ཙམ་གྱི་འོག དོན་དངོས་ཐོག་རྒྱ་ཡིག་གཙོ་བོར་བྱ་ཐབས་བཟུང་བ་དེས་བློ་རིག་གསལ་བའི་བོད་རིགས་སློབ་གྲྭ་བ་ཉུང་ཤས་ཤིག་མ་གཏོགས་མང་ཆེ་བ་རྒྱ་ཡིག་དང་བོད་ཡིག་གཉིས་ཀའི་ཆུ་ཚད་ལོན་ཐུབ་ཀྱི་མེད་པར་བརྟེན་སློབ་གྲྭ་ཆུང་བ་ནས་འབྲིང་བ་དང༌། དེ་ནས་སློབ་གྲྭ་ཆེ་བར་འགྲོ་ཐུབ་མཁན་བོད་རིགས་སློབ་ཕྲུག་གི་གྲངས་འབོར་ཉུང་ཉུང་ཞིག་ལས་མེད་པ་དང༌། ཆུང་བ་ནས་འབྲིང་བར་འགྲོ་ཐུབ་མཁན་ཉུང་བ་དང༌། དེ་ནས་ཆེ་བར་འགྲོ་ཐུབ་མཁན་དེ་ལས་ཀྱང་ཉུང་བ་རེད། རྨང་གཞིའི་སློབ་གསོ་གལ་ཆེ་ཤོས་ཡིན་པའི་སློབ་གྲྭ་ཆུང་བ་ནས་འགོ་ཚུགས་ཏེ་རྒྱ་ཡིག་བོད་ཡིག་གཉིས་ཀའི་ཆུ་ཚད་གང་ལའང་བལྟ་བཟོ་མེད་རྐྱེན་སློབ་གྲྭ་འབྲིང་བར་ག་ནས་ཚུད་ཐུབ། ་་་ རང་སྐྱོང་ལྗོངས་དང༌། ལྷ་ས་གྲོང་ཁྱེར། རྫོང་ཁག་བཅས་ཀྱིས་གཉེར་བའི་དམའ་རིམ་སློབ་འབྲིང་ ༡༩ དང་མཐོ་རིམ་སློབ་འབྲིང་ ༨ བཅས་ཀྱི་ནང་དགེ་སློབ་བསྡོམས་པའི་མི་གྲངས་ ༩༤༥༠ ལྷག་ཙམ་ཡོད་པའི་ནང་བོད་རིགས་སློབ་ཕྲུག་གི་གྲངས་འབོར་ནི་ ༥༢༦༥ ལས་མེད་པ་དང༌། ལྷ་ས་སློབ་འབྲིང་ཨང་དང་པོར་འཛིན་གྲྭ་ ༢༨ ཡོད་པའི་ནང་རྒྱ་རིགས་འཛིན་གྲྭ་ ༡༦ ཡོད་ཀྱང་བོད་རིགས་འཛིན་གྲྭ་ ༡༢ ལས་མེད། སློབ་གྲྭ་དེའི་སློབ་ཕྲུག་གི་མི་གྲངས་བསྡོམས་འབོར་ ༡༤༥༡ ཡོད་པའི་ནང་རིགས་རྒྱུད་འདྲེས་སྦྱོར་གྱི་བོད་རིགས་ཚུད་པའི་བོད་རིགས་སློབ་ཕྲུག་མི་གྲངས་ ༩༤༣ ཡོད་པ་དང༌། རྒྱ་རིགས་སློབ་ཕྲུག་གི་མི་གྲངས་ ༥༡༨ ཡོད་པ་དེས་སློབ་གྲྭ་དེའི་སློབ་ཕྲུག་སྤྱིའི་བསྡོམས་འབོར་གྱི་བརྒྱ་ཆ་ ༣༥་༧ ཟིན་ཡོད། སློབ་གྲྭ་དེར་ཡོད་པའི་རྒྱ་རིགས་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་སློབ་སྦྱོང་མི་བྱེད་པ་སྨྲོས་མ་དགོས་པའི་ཐོག་རྒྱ་རིགས་འཛིན་གྲྭར་འགྲོ་མཁན་བོད་རིགས་སློབ་ཕྲུག་གིས་ཀྱང་བོད་ཡིག་སློབ་སྦྱོང་བྱེད་ཀྱི་མེད་པ་མ་ཟད། ཁོ་ཚོའི་ཕ་མས་ཀྱང་བོད་ཡིག་སློབ་སྦྱོང་བྱེད་དུ་འཇུག་གི་མེད། ་་་ རང་ལྗོངས་སུ་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེ་མོ་དང་ཞིང་འབྲོག་སློབ་གྲྭ་ཆེ་མོ། ཞན་དབྱང་མི་རིགས་སློབ་གྲྭ་ཆེ་མོ་བཅས་ཁག་གསུམ་ལ་སློབ་ཕྲུག་གི་མི་གྲངས་ ༡༩༨༤ ཡོད་པའི་ནང་རྒྱ་རིགས་སློབ་ཕྲུག་གི་གྲངས་འབོར་ ༡༣༡༨ ཟིན་ཡོད་ཀྱང་བོད་རིགས་སློབ་ཕྲུག་གི་གྲངས་འབོར་ ༦༦༦ ལས་མེད་པ་རེད། གནས་ཚུལ་དེའི་ཐོག་ནས་གསལ་པོར་མཐོང་ཐུབ་པ་ནི། ཐོག་མར་སློབ་གྲྭ་ཆུང་བའི་རྨང་གཞིའི་སློབ་གསོ་ནས་འགོ་ཚུགས་ཏེ་རྒྱ་ཡིག་བོད་ཡིག་གང་ལའང་བོད་རིགས་སློབ་ཕྲུག་གི་ཡིག་ཚད་ལོན་ཐབས་མེད་པ་བཟོས་པའི་དབང་གིས་སློབ་གྲྭ་ཆུང་བ་ནས་འབྲིང་བ་དང༌། དེ་ནས་ཆེ་བར་འགྲོ་མཁན་ཉེ་ཉུང་ཇེ་ཉུང་དུ་མི་འགྲོ་ཀ་མེད་མ་རེད་དམ། གནས་ཚུལ་དེ་འདྲ་ལྷགས་པ་ནི་བོད་རིགས་སློབ་ཕྲུག་ལ་ཤེས་རིག་མེད་པ་དང་འཇོན་ཐང་མེད་པ། བོད་ཡིག་དང་བོད་སྐད་ཀྱིས་གོ་མ་ཆོད་པ་བཅས་ཀྱིས་བྱུང་བ་མ་ཡིན་པར་རྩ་བ་ཐུག་ས་ནི་མི་རིགས་དེའི་རིག་གནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་གལ་ཆེ་ཤོས་ཡིན་པའི་རང་མི་རིགས་ཀྱི་སྐད་ཡིག་དང་ཁ་བྲལ་བཏང་བའི་རྐྱེན་གྱིས་རེད་”(༢༦)
ཅེས་གསུངས་ཡོད། ད་ལྟའི་བོད་ནང་གི་སློབ་གྲྭའི་ཤེས་ཡོན་གནས་སྟངས་སྤྱི་དང་ལྷག་པར་བོད་ཡིག་གི་ཤེས་ཚད་གནས་སྟངས་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཞལ་བཞུགས་སྐབས་ལས་ཇེ་སྡུག་ཇེ་ཞན་དུ་སོང་ཡོད་པ་ལས་ཡག་ཏུ་རྩ་བ་ནས་སོང་མེད། དེར་བརྟེན་དེང་སྐབས་སློབ་གྲྭ་ཆེ་མོ་ཐོན་ཀྱང་བོད་ཡིག་འབྲི་ཀློག་མི་ཤེས་མཁན་གྱི་བོད་ཕྲུག་མང་པོ་བྱུང་དང་འབྱུང་བཞིན་ཡོད། དེའི་ཐད་བོད་རང་སྐྱོང་ལྗོངས་མཚོ་སྣ་རྫོང་སློབ་འབྲིང་གི་བོད་རིགས་དབང་ཕྱུག་ཅེས་པས་དངོས་མཐོང་གི་གནས་ཚུལ་སྤེལ་བར།
“མི་རིགས་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་ཕ་སྐད་སྦྱོང་སྤྱོད་བྱ་རྒྱུ་ནི་མི་རིགས་དེའི་བྱང་ཚད་གོང་མཐོར་གཏོང་རྒྱུར་ནུས་པ་ཐོན་ཤོས་ཡིན་པར་ཐེ་ཚོམ་ཅི་ཡོད། འོན་ཀྱང་བོད་སྐད་ཡིག་སློབ་སྦྱོང་ཚགས་ཚུད་དང་བེད་སྤྱོད་ལུགས་མཐུན་མ་བྱུང་བར་སོང་དེང་སྐབས་རང་རེའི་གྲོང་ཁྱེར་དང་གྲོང་གསེབ་གང་སར་བོད་སྐད་གཙང་མ་ཞིག་རྒྱག་མ་ཐུབ་པར་གཞན་སྐད་མཉམ་བསྲེས་ཀྱིས་ར་མ་ལུག་ཏུ་འགྱུར་བཞིན་ཡོད། འབྲིང་རིམ་ཆེད་སློབ་དང་སློབ་གྲྭ་ཆེ་མོ་ཐོན་ཡོང་བའི་བོད་རིགས་སློབ་མ་མི་ཉུང་བ་ཞིག་བོད་ཡིག་འབྲི་ཤེས་ཐུབ་རྒྱུ་ལྟ་ཅི་བོད་ཡིག་ཀློག་ཀྱང་མི་ཐུབ་པས་བདག་ལྟ་བུའི་འབྲོག་ཕྲུག་ཞིག་གིས་ཀྱང་ཡ་ང་སྙིང་རྗེ་བྱ་ཡུལ་དུ་གྱུར།”(༢༧)
ཅེས་འཁོད་ཡོད། རྒྱ་ནག་ཏུ་ཡོད་པའི་ནང་སའི་བོད་ལྗོངས་འཛིན་གྲྭ་ཞེས་པ་ཁག་ལ་བོད་ཡིག་སློབ་བཞིན་ཡོད་ཁུལ་ཡང༌། དེ་ནི་ཕྱི་ཚུལ་གྱི་ཕྱག་རྒྱ་ཙམ་ལས་དོན་དངོས་སུ་གནས་སྟངས་ཧ་ཅང་ཐ་ཞན་ཆགས་ཡོད། དེའི་ཐད་ཁང་དམར་རྫོང་སབ་སྒང་ཤང་ཆ་ཚང་སློབ་ཆུང་གི་དགེ་རྒན་ཆུང་སྡིངས་བསམ་གྲུབ་ཀྱིས།
“སློབ་ཕྲུག་འགའ་རེས་རང་མིང་དག་ཆ་མ་ནོར་བ་ཞིག་འབྲི་ཤེས་ཀྱི་མེད་ལ། ལ་ལས་མགོ་ཅན་དང་འདོགས་ཅན་གྱི་སྦྱོར་སྟངས་ཀྱང་མགོ་འཚོས་ཀྱི་མེད། བོད་ཡིག་གི་ཆུ་ཚད་དེ་འདྲ་ཞིག་ལ་བརྟེན་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་ཕར་བཞག་རང་གི་ལས་ཀ་ལ་ཡང་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད།”
ཅེས་བཤད་ཡོད། དེའི་རྒྱུ་རྐྱེན་སྐོར་ལ་རྒྱ་ནག་ནང་སའི་བོད་ལྗོངས་འཛིན་གྲྭ་ཞེས་པར་དངོས་སུ་སློབ་ཁྲིད་གནང་མྱོང་མཁན་གཞིས་རྩེ་དགེ་འོས་སློབ་གྲྭའི་ཚེ་རིང་དོན་གྲུབ་ཀྱིས།
“ནང་སར་ཡོད་པའི་བོད་ལྗོངས་འཛིན་གྲྭ་མང་ཆེ་བར་བོད་ཡིག་ཚོགས་ཐེངས་ཉུང་ཉུང་ལས་མེད་ཅིང༌། སློབ་གཞི་དུས་ཐོག་ཏུ་མི་འབྱོར་བ་དང༌། སློབ་གཞིའི་ནང་དོན་མང་ཆེ་བ་སློབ་མའི་ཤེས་ཚད་ཀྱིས་འཇུ་དཀའ་བ། སློབ་གྲྭ་ཕལ་ཆེ་བར་དགེ་སློབ་ཚང་མས་བོད་ཡིག་སློབ་ཚན་ལ་དོ་སྣང་དེ་ཙམ་མི་བྱེད་པ། སློབ་གྲྭ་འགའ་ཞིག་ཏུ་བོད་ཡིག་སྦྱངས་འབྲས་དེ་སྐར་བསྡོམས་ནང་མི་བརྩི་བ། ལྷག་པར་སློབ་གྲྭ་ཆེན་མོའི་ཡིག་ཚད་གཏོང་སྐབས་བོད་ཡིག་གི་སྐར་གྲངས་དེ་སྐར་བསྡོམས་ལས་ལོགས་སུ་དབྱེ་ཡི་ཡོད་ཙང༌། སློབ་ཕྲུག་ཚོས་བོད་ཡིག་སྦྱངས་ནས་ཡིག་ཚད་གཏོང་སྐབས་ཕན་ཐོགས་མེད་པ་ཤེས་ཏེ་བོད་ཡིག་སྦྱོང་འདོད་མི་བྱེད་པ། སློབ་ཕྲུག་ཁག་གཅིག་གིས་བོད་ཡིག་སློབ་ཚན་ཁྲིད་སྐབས་སུའང་དེབ་གཞན་ཁོ་ན་བལྟ་”བཞིན་ཡོད།(༢༨)
ཅེས་བྲིས་ཡོད། གཞན་དག་ཕར་བཞག་བོད་ནང་དུ་བོད་ཀྱི་སྐད་ཡིག་གི་ལམ་ནས་སློབ་ཁྲིད་གནང་མཁན་གསོ་སྐྱོང་བྱ་ཡུལ་ནང་སའི་འབྲིང་རིམ་དགེ་འོས་བོད་ལྗོངས་འཛིན་གྲྭ་ཟེར་བའི་བོད་ཡིག་གནས་ཚད་ཀྱང་ཧ་ཅང་སྐྱོ་པོ་ཡིན་ཐོག འབྲེལ་ཡོད་ཚོས་སྣང་ཆུང་དུ་འཇོག་བཞིན་པའི་སྐྱོ་གནས་ཐོན་ཡོད། དེའི་ཐད་ཧུ་ནན་གཡོད་ཡཱང་དགེ་འོས་སློབ་གྲྭའི་བོད་ལྗོངས་འཛིན་གྲྭའི་པདྨ་དབང་ཆེན་གྱིས།
“༡༽ སློབ་གྲྭའི་དབུ་ཁྲིད་ལ་བོད་སྐད་ཡིག་སློབ་ཁྲིད་ལས་དོན་གཉེར་སྐྱོང་གི་ཉམས་མྱོང་མེད་ཁར་ལས་དོན་དེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་མེད་སྟབས་བོད་ཡིག་སློབ་ཚན་མེད་ཀྱང་རུང་བར་ངོས་འཛིན་དང༌། སྐབས་རེ་བོད་ཡིག་སློབ་ཁྲིད་དེ་བྱེད་སྒོའི་སློབ་ཚན་དུ་བསྒྱུར་བ། ཡང་ན་བོད་ཡིག་སློབ་ཁྲིད་དེ་མི་རིགས་ཀྱི་འབྲེལ་བའི་ཆབ་སྲིད་རྩ་དོན་ཞིག་ཏུ་བརྩིས་པ་ལས་སླད་ཕྱིན་དགོས་མཁོར་བསམ་ཞིབ་མ་ཐུབ་པ་བཅས་ལ་བརྟེན་བོད་ཡིག་སློབ་ཁྲིད་ལ་འཐུས་ཤོར་སོང་ནས་སློབ་ཐོན་པ་རྣམས་ཀྱི་ཆུ་ཚད་ཤིན་ཏུ་སྐྱོ་བ་དང༌། ་་་ ༢༽ འོས་ཤིང་འཚམས་པའི་སློབ་ཁྲིད་ཀྱི་འཆར་གཞི་དང་ཚོགས་ཐུན་བཀོད་སྒྲིག་བྱེད་ཐུབ་ཀྱི་མེད་སྟབས་དགེ་རྒན་གྱིས་སློབ་ཁྲིད་ལས་འགན་སྒྲུབ་རྒྱུར་དཀའ་ངལ་ཕྲད་དེ་སློབ་གཞི་རྣམས་ཆ་ཚང་བ་ཞིག་སློབ་ཐུབ་ཀྱི་མེད། བོད་ཡིག་སློབ་ཁྲིད་ཀྱི་རྩ་འཛིན་ལྟར་ན། གཟའ་རེར་ཚོགས་ཐུན་དྲུག་བདུན་ནས་ཆག་མེད་དགོས་ཀྱང་དོན་དངོས་ཐོག་དེའི་ཕྱེད་ཙམ་ལས་མེད། དཔེར་ན། ནུབ་རྒྱུད་ཞིང་ཆེན་ཞིག་གིས་གཉེར་བའི་འབྲིང་རིམ་དགེ་འོས་བོད་ལྗོངས་འཛིན་གྲྭའི་བོད་ཡིག་སློབ་ཚན་གྱི་ཚོགས་ཐུན་སློབ་ཚན་གཞན་གྱི་ཆ་སྙོམས་གྲངས་ལས་ཉུང་བ་དང༌། གཟའ་རེར་མང་ཤོས་ཚོགས་ཐུན་གསུམ་ཙམ་ལས་མེད་ཅིང༌། དེ་དག་ཀྱང་མང་ཆེ་བ་བྱེད་སྒོ་གཞན་ལ་བེད་སྤྱོད་བྱེད་ཀྱི་ཡོད། ་་་ ༣༽ སློབ་གྲྭའི་སློབ་སྟོན་ཁྲུའུ་ཡི་དབུ་ཁྲིད་ཚོས་བོད་སྐད་ཡིག་མ་ཤེས་པའི་ཁར་དོ་དམ་བྱེད་པའི་ཉམས་མྱོང་མེད་སྟབས་བོད་སྐད་ཡིག་གི་སློབ་ཁྲིད་གནས་ཚུལ་རྟོགས་ཞིབ་བྱ་ཐབས་བྲལ། ་་་ ༤༽ བོད་ཡིག་སློབ་ཁྲིད་ཀྱི་མཐུན་རྐྱེན་འཛོམས་དཀའ་བས་སློབ་ཁྲིད་ཀྱི་འཆར་གཞི་ལེགས་གྲུབ་མ་ཐུབ་ཅིང༌། དཔེར་ན། ནང་སའི་འབྲིང་རིམ་དགེ་འོས་བོད་ལྗོངས་འཛིན་གྲྭའི་སློབ་དེབ་དུས་ཐོག་འབྱོར་མ་ཐུབ་པ་དང༌། མི་ལྡེང་བའི་གནས་ཚུལ་ཡང་ཡང་ཐོན་པ་དང༌། དགེ་རྒན་ལ་དཔྱད་གཞིའི་ཡིག་རིགས་སྤྱི་དང་ཐ་ན་ཚིག་མཛོད་ཙམ་ཡང་གཡར་ས་དང་ཉོ་ས་མེད་པ་དང༌། སློབ་མ་ཚོ་ཡང་སྐད་ཆའི་ཁོར་ཡུག་དེ་འདྲའི་འོག་སློབ་ཕྱིའི་དུས་ཚོད་ནང་བལྟ་བྱའི་བོད་ཡིག་གི་དུས་དེབ་དང་ཚགས་པར་སོགས་གང་ཡང་མཐོང་རྒྱུ་མེད། ་་་ ལྷག་དོན་དུ་བོད་ནས་བོད་ཡིག་དགེ་རྒན་གྱི་ཆུ་ཚད་དང༌། གཟུགས་གཞི། ལྷག་བསམ་སོགས་རྩ་བའི་ཆ་རྐྱེན་མ་ཚང་བ་ནང་སར་མངགས་གཏོང་བྱེད་པ་ནི་བོད་ཡིག་སློབ་ཁྲིད་འཐུས་ཤོར་ཡོང་རྐྱེན་ཆེན་པོ་ཞིག་རེད་སྙམ།”(༢༩)ཞེས་བཤད་ཡོད།
ལྷག་པར་དུ། སྐད་གཉིས་སློབ་གསོ་ཟེར་བ་དང་། སྤྱི་སྤྱོད་སྐད་ཡིག་གིས་གཙོ་བོ་བྱེད་པ་ཟེར་བའི་སྲིད་བྱུས་བཏོན་རྗེས་སློབ་གྲྭ་ཁག་ཏུ་བོད་ཡིག་གི་གནས་ཚད་ཉམས་ཐག་ཤུགས་ཆེ་སོང་ཡོད། ང་རང་བོད་གཞུང་སྣེ་ལེན་ཁང་དུ་ཡང་ཡང་འགྲོ་བའི་གོམས་གཤིས་ཤིག་ཡོད། ངས་ཕྱི་ལོ་ ༢༠༠༥ ཙམ་ནས་བཟུང་བོད་ནས་རྒྱ་གར་དུ་སླེབས་པའི་སློབ་ཕྲུག་ཚོའི་ནང་། རྒྱ་སྐད་རྒྱ་ཡིག་གི་ཤན་ཧ་ཅང་ཆེན་པོ་ཞུགས་ཡོད་པར་དོ་སྣང་བྱུང་། སློབ་ཕྲུག་དེ་རིགས་འགྲོ་ཡུལ་སུ་ཇཱ་བོད་ཁྱིམ་ནང་། སྐབས་ཤིག་རིང་རྒྱ་སྐད་ཀྱི་བསྲེ་ལྷད་ཧ་ཅང་ཆེ་བས། དགེ་སློབ་ཀྱི་ནང་དུ་བསམ་ཚུལ་ཤུགས་ཆེ་བྱུང་བ་རེད། དེ་བཞིན་འགྱུར་ལྡོག་མངོན་གསལ་ཆེ་བ་ཞིག་ནི། ཉེ་དུས་བོད་ནས་བཙན་བྱོལ་དུ་སླེབས་པ་ཚོ་དང་། དེའི་གོང་ཕྱི་ལོ་ ༡༩༨༠ གྱ་གྲངས་ནས་ ༡༩༩༠ གོ་གྲངས་ནང་སྐྱབས་བཅོལ་དུ་སླེབས་པ་ཚོ་བསྡུར་ཚེ། སྔ་མའི་བོད་ཡིག་གི་གནས་ཚད་ཧ་ཅང་གིས་ཞན་པ་དེ་རེད།
                  གསལ་བཤད་བྱེད་དགོས་པ་ཞིག་ལ། བོད་ནང་གི་གྲོང་གསེབ་དང་འབྲོག་ཁུལ་ཁག་ཏུ་རྒྱ་རིགས་འཚོ་གནས་ཀྱི་མཐུན་རྐྱེན་ཚང་མེད་སྟབས། གྲོང་གསེབ་དང་འབྲོག་ཁུལ་དུ་ད་དུང་བོད་སྐད་གཙང་མ་ཤེས་ཐུབ་པའི་ཁོར་ཡུག་གནས་ཡོད་ཅིང་། རང་སྐད་གཙང་མ་ཞིག་ཤེས་རྗེས་ཡི་གེ་སྦྱངས་ན་ཤེས་བདེ་བ་ཡིན་པས། བོད་ནང་ད་དུང་བོད་ཡིག་གི་གནས་ཚད་ལྡན་པའི་བོད་ཕྲུག་གང་ཙམ་ཡོད་པའི་རྒྱུ་མཚན་གཅིག་དེ་རེད། དེ་མིན་གྱི་རྒྱུ་མཚན་གཞན་ཞིག་ནི། བོད་མི་ཚོས་རང་གི་སྐད་ཡིག་ལ་གཅེས་ཞེན་ཆེན་པོས། དབྱར་དགུན་གྱི་གུང་གསེང་དང་ཞར་ཞོར་དུ་དགེ་རྒན་ཟུར་བསྟེན་གྱིས་བོད་ཡིག་སྦྱོང་གི་ཡོད་པ་དེ་རེད། དེར་བརྟེན། བོད་ནང་ད་དུང་བོད་ཡིག་ཤེས་པའི་གཞོན་སྐྱེས་གང་ཙམ་ཡོང་གི་ཡོད་པ་དེ་བོད་མི་རང་ཉིད་ཀྱི་ལར་ཞེན་དང་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་གནད་འགག་དེ་ཤེས་དགོས།
མཆན།
  • (༢༦)བོད་ཀྱི་སློབ་གསོའི་བཅོས་བསྒྱུར་དང་མདུན་ལམ་སྐོར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། ཇ༽ སྐད་ཡིག་དང་སློབ་གསོ། ཤོག་ངོས་ ༢༢༤ ་་་ ༢༢༦ བར་གསལ།
  • (༢༧) མི་རིགས་དར་རྒྱས་གཏོང་བར་སྐད་ཡིག་གལ་གནད་ཆེ། བོད་ལྗོངས་སློབ་གསོ། ༢༠༠༠ ལོའི་དུས་དེབ་བཞི་པ། ཤོག་ངོས་ ༢༡ ལ་གསལ།
  • (༢༨)ནང་སའི་བོད་ལྗོངས་འཛིན་གྲྭར་བོད་ཡིག་སློབ་ཁྲིད་བྱས་པའི་བསམ་ཚུལ། བོད་ལྗོངས་སློབ་གསོ། ༡༩༩༥ ལོའི་དུས་དེབ་བཞི་པ། ཤོག་ངོས་ ༧༧ ལ་གསལ།
  • (༢༩)ནང་སའི་འབྲིང་རིམ་དགེ་འོས་བོད་ལྗོངས་འཛིན་གྲྭའི་བོད་སྐད་ཡིག་སློབ་ཁྲིད་ལས་དོན་སྐོར་རོབ་ཙམ་བརྗོད་པ། བོད་ལྗོངས་སློབ་གསོ། ༢༠༠༠ ལོའི་དུས་དེབ་གསུམ་པ། ཤོག་ངོས་ ༣༤ ནས་ ༣༥ བར་གསལ།

No comments:

Post a Comment