2010-10-27

བོད་ནང་བོད་ཡིག་གི་འཆི་གསོན། (དུམ་བུ་དྲུག་པ།)

(མི་རིགས་ཤིག་གི་སེམས་པ་མཚོན་བྱེད་ཀྱི་སྐད་བརྡའི་ལས་དབང་།)
ན༽ བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་རོལ་གྱི་བོད་ས་ཁག་ཏུ་བོད་ཀྱི་སྐད་ཡིག་གི་སྤྱོད་སྒོར་བཀག་རྒྱ་བཟོ་བཞིན་པ།
བོད་རིགས་རྒྱ་རིགས་སུ་སྒྱུར་བཞིན་པའི་གནས་སྟངས་དེ་ནི་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་ཀྱི་བོད་རིགས་འདུས་སྡོད་ས་ཁུལ་གཞན་དག་ལའང་གཅིག་མཚུངས་སུ་འབྱུང་བཞིན་ཡོད་པ་དཔེར་ན། ནན་ཁེ་སློབ་ཆེན་གྱི་ཆ་ག་པ་བཀྲ་ཤིས་ཚེ་རིང་གིས། ༢༠༠༨ ཟླ་ ༡༡ ཚེས་ ༢༥ ཉིན་སྤེལ་བའི་རྩོམ་ཡིག་ནང༌། 
“དཔེར་ན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ལུང་དགུ་རྫོང་དུ་ལོ་རབས་ལྔ་བཅུ་པའི་ནང་དུ་རང་གི་མི་རིགས་ཀྱི་སྔར་ཡོད་སྐད་ཡིག་བེད་སྤྱོད་བྱེད་མཁན་བོད་རིགས་གྲོང་ཚོ་ཡོད་ཀྱང༌། ད་ལྟ་རྦད་དེ་བོད་ཡིག་གཡུགས་ཏེ་རྒྱ་ཡིག་བེད་སྤྱོད་གཏོང་གི་ཡོད། དེ་བཞིན་མཚོ་སྔོན་གྱི་ཧོང་ཡན་སོགས་ཀྱི་ས་ཁུལ་དུ་འདི་དང་འདྲ་བའི་གནས་ཚུལ་ཡོད་པ་མ་ཟད་གནས་སྟངས་ཛ་དྲག་ཆགས་ཡོད།”(༢༩)
ཅེས་བྲིས་ཡོད། དེ་བཞིན་བོད་མི་ཤེས་ལྡན་པ་ཀིརྟི་སྐྱབས་ཀྱིས་ཨ་མདོ་རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཡིག་གནས་བབ་སྐོར་གླེང་སྐབས། 
“བོད་རིགས་རང་སྐྱོང་ཁུལ་དུ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་སྲིད་བྱུས་ནི་སྔ་མོ་ནས་གཏན་འབེབས་བྱས་ཟིན་ན་ཡང༌། དེ་ལུགས་དཔེ་དེབ་ཏུ་བཞུགས་པ་ཙམ་ལས་དོན་དངོས་སུ་བོད་ཀྱི་སྐད་ཡིག་བྱ་བ་ནི་ལོ་གཅིག་གི་ནང་སྲིད་གྲོས་དང་དམངས་ཆེན་ཚོགས་འདུའི་སྐབས་སུ་ཐ་རེ་ཐོ་རེ་ཞིག་བེད་སྤྱོད་པ་ལས་མེད། ་་་ མི་རིགས་སུ་ཞིག་ཡིན་ཡང་རང་གི་སྐད་ཡིག་བེད་སྤྱོད་བྱེད་དབང་མ་ཡོད་ན། མི་རིགས་དེ་དག་གི་ཁ་དང་ལག་པར་རང་དབང་མ་ཡོད་པའི་རྟགས་ཡིན་ཞིང༌། འགྲོ་བ་མིའི་ཐོབ་ཐང་ལའང་བརྩི་འཇོག་མ་བྱས་པ་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་ཀྱི་ཆོས་ཉིད་དང་མི་མཐུན་ཞིང༌། མའོ་ཙེ་ཏུང་གི་དགོངས་པ་དང་རྒྱབ་འགལ་བྱས་པ་ཞིག་རེད།”(༣༠)
ཅེས་བཤད་ཡོད་ཅིང༌། ཡང་ཨ་མདོ་ནས་ཡིན་པའི་ཁྱུང་ཐར་རྒྱལ་ཞེས་པས་མཚོ་སྔོན་བོད་ཀྱི་སྐད་ཡིག་ཐོག་སྤེལ་བའི་རྩོམ་ཡིག་ནང༌།
 “མི་རིགས་རང་སྐྱོང་ས་གནས་སོ་སོས་མི་རིགས་སྐད་ཡིག་བྱ་བའི་སྲོལ་ཡིག་གཏན་འབེབས་བྱས་ཏེ་ལས་ཁུངས་ཀྱི་སྒོ་བྱང་ཁ་ཤས་སུ་མི་རིགས་ཀྱི་ཡི་གེ་བྲིས་པ་དེ་ཙམ་ལ་མི་རིགས་རང་སྐྱོང་མི་ཟེར་ལ། མི་རིགས་སྐད་ཡིག་ལ་སློབ་སྦྱོང་མེད་པའི་ལས་བྱེད་པ་དང་ལས་བཟོ་བ་སྐོར་ཞིག་བསྡུ་ལེན་བྱས་ཏེ་ཧ་ཅང་སྟབས་བདེའི་རྒྱུགས་ཤིག་བླངས་པ་དེ་ལ་མི་རིགས་སྐད་ཡིག་བྱ་བར་མཐོང་ཆེན་བྱས་པ་རེད་ཅེས་གཏན་ནས་བཤད་ཐབས་བྲལ། ཐ་ན་མི་རིགས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཤེས་པ་དེ་དག་གིས་མི་རིགས་སྐད་ཡིག་ལ་རྒྱུགས་ཇི་ལྟར་སྤྲོད། འདི་འདྲའི་ཕྱི་ཚུལ་རིང་ལུགས་རྒྱུན་འབྱམས་སུ་སོང་ན་མི་རིགས་སྐད་ཡིག་བྱ་བར་ཤུགས་རྐྱེན་ངན་པ་བཟོ་སྲིད་པར་མ་ཟད། རྒྱལ་ཁབ་ཀྱི་མཚན་སྙན་ལའང་གནོད་པ་ཡོད། ་་་ མི་རིགས་སྐད་ཡིག་བྱ་བ་དེ་དེ་འདྲའི་དོན་ཐོག་ཏུ་འཁྱོལ་དཀའ་བའི་རྒྱུ་མཚན་གང་ལ་ཐུག་ཡོད། མཐར་གཏུགས་ན་མང་ཚོགས་ལ་ཐུག་ཡོད་དམ་འགོ་ཁྲིད་ལ་ཐུག་ཡོད་ཅེ་ན། ངས་བལྟས་ན་འདི་ནི་ཐད་ཀར་འགོ་ཁྲིད་ལ་ཐུག་ཡོད་པའི་གནད་དོན་ཞིག་ཡིན་པར་སེམས། དེ་ཡང་འགོ་ཁྲིད་སྐོར་ཞིག་གིས་ཀྲུང་གོས་སྲིད་ཕྱོགས་ལ་སྤྱོད་པའི་ཡི་གེ་རྒྱ་ཡིག་ཡིན་པས་རྒྱ་ཡིག་གིས་མ་གཏོགས་སླ་ངའི་ནང་གི་ཟ་མ་ཟ་མ་ཐུབ་སྙམ་གྱིན་ཡོད། ཡང་འགོ་ཁྲིད་ཁ་ཤས་ཀྱིས་མི་རིགས་གྲངས་ཉུང་བའི་ཡི་གེ་དར་སྤེལ་བྱས་ཚེ་རང་གི་བཞུགས་ཁྲི་བརྟན་རྒྱུ་མ་རེད་བསམ་ཡོད། ་་་ ད་ལྟ་རང་སྐྱོང་ས་ཁུལ་དུའང་མི་རིགས་སྐད་ཡིག་གིས་སྲིད་གཞུང་ལ་སྙན་ཞུ་བརྒྱ་ཕྲག་ཁ་ཤས་བྲིས་ཀྱང་ལྟ་མཁན་གཅིག་ཀྱང་མེད་པའི་གནས་ཚུལ་ཚང་མའི་སེམས་ལ་ཁྲིགས་ཁྲིགས་ཡིན། གོ་ཐོས་སུ་མཚོ་བྱང་ཁུལ་གྱི་ཤང་ག་གེ་མོར་བོད་རིགས་ཡོད་ཀྱང་བོད་ཡིག་ཕལ་ཆེར་ཉམས་པའི་གནས་ཚུལ་བྱུང༌། ཡུལ་དེ་གའི་དགོན་པས་བརྡ་ཐོ་བཏང་སྟེ་བོད་ཡིག་སྦྱོང་མཁན་ཡོད་ན་དགོན་པས་བོད་ཡིག་འཁྲིད་རྒྱུ་ཡིན་པ་བསྒྲགས་མ་ཐག་ཤང་ཏང་ཨུ་དང་སྲིད་གཞུང་གིས་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུ་རིན་སོགས་བོས་ཏེ་སྐྱོན་བརྗོད་ནན་མོ་བྱས་པར་གྲགས།”(༣༡)
ཞེས་བཤད་ཡོད། ཡང་བོད་ནང་གི་མཁས་པ་སྐལ་བཟང་བློ་གྲོས་ཀྱིས་མདོ་སྨད་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་སྐོར་གླེང་སྐབས།
“བོད་ཀྱི་སྐད་ཡིག་བྱ་བའི་ཁྲིམས་སྲོལ་གྱི་དོན་ཚན་གསུམ་པར་“བོད་ཀྱི་སྐད་ཡིག་ནི་རང་སྐྱོང་ས་ཁུལ་དུ་ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱིས་རང་སྐྱོང་ཁེ་དབང་ལོངས་སྤྱོད་བྱེད་པའི་སྐད་ཆ་དང་ཡི་གེ་གཙོ་བོ་ཡིན་པ་དང༌། རང་སྐྱོང་ཁུལ་དུ་ཐུན་མོང་གིས་བཀོལ་བའི་སྐད་དམ་ཡི་གེ་གཙོ་བོའང་ཡིན་”ཞེས་གཏན་འབེབས་ཁ་གསལ་གནང་ཡོད་པ་རེད། ་་་ ཡིན་ནའང་རང་སྐྱོང་ཁུལ་གྱི་ཏང་སྲིད་ལས་ཁུངས་ཀྱིས་འཁུར་འཁྲིའི་བགྱི་སྒོ་སྒྲུབ་སྐབས་སྐད་ཡིག་གི་གཙོ་ཕལ་དེ་གོ་ལོག་པ་རེད། ཏང་སྲིད་ལས་ཁུངས་ཡོད་ཚད་ཀྱི་ཡིག་ཆ་ཐམས་ཅད་རྒྱ་ཡིག་གིས་བྲིས་ནས་བཀྲམ་རྗེས་དེ་ནང་ནས་ཞང་དང་སྡེ་བ་རིམ་པར་བཀྲམ་པའི་ཡིག་ཆ་འགའ་རེ་ཡིག་སྒྱུར་ལས་ཁུངས་ཀྱིས་བོད་ཡིག་ཏུ་བསྒྱུར་ནས་བཀྲམ་པ་རེད། ལས་དོན་འཕྲལ་དུ་སྒྲུབ་དགོས་པའི་བཀའ་བཀོད་གཏོང་བའི་ཡིག་ཆ་བོད་ཡིག་ཏུ་བསྒྱུར་བཀྲམ་བྱས་ནས་ལག་བསྟར་ལས་ཁུངས་སུ་ཐོན་ཚེ་མང་ཤོས་དུས་ཡོལ་བས་ཡིག་ཆའི་ནུས་པ་ཐོན་མི་ཐུབ། ལས་བྱེད་པ་བཟོ་བའི་ཟླ་ཕོགས་བསྟོད་པ་སོགས་དཔལ་འབྱོར་ཕན་ཐོགས་ཡོད་པའི་སྐོར་གྱི་ཡིག་ཆའི་ནང་དུ་བོད་ཡིག་ཏུ་བསྒྱུར་བཀྲམས་བྱས་པ་མེད་པ་དང༌། སྲིད་གཞུང་ལ་སྒོར་མོ་སློང་པ་དང་མི་སྣ་སྒྲིག་ཁུངས་ཁ་སྣོན་སོགས་ཀྱི་ཡར་ཞུའི་སྙན་སེང་བོད་ཡིག་གིས་བྲིས་ནས་ཞུ་ཕོད་མཁན་མེད། གལ་ཏེ་བོད་ཡིག་གིས་བྲིས་ནའང་དེར་རེ་འབྲས་སྨིན་དང་མི་སྨིན་འཕྱང་མོ་ཉུག ཐ་ན་རང་སྐྱོང་ཁྲིམས་སྲོལ་གཏན་འབེབས་གནང་མཁན་དང་ཁྲིམས་སྲོལ་ལག་བསྟར་ལྟ་རྟོག་བྱེད་པའི་དབང་ཆའི་ལས་ཁུངས་ཏེ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་འཚོག་པའི་སྒང་དེར། འབུལ་རྒྱུའི་སྙན་ཞུ་རྣམས་བོད་དང་རྒྱའི་སྐད་ཡིག་གཉིས་ཀ་མཉམ་དུ་སྤྱད་ཅིང༌། བོད་ཡིག་གི་ཡིག་ཆ་ཡོད་ཚད་རྒྱ་ཡིག་ནས་བསྒྱུར་བས་བུ་ཡིག་ཏུ་གྱུར། སྙན་ཞུ་ལས་གཞན་པའི་གསར་འགྱུར་མདོར་བསྡུས་སོགས་རྒྱ་ཡིག་རྐྱང་བ་ལས་བོད་ཡིག་གིས་བྲིས་ནས་བཀྲམ་པ་རྣ་ཐོས་ཉུང༌། ཚོགས་ཆེན་འཚོག་སྐབས་ཚོགས་ཁང་ནང་དུ་བོད་རིགས་འཐུས་མིས་རྣ་ནང་དུ་ཉན་བྱེད་ཡོ་ཆས་མ་བཞག་ན་བོད་སྐད་ཐོས་མི་ཐུབ། ཚོགས་ཁང་ནང་དུ་བོད་སྐད་ནི་གསང་གཏམ་ལྟ་བུར་གྱུར་ཡོད། དེར་བལྟས་ན་ཁྲིམས་ཀྱིས་སྐད་ཡིག་གཙོ་ཕལ་གཏན་འབེབས་གནང་བ་དེ་བྱ་བའི་ལག་ལེན་ཁྲོད་དུ་གོ་བཟློག་པ་མཐོང་ཐུབ། ་་་མཚོ་ལྷོ་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ནང་དུ་རང་སྐྱོང་ལས་ཁུངས་ཀྱིས་འཁུར་འཁྲིའི་བགྱི་སྒོ་སྒྲུབ་སྐབས་བོད་ཀྱི་སྐད་ཡིག་དང་རྒྱའི་སྐད་ཡིག་རིགས་གཉིས་མཉམ་དུ་བཀོལ་སྤྱོད་བྱེད་པ་དང༌། སོ་སོར་བཀོལ་སྤྱོད་བྱེད་རྒྱུ་ཞེས་གཏན་འབེབས་གནང་ཡོད། སོ་སོར་བཀོལ་སྤྱོད་བྱེད་རྒྱུ་ཟེར་བ་དེའི་ནང་དོན་ནི་བོད་ཀྱི་སྐད་ཡིག་རྐྱང་རྐྱང་བཀོལ་སྤྱོད་བྱེད་ཆོག་ལ། རྒྱའི་སྐད་ཡིག་ཁོ་ན་བཀོལ་སྤྱོད་བྱེད་ནའང་ཆོག་པ་ཡིན། གང་ལྟར་བྱས་ཀྱང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་མཐུན་པ་ཡིན་ཕྱིར་རང་སྐྱོང་ཁུལ་གྱི་སྲིད་འཛིན་དང༌། དོན་ལས། ཁེ་ལས་ཀྱི་སྡེ་ཁག་ཐམས་ཅད་ནས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ་ཇེ་ཉུང་དུ་གྱུར། ལས་ཁུངས་སོ་སོས་རྐང་འཛིན་ལས་བྱེད་པ་ནང་དུ་ལེན་སྐབས་དང༌། རྩ་འཛུགས་ཀྱིས་འགོ་ཁྲིད་པ་གོ་གནས་སྤར་བ་དང་བསྐོ་མངགས་བྱེད་སྐབས་རྒྱའི་སྐད་ཡིག་གི་ཡོན་ཏན་གཙོ་བོར་བཞག་པ་ལས། བོད་ཡིག་གི་ཡོན་ཚད་གཙོ་བོར་མི་འཛིན། ཁུལ་དང་རྫོང་ཏང་སྲིད་ལས་ཁུངས་རྣམས་ཀྱི་ནང་དུ་བོད་ཡིག་འབྲི་བའི་དྲུང་ཡིག་གྲངས་ཀ་ཅི་ཙམ་ཡོད་དམ། ཡོད་ན་དེ་དག་གིས་ཐད་ཀར་བོད་ཡིག་གི་གཞུང་ཡིག་བྲིས་པའི་ཡིག་ཆ་ཡོད་དམ་མེད། མཚོ་ལྷོ་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེ་མོ་དང་མཚོ་ལྷོ་དགེ་འོས་སློབ་གྲྭ་ནས་བོད་ཡིག་གིས་གཞུང་ཡིག་འབྲི་མཁན་དྲུང་ཡིག་གི་འཛིན་གྲྭ་བཙུགས་ནས་བསྒྲུབས་ཏེ་དྲུང་ཡིག་གསོ་སྐྱོང་བྱས། དེ་དག་སློབ་གྲྭ་ནས་ཐོན་རྗེས་ཏང་སྲིད་ལས་ཁུངས་ནང་ཆེད་དུ་བསྐོ་མངགས་བྱས་ནའང་ཐད་ཀར་བོད་ཡིག་གིས་བྲིས་པའི་ཡིག་ཆ་མཐོང་རྒྱུ་ཉིན་སྐར་ལྟར་གྱུར་ལ་ད་སྐབས་དེ་ཚོའི་རང་ཉིད་ཀྱི་བོད་ཡིག་འབྲི་བའི་དྲུང་ཡིག་གི་ལས་ཀ་དེ་ཤོར་ནས་ལས་ཀ་གཞན་པར་བསྒྱུར་ཡོད། སྲིད་འཛིན་ལས་ཁུངས་ཐམས་ཅད་ནས་གཞུང་ཞབས་པའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད་ཅིང༌། རང་སྐྱོང་ཁུལ་གྱི་“རྒྱལ་ཁབ་གཞུང་ཞབས་པའི་གནས་སྐབས་ཁྲིམས་སྲོལ་”ནང་དུ་བོད་ཀྱི་སྐད་ཡིག་གི་ཡོན་ཚད་ལ་བལྟ་རྒྱུའི་ནང་དོན་མེད། དངུལ་རྩ་དང་དཔལ་འབྱོར་ལས་རིགས་ཀྱི་བྱེད་སྒོ་ཐམས་ཅད་རྒྱ་ཡིག་ཁོ་ན་ལ་བརྟེན་པ་ལས་བོད་ཡིག་བཀོལ་སྤྱོད་བྱེད་པ་མེད། རང་སྐྱོང་སྲོལ་ཡིག་ལྟར་ན་གོང་རིམ་ལས་ཁུངས་ལ་བྱ་བའི་དགོངས་སྐོར་ཞུ་བ་དང༌། གྲོན་དངུལ་སློང་བ་སོགས་དཀའ་ཁག་སེལ་བར་སྙན་སེང་འབུལ་བ་སོགས་བོད་ཡིག་རྐྱང་བས་བྲིས་ན་ཆོག་ཀྱང་བོད་ཡིག་གིས་བྲིས་པའི་ཞུ་ཡིག་ལ་རེ་འབྲས་སྨིན་རྒྱུ་རི་བོང་གི་རྭའི་སྤུན་ཟླར་གྱུར། ་་་དབང་འཛིན་ལས་ཁུངས་དེ་དག་གི་འགོ་ཁྲིད་པ་དང༌། བྱ་ལས་སྒྲུབ་མཁན་ཚོས་བོད་ཀྱི་སྐད་ཡིག་མི་ཤེས་པའི་ཕྱིར་ཡིག་སྒམ་ནང་དུ་གཏན་དུ་ཉར་ཚགས་བྱེད་པའམ་ཡང་ན་ཤོག་ཧྲུལ་ཁྲོད་དུ་གཡུག་པ་ཡིན་པ་ལས་དེ་དང་དུ་བླངས་ནས་གྲོས་མོལ་བྱས་པ་མེད། དེའི་ཕྱིར་རང་སྐྱོང་ཁུལ་དུ་ཕྱག་ལས་གནང་གི་ཡོད་པའི་བོད་རིགས་འགོ་ཁྲིད་པ་རྣམས་ཀྱིས་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུ་མཚམས་བསྐྱུར་ནས་རྒྱའི་སྐད་ཡིག་དེ་བྱ་ལས་ཁྲོད་དུ་ཨུ་ཚུགས་ཀྱིས་བཀོལ་སྤྱོད་བྱེད་རྒྱུ་ཟེར་ན་མ་བཀོལ་ཟེར་ཕོད་མཁན་མེད། ་་་ ཀྲུང་དབྱང་དང་ཞིང་ཆེན་ནས་མར་བཀྲམ་པའི་གཞུང་ཡིག་དང་གསུང་བཤད། དཔྱད་གཞིའི་ཡིག་ཆ་སོགས་རྒྱའི་ཡི་གེ་ཏག་ཏག་ཡིན་ཕྱིར། དེ་ལྟར་ཡུན་རིང་ན་རྒྱའི་སྐད་ཡིག་ལ་ལོབ་པར་གྱུར། དེང་སྐབས་སྤྱི་ཚོགས་ཀྱི་བྱ་འགུལ་ཁྲོད་དུ་གསར་བྱུང་རྒྱའི་ཐ་སྙད་བོད་སྐད་དུ་ཇི་ལྟར་བསྒྱུར་ཡོད་པ་ཆ་མེད་རྒྱུས་མེད་དུ་གྱུར་ནས་གཞུང་ལུགས་སོགས་གཏིང་ཟབ་མོའི་སྐོར་བོད་སྐད་ཀྱིས་ཤོད་དཀའ་བར་གྱུར། ཁུལ་དང་རྫོང་སོ་སོའི་སྲིད་འཛིན་ལས་དོན་སྡེ་ཁག་ཐམས་ཅད་དང༌། འགོ་འདྲེན་མཐོ་དམའ་བྱིངས་ཀྱི་སྤྱི་བར་ལ་ཡིག་སྒྱུར་ལས་ཁུངས་རེ་བཙུགས་ཤིང༌། དེ་ལ་མི་སྣའི་འགྲོ་ཁུངས་ལྔ་དྲུག་ཙམ་ལས་མེད་པ་དང་གྲོན་དངུལ་ཡང་མང་པོ་མེད། དེ་འདྲ་ཞིག་གིས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་དགོས་མཁོ་སྐོང་དཀའ། ཕྱི་རྐྱེན་དེ་དག་གིས་རང་སྐྱོང་ཁུལ་དུ་བོད་ཡིག་སྒོ་ཀུན་ནས་བཀོལ་སྤྱོད་བྱེད་པར་དཀའ་ཁག་མི་ཉུང་བ་བཟོས། ཐ་ན་རང་གི་སྒོར་མོ་དངུལ་ཁང་དུ་བཅོལ་ལེན་བྱེད་ཚེ་ཤོག་ལྷེ་ཐོག་རང་གི་མིང་རྒྱ་ཡིག་གིས་མ་བྲིས་པར་བོད་ཡིག་བྲིས་ན་བཅོལ་ལེན་བྱེད་མི་ཐུབ། སྦྲག་སྲིད་བརྒྱུད་དེ་སྒོར་མོ་བསྐུར་ལེན་བྱེད་ན་ས་མིང་དང་མི་མིང་བོད་ཡིག་གིས་བྲིས་ན་སྐུར་ལེན་བྱེད་དཀའ། རྒྱུ་མཚན་ནི་ལས་ཁུངས་དེ་དག་ནང་ཕྱག་ལས་གནང་མཁན་ཚོས་བོད་ཡིག་གི་ངོ་མི་ཤེས་སྟབས་དེ་དག་གི་བྱ་བའི་འགྲོ་ལུགས་ཚང་མ་རྒྱ་ཡིག་ཁོ་ནར་བརྟེན་པའི་སྲོལ་ཆགས་པ་རེད།”(༣༢)
ཅེས་གསུངས་པ་དེའི་ཐོག་ནས་བོད་ཁུལ་གཞན་གྱི་བོད་ཀྱི་སྐད་ཡིག་གི་གནས་སྟངས་ཀྱང་རྩ་བརླག་འགྲོ་ཉེན་གྱི་འོག་ཏུ་ཡོད་པ་མཐོང་ཐུབ།

པ༽ བོད་ཀྱི་སྐད་ཡིག་གི་གནས་སྟངས་དེ་འདྲར་གྱུར་པའི་རྒྱུ་མཚན་ཐད་བོད་ནང་གི་བོད་མི་ཚོའི་ལྟ་སྟངས།

རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་རྗེས་བོད་ཀྱི་སྐད་ཡིག་གོང་འཕེལ་ཡོང་རྒྱུ་ལྟ་ཅི། རྩ་མེད་རང་བཞིན་གྱི་ཉམས་རྒུད་སོང་ཡོད་པ་དེའི་རྒྱུ་མཚན་ཐད། བོད་བཞུགས་མཚོ་ལྷོ་རྩོམ་ལྷན་ཁང་གི་མཁས་པ་སྐལ་བཟང་བློ་གྲོས་ཀྱིས།  
“བོད་རིགས་རང་སྐྱོང་ཁུལ་དུ་བོད་མི་ནི་རང་སྐྱོང་བྱེད་མཁན་གྱི་མི་རིགས་སུ་གྱུར་པ་དང༌། བོད་ཀྱི་སྐད་ཡིག་ཀྱང་རང་སྐྱོང་ཁུལ་གྱི་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཏུ་གྱུར་ནའང༌། བཅིངས་འགྲོལ་བྱས་པ་ནས་བཟུང་སྲིད་འཛིན་ལས་ཁུངས་དང་ཁེ་ལས་དོན་ལས་ཀྱི་སྡེ་ཁག་བཙུགས་པ་ཐམས་ཅད་ཀྱི་ནང་དུ་འགོ་ཁྲིད་པ་གཙོ་བོ་དང༌། དྲུང་ཡིག་གི་ལས་ཀ་བྱེད་མཁན་དང་ལས་ཁུངས་ཀྱི་རྐང་འཛིན་ལས་བྱེད་པ་སོགས་རྒྱ་ནང་ནས་མངགས་ཡོང་བ་འབའ་ཞིག་གོ །སྐབས་དེར་བོད་རིགས་ཀྱི་ནང་དུ་ཡོན་ཏན་ཅན་མེད་པ་མ་ཡིན། ཡོན་ཏན་ཅན་མང་ཤོས་ཆོས་སྒྲུབ་མཁན་ཡིན་པས་སྲིད་སྐྱོང་མཁན་ཉུང༌། ཡོད་ནའང་ཁ་ཤས་ལོག་སྤྱོད་པར་བརྩིས་ནས་བེད་མི་སྤྱོད། ་་་ དེ་དུས་རྒྱ་མིའི་ལས་བྱེད་པ་ཚོར་ཆབ་སྲིད་ཀྱི་དོགས་ཟོན་ཤིན་ཏུ་མཐོ་བས་བོད་ཡིག་གི་གཞུང་ཡིག་བྲིས་ནའང་རྒྱ་མིའི་འགོ་ཁྲིད་པས་བོད་ཡིག་བོད་སྐད་མི་ཤེས་སྟབས་ཡིག་ཆའི་ནང་དོན་ལ་ཞིབ་བཤེར་བྱེད་ཐབས་བྲལ་ཕྱིར་དེ་རྒྱ་ཡིག་ལ་བསྒྱུར་ནས་ཞིབ་བཤེར་བྱེད་དགོས། རང་སྐྱོང་ཁུལ་གྱི་བོད་རིགས་ལས་བྱེད་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རིག་གནས་ཀྱི་བྱང་ཚད་ཇེ་མཐོར་སོང་ནས་བོད་རྒྱ་སྐད་ཡིག་སྣ་གཉིས་མཁྱེན་མཁན་མང་པོ་བྱུང༌། སྤྱི་ལོ་ ༡༩༥༨ གྱི་ཟིང་འཁྲུག་ཞི་འཇགས་རྒྱ་བསྐྱེད་པར་བརྟེན་ནས་བོད་རིགས་ལས་བྱེད་པ་ཡོན་ཏན་ཅན་ལ་བློ་མི་འཁེལ་བར་གྱུར་པ་དང༌། དེ་ནས་རིག་གནས་གསར་བརྗེ་ཆེན་པོ་སོགས་ལས་འགུལ་སྣ་ཚོགས་གཅིག་འཕྲོར་གཅིག་རྒྱུན་མ་ཆད་པ་བྱུང་ནས་གཡོན་ཐལ་ཆེ་བའི་སྲིད་བྱུས་ཀྱི་རྒྱུན་བསྲིངས་སྟབས་བོད་རིགས་ལས་བྱེད་པར་རང་གི་སྐད་ཡིག་གི་ལམ་ནས་གཞུང་ཡིག་འབྲི་བའི་གོ་སྐབས་མ་ཐོབ་པས། བོད་རིགས་རང་སྐྱོང་གི་ས་ཆ་ནས་ཐད་ཀར་བོད་ཡིག་གིས་གཞུང་ཡིག་འབྲི་བའི་སྲོལ་ཆགས་མ་ཐུབ། དེ་ལྟར་རྒྱའི་སྐད་ཡིག་རང་སྐྱོང་ཁུལ་དུ་སྤྱོད་པའི་སྐད་ཡིག་རིགས་ཤིག་ཏུ་གྱུར།”(༣༣)
ཅེས་གསུངས་ཡོད། ཡང་རྒྱ་ནག་གི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་ཞུ་ཞིབ་འཇུག་པ་གསེར་ཚང་ཕུན་ཚོགས་བཀྲ་ཤིས་ཀྱིས་གནས་སྟངས་དེ་ལྟ་བུ་བྱུང་བའི་རྒྱུ་རྐྱེན་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༨ ལོ་ཙམ་ནས་“མི་རིགས་གཅིག་འདྲེས་”ཞེས་པའི་སྲིད་བྱུས་བཟུང་བའི་དབང་གིས་བྱུང་བར་གསུངས་ཤིང༌། དེའི་དོན་གསལ་བར་བཤད་ན། བོད་རིགས་ལྟ་བུའི་གྲངས་ཉུང་མི་རིགས་རྣམས་གྲངས་མང་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་རྒྱུའི་སྲིད་བྱུས་ལ་ཟེར་བ་རེད། དེ་ཡང་ཁོང་གིས།
“བོད་ཡིག་ལ་མཐོང་བཟོ་དང༌། བེད་སྤྱོད་མི་བྱེད་པ་སོགས་ནི་“མི་རིགས་གཅིག་འདྲེས་”ཞེས་པའི་རླུང་ཡན་དེའི་གནོད་འཚེ་ལས་བྱུང་བ་ཡིན་སྟབས། དེ་ནས་བཟོས་པའི་ན་ཟུག་དེས་དུས་ད་ལྟ་ཡིན་ཡང་གཟེར་རྒྱག་བཞིན་དུ་ཡོད།”(༣༤)
ཅེས་བསྟན་ཡོད། དེ་བཞིན་བོད་ནང་གི་བོད་རིགས་དམར་ཤོག་པ་དང་ཤེས་ཡོན་ཅན་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བྲིས་པའི་བདག་གི་རེ་སྨོན་ཞེས་པའི་དཔེ་དེབ་ནང༌། ཁོང་གིས་གནས་ཚུལ་དེ་འདྲ་ལྷགས་དོན་རྒྱུ་མཚན་གཙོ་བོ་གསུམ་བཀོད་པའི་དང་པོ་ནི། རྒྱ་ནག་གཞུང་གིས་མི་རིགས་ཧྲ་ཝུན་རིང་ལུགས་(མི་རིགས་ཆེན་པོའི་རིང་ལུགས་)ཀྱི་སྲིད་བྱུས་ལ་བརྟེན་ནས་བོད་མི་རིགས་རྒྱ་མི་རིགས་སུ་བསྒྱུར་བའི་གོམ་སྟབས་མགྱོགས་སུ་བཏང་བ་དང༌། གཉིས་པ། དེང་གི་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ལ་རིན་ཐང་ཅི་ཡང་མེད་པའི་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཡོད་པ། གསུམ་པ། རང་རེ་བོད་མི་རྣམས་ལ་རང་ཉིད་རིམ་གྲས་དམའ་བ་ཡིན་པའི་ཚོར་ཤུགས་དྲག་པོ་ཞིག་ཡོད་པའི་དབང་གིས་སོ་སོའི་མི་རིགས་ཀྱི་སྐད་ཡིག་གཅེས་འཛིན་དང༌། སྲུང་སྐྱོབ་བྱ་རྒྱུའི་སེམས་ཤུགས་མེད་པ་བཅས་རེད་ཅེས་གསུངས་ཡོད།(༣༥)



མཆན།
  • (༢༩) http://blog.tibet.cn/user1/21396/archives/2008/123459.html
  • (༣༠) བོད་ཡིག་བེད་སྤྱོད་གཏོང་རྒྱུའི་སྐོར་གྱི་སྤྲིངས་ཡིག རྔ་བ་ཀིརྟི་སྐྱབས། www.tibettl.com/xslw/text/01/07_01.htm
  • (༣༡) མི་རིགས་ཀྱི་བྱ་བ་གཙོ་བོ་མི་རིགས་སྐད་ཡིག་བྱ་བའི་སྟེང་ན་ཡོད། ཁྱུང་ཐར་རྒྱལ། www.tibettl.com/xslw/text/01/10_01.htm
  • (༣༢) ཁྲིམས་ཀྱིས་གནང་བའི་སྐད་ཡིག་འདྲ་མཉམ་གྱི་ཁེ་དབང་ལོངས་སྤྱོད་དགོས། སྐལ་བཟང་བློ་གྲོས། གངས་ཞུན་དང་རྡོ་ལྷས་རྩོམ་སྒྲིག་བྱས་པའི། ལྟ་བ། བསམ་བློ། ལག་ལེན། ཞེས་པའི་དཔེ་དེབ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ། ཤོག་ངོས་ ༢༢༤ ་་་་ ༢༣༠ ལ་གསལ།
  • (༣༣)ཁྲིམས་ཀྱིས་གནང་བའི་སྐད་ཡིག་འདྲ་མཉམ་གྱི་ཁེ་དབང་ལོངས་སྤྱོད་དགོས། སྐལ་བཟང་བློ་གྲོས། གངས་ཞུན་དང་རྡོ་ལྷས་རྩོམ་སྒྲིག་བྱས་པའི། ལྟ་བ། བསམ་བློ། ལག་ལེན། ཞེས་པའི་དཔེ་དེབ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ། ཤོག་ངོས་ ༢༢༦ ་་་་ ༢༢༧ ལ་གསལ།
  • (༣༤) བོད་རིགས་ས་ཁུལ་དུ་བོད་ཀྱི་སྐད་ཡིག་སྤྱོད་རྒྱུའི་གནད་དོན་འགའ་ཞིག་ལ་དཔྱད་པ། གསེར་ཚང་ཕུན་ཚོགས་བཀྲ་ཤིས། བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། བོད་ཡིག་བརྡ་ཆད་ཚད་ལྡན་དུ་སྒྱུར་བའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་ཤིང༌། མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ། ཤོག་ངོས་ ༡༥༥ ལ་གསལ།
  • (༣༥) སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་དཔེ་དེབ་ བདག་གི་རེ་སྨོན་ཞེས་པར་གཟིགས།

No comments:

Post a Comment