2010-10-28

བོད་ནང་བོད་ཡིག་གི་འཆི་གསོན། (དུམ་བུ་བདུན་པ།)

(མི་རིགས་ཤིག་གི་སེམས་པ་མཚོན་བྱེད་ཀྱི་སྐད་བརྡའི་ལས་དབང་།)


ཕ༽ བོད་སྡོད་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་འཛིན་པའི་ལྟ་བ།

གོང་དུ་དྲངས་པའི་གཞིས་བཞུགས་བོད་རིགས་ཤེས་ལྡན་པ་གསུམ་གྱི་རྩོམ་ཡིག་ཁག་གི་ནང་། རིམ་པ་བཞིན། “གཡོན་ཐལ་ཆེ་བའི་སྲིད་བྱུས་ཀྱི་རྒྱུན་བསྲིངས་”ཞེས་དང་། “མི་རིགས་གཅིག་འདྲེས་”ཞེས་པ། “བོད་མི་རིགས་རྒྱ་རིགས་ཅན་དུ་བསྒྱུར་བའི་གོམ་སྟབས་”ཞེས་གསལ་བ་དེ་དག་ཚིག་མི་འདྲ་བ་མ་གཏོགས། དོན་གྱི་བབས་ས་ནི་གཅིག་སྟེ། བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་བཏང་སྟེ་རྒྱ་རིགས་ཅན་དུ་སྒྱུར་ཐབས་བྱེད་པ་དེར་ཟེར་བ་རེད།

༡༩༥༥ ནས་ ༡༩༧༩ བར་གྱི་དུས་ཡུན་ནང་། དམངས་གཙོའི་བཅོས་སྒྱུར་དང་རིག་གནས་གསར་བརྗེ་ཆེན་པོ་སོགས་ཀྱི་ལས་འགུལ་སྤེལ་ཏེ། བོད་ནང་བོད་མི་རིགས་ཀྱི་ཁྱད་ཆོས་མཚོན་བྱེད་ཕལ་མོ་ཆེ་རྩ་མེད་དུ་གཏོང་ཐབས་བྱས་པ་ནི་ཀུན་གསལ་ཡིན་པས་འདིར་དཔང་རྟགས་མང་པོ་འདྲེན་པའི་ངལ་བ་བསྟེན་དགོས་དོན་མེད། ༡༩༨༠ ནས་ ༡༩༩༠ དུས་ཡུན་ནང་། མི་རིགས་ཀྱི་སྲིད་བྱུས་དོན་འཁྱོལ་བྱས་པ་ཡིན་ཞེས་བོད་ནང་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐད་ཅུང་ཟད་གུ་ཡངས་ཀྱི་སྲིད་བྱུས་ཤིག་ལག་བསྟར་བྱས་ཡོད། འོན་ཀྱང་ ༡༩༨༧ ལོ་ནས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་བསྟུད་མར་རྒྱ་ནག་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་ཐེངས་མང་བྱས་རྗེས། ༡༩༩༣།༩༤ (འགྱུར་བ་འདི་སྐབས་དེའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དང་འབྲེལ་བ་ཡོད་ཀྱང་ཡིག་ཚོགས་ལ་འཇིགས་ཏེ་རྒྱས་གླེང་བྱས་མེད་)ཙམ་ནས་རྒྱ་ནག་གཞུང་གིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་བྱེད་ཀྱི་རིག་གཞུང་གི་ཆ་ལག་ཚང་མ་དགྲ་རུ་བཟུང་སྟེ། རྩ་མེད་དང་ནུས་མེད་དུ་གཏོང་ཐབས་བྱས་པའི་ཚབ་ཏུ། རྒྱ་ནག་གི་སྐད་ཡིག་རིག་གཞུང་གི་རྩ་བ་བརྟན་པོ་ཞིག་འཛུགས་ཐབས་བྱས་ཡོད།
 འོན་ཀྱང་རྒྱ་ནག་གི་གདུག་རྩུབ་ཀྱི་སྲིད་བྱུས་དེ། བོད་ནང་གི་དངོས་ཡོད་གནས་སྟངས་ཆ་རྒྱུས་མེད་མཁན་ཚོར་འགྲེལ་བཤད་ངོ་འཕྲོད་པ་ཞིག་བྱེད་དཀའ་བ་ཡིན། རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་དགོན་སྡེ་རྣམས་སྔར་བཞིན་སྒོ་ཕྱེ་སྟེ། མང་ཚོགས་ཚོར་ཕྱག་མཆོད་འབུལ་གྱི་རང་དབང་སྤྲད་ཡོད་པ་དང་། དེ་བཞིན་ལོ་ལྟར་བོད་ཡིག་ཐོག་དཔེ་དེབ་དང་དུས་དེབ། བརྙན་འཕྲིན་ལེ་ཚན་སོགས་འབོར་ཆེན་གསར་འདོན་བྱས་དང་བྱེད་བཞིན་པ་རེད། དེ་བཞིན་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་འགྲོ་སོང་ཕོན་ཆེ་གཏོང་བ། སློབ་གྲྭ་ཁག་གི་ནང་དུའང་། བོད་ཀྱི་སྐད་ཡིག་སློབ་ཚན་ས་བཅད་མ་སྟོང་པ་ཞིག་སློབ་བཞིན་ཡོད། ཡང་ཕྱོགས་གཞན་ནས། དགོན་པའི་ནང་། དོན་དམ་གྱི་འཆད་ཉན་བྱེད་འཇུག་གི་མེད་ལ། གྲྭ་གྲངས་ལ་ཚོད་འཛིན་དང་། བླ་སྤྲུལ་རྣམ་པའི་གསུང་ཆོས་ལ་ཚོད་འཛིན། སློབ་གྲྭ་ཁག་ཏུ་བོད་ཀྱི་རིག་གཞུང་གི་ཉིང་བཅུད་ངོ་མ་སློབ་མཚམས་འཇོག་པ། བོད་ཀྱི་སྐད་ཡིག་ལ་མདུན་ལམ་མི་སྤྲོད་པ། གོམ་སྟབས་མགྱོགས་པོས་རྒྱའི་སྐད་ཡིག་ཁྱབ་སྤེལ་བྱེད་པ་སོགས་མཐོང་སྣང་ལ་ཏག་ཏག་འགལ་བ་ལྟག་སྤྲོད་ཡིན་པའི་བྱ་བ་གཉིས་དུས་མཉམ་དུ་སྒྲུབ་བཞིན་ཡོད།
དུས་རབས་ཉི་ཤུ་པའི་དུས་མཇུག་དང་ཉེར་གཅིག་པའི་དུས་འགོ་འདིར། སྔོན་མ་ལྟར་མི་རིགས་ཤིག་གི་རིག་གཞུང་དང་སྐད་ཡིག་རྩ་མེད་ཀྱི་སྲིད་བྱུས་ཤིག་མངོན་གསལ་དུ་ལག་བསྟར་བྱེད་བསམས་ནའང་བྱེད་ཐབས་བྲལ་བ་ཞིག་རེད། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྒྱ་ནག་ནང་གི་ཤེས་ཡོན་ཅན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྩ་ཆེར་བརྩིས་ཏེ་དགའ་མོས་ཧ་ཅང་ཆེན་པོ་བྱེད་བཞིན་པའི་དུས་སུ། རྒྱ་ནག་གཞུང་གིས་ཀྱང་ཕྱི་ཚུལ་དུ། བོད་ཀྱི་སྐད་ཡིག་རིག་གཞུང་ལ་ཆེ་མཐོང་དང་སྲུང་སྐྱོབས་བྱེད་ཁུལ་ཞིག་མ་བྱས་རང་བྱས་རེད། འོན་ཀྱང་རྒྱ་ནག་གཞུང་གི་མིག་ནང་། བོད་མི་ཚོས་ཇི་ཙམ་གྱིས་རང་གི་སྐད་ཡིག་དང་རིག་གཞུང་ལ་མྱོང་འདྲིས་བྱས་ན། དེ་ཙམ་གྱིས་རྒྱ་ནག་དང་ཐག་རིང་དུ་འགྲོ་བའི་མཐོང་ཚུལ་ཞིག་ཡོང་གི་ཡོད་པར་བརྟེན། བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་དེ་ཡང་ཁོང་ཚོའི་ཡོལ་བའི་རྒྱབ་ཀྱི་འཆར་གཞིའི་ཁོངས་སུ་ཡོད་པ་རེད། སྲིད་བྱུས་འདི་མངོན་པར་མི་གསལ་བ་ཞིག་ཡིན་པས། ང་ཚོས་རྒྱ་གཞུང་གི་གཏན་འབེབས་ཡིག་ཆ་ཁ་གསལ་དཔང་རྟགས་སུ་དྲངས་ཏེ་ཐེར་འདོན་བྱེད་དཀའ་ཡང་། བོད་སྡོད་འབྲེལ་ཡོད་དཔོན་རིགས་ཚོའི་ཁ་ནས་སྐབས་སྐབས་སུ་ཐོན་པའི་གཏམ་བཤད་འགའ་ཞིག་གི་ཐོག་ནས། རྒྱ་ནག་གཞུང་གིས་སྲིད་བྱུས་དེ་འདྲ་ཞིག་ཏན་ཏན་བཟུང་ཡོད་པ་ར་སྤྲོད་བྱེད་ཐུབ། དཔེར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་སློབ་གསོ་ཐིང་གི་དྲུང་ཆེ་ཀྲང་རུང་ཡང་གིས་ཕྱི་ལོ་ ༢༠༠༠ ཟླ་ ༨ ཚེས་ ༡ ཉིན་བཤད་པའི་གཏམ་བཤད་ཅིག་ཏུ་
“སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་ནི་སློབ་གསོའི་ལས་དོན་གྱི་རྩ་བའི་ལས་འགན་ཞིག་ཡིན། བོད་དུ་ཁ་བྲལ་ལ་ངོ་རྒོལ་དང་ཏཱ་ལར་དགག་རྒྱག་ཐེར་འདོན་བྱ་རྒྱུ་ནི་ལོ་ཆུང་སློབ་མར་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་བའི་གལ་ཆེའི་ནང་དོན་ཞིག་རེད། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་རྒྱུན་འཛིན་པ་དང་མི་རབས་རྗེས་མ་འཕྲོག་རེས་ཀྱི་འཐབ་རྩོད་དེ་ཡུན་རིང་དང༌། རྣོ་ངར་ལྡན་པ། རྙོག་འཛིང་ཆེ་བ་ཞིག་ཡིན་པས། རང་རེའི་བློ་འདོད་ལྟར་འགྱུར་བ་གཏོང་ཐུབ་པ་ཞིག་མ་ཡིན། རིམ་པ་མི་འདྲ་བ་དང་རྣམ་རིགས་མི་འདྲ་བའི་སློབ་གྲྭ་ཚང་མས་ཏཱ་ལར་དགག་རྒྱག་དང་ཁ་འཕྲལ་ལ་ངོ་རྒོལ། ལྷ་མེད་སྨྲ་བ་བཅས་ཀྱི་སློབ་གསོ་ཡུན་རིང་གཏིང་ཟབ་གཏོང་དགོས། དགེ་རྒན་ཚང་མ་ཆོས་ལ་དད་པ་བྱེད་མི་ཆོག་པ་བསྐྱར་བཤད་བྱ་རྒྱུ་ཡིན། སློབ་གྲྭའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཕྱིན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། སློབ་གྲྭས་སློབ་མ་སྒྲིག་འཛུགས་བྱས་ཏེ་ཆོས་ཕྱོགས་བྱེད་སྒོར་ཞུགས་མི་ཆོག སློབ་གྲྭའི་སྒྲིག་ཁྲིམས་སྒྲིག་ལམ་ནང་ཆོས་ཕྱོགས་ཀྱི་བྱེད་སྒོར་མི་ཞུགས་པའི་ནང་དོན་འཇུག་དགོས། སློབ་མ་རྣམས་ལ་ལྷ་མེད་སྨྲ་བ་དང་ཡང་དག་པའི་“ལྟ་བ་བཞི་”འཛུགས་རྒྱུའི་སློབ་གསོ་དང་སྣེ་འཁྲིད་བྱེད་དགོས།”(༣༦) ཞེས་བཤད་ཡོད།
དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲེན་ཁུའེ་ཡོན་གྱིས།

“སློབ་གྲྭའི་བཤད་སྟེགས་ནི་ང་ཚོས་མི་གསོ་སྐྱོང་བྱེད་ས་ཞིག་ཡིན་པ་ལས་དམངས་གཙོའི་བཤད་སྟེགས་ཤིག་མིན་པས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱིས་འཛིན་དགོས་པ་ལས་ཁ་བྲལ་རིང་ལུགས་པ་དང་ཆོས་ལུགས་སེམས་གཙོ་རིང་ལུགས་ཀྱིས་བཟུང་བའམ་བཤད་སྟེགས་བྱས་ཏེ་མི་དམངས་ཀྱི་བུ་ཕྲུག་ལ་དུག་སྐྱོན་གཏོང་བར་བལྟས་ནས་སྡོད་རྒྱུ་མེད། ད་ལྟ་ས་ཁུལ་དང་རྫོང༌། ཤང་བཅས་ཁག་གཅིག་གིས་རང་ལྗོངས་ཀྱི་སློབ་གྲྭ་འགའ་ཞིག་ནས་ཐོན་པའི་སློབ་མར་བློས་མི་འཁེལ་ཞིང༌། སློབ་གྲྭའི་ནང་དགེ་རྒན་དགོས་མཁོ་ཆེ་རུང་ལྗོངས་ནང་ཁུལ་གྱི་སློབ་གྲྭ་ཐོན་པའི་སློབ་མ་དགེ་རྒན་ལ་བསྡུ་འདོད་བྱེད་ཀྱི་མེད་པ་རེད། དོན་དེར་ང་ཚོས་དོ་སྣང་ཆེན་པོ་བྱེད་དགོས། ་་་ གལ་ཏེ་ཡུན་རིང་འགྱུར་ལྡོག་མ་བཏང་ན་སློབ་གསོ་དེ་འདྲ་མ་གཉེར་ན་ཡག་གི་རེད། ་་་ སློབ་གྲྭའི་བཤད་སྟེགས་དེ་ནང་བཤུག་གཏོང་རྒྱུ་མེད་ལ་ཕྱོགས་གཉིས་ཆ་སྙོམས་སུའང་བགོ་རྒྱུ་མེད། བཤད་སྟེགས་དེའི་ཐོག་ནས་གུང་ཁྲན་ཏང་གིས་ཤོད་པ་དང༌། གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་མཁན་གྱིས་ཀྱང་ཤོད་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་མཁན་གྱིས་ཤོད་པ་དང༌། མི་རིགས་ཁ་བྲལ་ངན་སྐུལ་བྱེད་མཁན་གྱིས་ཀྱང་ཤོད་པ། དེ་འདྲ་བྱས་ན་ག་ནས་འགྲིག སློབ་གྲྭའི་བཤད་སྟེགས་ནང་བཤུག་གཏོང་རྒྱུ་མེད་ལ་ཕྱོགས་གཉིས་ཀར་ཆ་སྙོམས་ལའང་བགོ་རྒྱུ་མེད་པར་སྤྱི་ཚོགས་རིང་ལུགས་གཅིག་པུས་དམ་བཟུང་བྱེད་དགོས། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་དགེ་རྒན་རེ་ཟུང་ངམ་ཆེས་ཉུང་ཤས་ལ་ཏཱ་ལའི་རུ་ཚོགས་དང་ཆོས་ཀྱི་ཤུགས་རྐྱེན་ཟབ་ཙམ་ཐེབས་གཤིས་གལ་ཏེ་དེ་ཚོར་ཚོད་འཛིན་མེད་པར་སློབ་ཁང་ནང་རང་སྣང་གང་དྲན་གྱིས་གནོད་པ་ཡོད་རིགས་ཁྱབ་སྤེལ་བཏང་སྟེ་སློབ་ཕྲུག་ལ་ཤུགས་རྐྱེན་བཟོས་ཚེ་དེ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་མི་ཆོག་པ་ཞིག་རེད། དགེ་རྒན་གྱི་དཔུང་ཁག་ནང་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་”(༣༧)
ཞེས་བཤད་ཡོད། གོང་གསལ་གཏམ་བཤད་ཀྱི་ནང་དོན་ལ་གཞིགས་ན། རྒྱ་ནག་གཞུང་གིས།
  • ༡༽ བོད་ཀྱི་རིག་གཞུང་ནི། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་འགལ་ཞིང་གནོད་ཚབས་ཅན་གྱི་དུག་རྫས་ཤིག་ཏུ་ངོས་འཛིན་བྱེད་པ་དང་།
  • ༢༽ སྲོལ་རྒྱུན་གྱི་འདུ་ཤེས་ཟབ་པའི་བོད་ཀྱི་གྲོང་གསེབ་རྫོང་ཁག་ནས་སློབ་ཐོན་བྱུང་བའི་ཤེས་ལྡན་མི་སྣར་ཡིད་ཆེས་མེད་སྟབས་དགོས་མཁོ་ཆེ་རུང་ལས་ཀ་མི་སྤྲོད་པ།
  • ༣༽ བོད་རིགས་དགེ་རྒན་ཚོས་བོད་ཕྲུག་ཚོར་སློབ་ཁྲིད་གནང་ཞོར་རང་གི་རིག་གཞུང་ངོ་མའི་ནང་དོན་ཕྲན་བུ་བཤད་པ་ཙམ་ལའང་སྡང་ཟུག་དང་དམ་དྲག་ཧ་ཅང་ཆེན་པོ་བྱེད་པ།
  • ༤༽ བོད་ཀྱི་རིག་གཞུང་གི་ཉིང་བཅུད་ནང་པ་སངས་རྒྱས་པའི་ཆོས་དེ། བོད་མི་རྣམས་ཏཱ་ལའི་བླ་མ་མཆོག་ལ་ཕྱོགས་མཁན་ཞིག་དང་། རྒྱ་ནག་གཞུང་དང་སེམས་ཐག་རིང་དུ་འགྲོ་བྱེད་ཅིག་ཏུ་བརྩིས་ཏེ། ཐབས་རྣམ་ཡོད་རྒུས་རྩ་མེད་ནུས་མེད་དུ་གཏོང་ཐབས་བྱེད་པ་མཐོང་ཐུབ།
རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་འགྲོ་སོང་མང་པོ་བཏང་སྟེ། རིག་གནས་ཀྱི་ལས་གཞི་མང་པོ་ཞིག་གཉེར་བ་དང་ཕྱོགས་གཞན་ནས། བོད་ཀྱི་རིག་གཞུང་རྩ་མེད་ནུས་མེད་དུ་གཏོང་བའི་དམིགས་ཡུལ་ངོ་མ་ནི། “འཛུགས་གཏོར་”ཞེས་པའི་ཡིག་འབྲུ་གཉིས་ཀྱིས་འགྲེལ་བཤད་བྱས་ཡོད། དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་རིག་གནས་ཐིང་གི་ཐིང་ཀྲང་གིས་བཤད་དོན་
“ཕྱོགས་གཅིག་ནས་གྲ་རྒྱས་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་དོ་དམ་དམ་འཛིན། གཞན་ཡང་འཛུགས་གཏོར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་སྲོལ་རྒྱུན་རིག་གནས་ལ་“སྙིགས་དོར་བཅུད་ལེན་”གྱི་རྣམ་འགྱུར་འཛིན་ཏེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་འཕེལ་རྒྱས་གཏོང་བ་དང་ཆོས་ལུགས་རིག་གནས་ཀྱིས་མི་རྣམས་ཀྱི་བསམ་པའི་འཚོ་བར་སིམ་འཛུལ་དང་ཤུགས་རྐྱེན་འཐེབ་རྒྱུ་ཆུང་དུ་དང་བཀག་འགོག་བྱེད་པ་དང༌། ཧུར་བརྩོན་ཆེན་པོས་མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་བསྡུ་ལེན་གྱིས་ཤུགས་ཆེའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་འཕེལ་རྒྱས་བཏང་་་དགོས། ་་་ ངེས་པར་དུ་ལོག་སྤྱོད་དང་རུལ་སུངས་ཀྱི་རིག་གནས་ལ་ངོ་རྒོལ་བྱ་དགོས། རང་ལྗོངས་སུ་གནས་པའི་ལོག་སྤྱོད་དང་རུལ་སུངས་ཀྱི་རིག་གནས་ནི་གཙོ་བོ་ཆོས་ལུགས་རིག་གནས་དང་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་“སྙིགས་མ་”རྣམས་ཡིན། ་་་ ལོག་སྤྱོད་དང་རུལ་སུངས་ཀྱི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པའི་དབར་གྱི་འཐབ་རྩོད་ནི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡིན་ཞིང༌། ལོག་སྤྱོད་དང་རུལ་སུངས་ཀྱི་རིག་གནས་རྩ་མེད་མ་བཟོས་ན་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་འཛུགས་དཀའ་བ་དང༌། ཤུགས་ཆེའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་གོང་འཕེལ་བཏང་ན་གཞི་ནས་ལོག་སྤྱོད་དང་རུལ་སུངས་ཀྱི་རིག་གནས་ཁྲོམ་ར་མེད་པ་ཆགས་ཐུབ་གཤིས། འཛུགས་གཏོར་ནི་ཕན་ཚུན་ཟུང་འབྲེལ་གྱི་བརྒྱུད་རིམ་ཞིག་ཡིན་པར་ངོས་འཛིན་ཐུབ་པ་བྱ་དགོས། གཏོར་འཛུགས་གཉིས་ཀྱི་འབྲེལ་བའི་ཁྲོད་གཏོར་བ་ནི་སྔོན་འགྲོ་དང་འཛུགས་རྒྱུ་ནི་དམིགས་ཡུལ་དང་འགག་རྩའང་ཡིན་པས། ང་ཚོས་ངེས་པར་དུ་འཛུགས་རྒྱུ་གཙོ་བཟུང་བྱ་དགོས།” (༣༨)
ཞེས་བཤད་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་རག་སྡིས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཏང་ཨུད་ཀྱི་སྐབས་ལྔ་པའི་འཐུས་མི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག
“རུལ་སུངས་ཀྱི་བྱ་དངོས་ཏེ་བསམ་བློའི་འདུ་ཤེས་སམ་ཡང་ན་རྗེས་ལུས་ཀྱི་སྲོལ་རྒྱུན་གོམས་གཤིས་ཅི་འདྲ་ཞིག་ཡིན་རུང་ཚང་མ་རང་འགུལ་ངང་རྩ་མེད་འགྲོ་མི་ཐུབ་ཅིང༌། ལྷག་པར་དུ་ཏཱ་ལའི་རུ་ཚོགས་ཀྱིས་ཨུ་ཚུགས་ཀྱི་སྒོ་ནས་རུལ་སུངས་ཀྱི་བྱ་དངོས་དེ་དག་སྤྱད་དེ་ང་ཚོར་ཚུར་རྒོལ་བྱེད་པའི་སྐབས་དེ་བས་རང་འགུལ་ངང་རྩ་མེད་དུ་འགྲོ་མི་ཐུབ། ང་ཚོས་ངེས་པར་དུ་རུལ་སུངས་དང་ལོག་སྤྱོད་ཀྱི་རིག་གནས་རྣམས་གཙང་སེལ་བྱེད་དགོས། དེ་ལས་ལྡོག་ན་ཚད་མཐོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ཟེར་བ་གླེང་ཐབས་བྲལ།”(༣༩)
ཞེས་བཤད་ཡོད། གོང་གསལ་རྒྱ་ནག་གཞུང་གི་གནད་ཡོད་ལས་བྱེད་གཉིས་ཀྱི་གཏམ་བཤད་ཐོག་ནས། ང་ཚོས་མཐོང་ཐུབ་པ་ཞིག་ནི། བོད་ཀྱི་རྩ་ཆེའི་རིག་གཞུང་གི་ཆ་ལག་རྣམས་ལ་རྒྱ་ནག་གཞུང་གིས་“རུལ་སུངས་”དང་“ལོག་སྤྱོད་ཀྱི་རིག་གནས་”ཞེས་པའི་ཉེས་མིང་ཧ་ཅང་ཆེན་པོ་ཞིག་བཏགས་ཏེ་རྩ་མེད་གཏོང་གི་ཡོད་ཀྱང་། ཕྱི་ཚུལ་དུ་བོད་ཀྱི་རིག་གཞུང་གི་ཆ་ཡོངས་རྫོགས་ལ་གཟས་པ་མ་ཡིན་པར་ཆ་ཤས་ཤིག་ལ་གཟས་ཁུལ་བྱེད་ཅིང་། ཡང་སྙིང་ཆ་ཤས་གང་ཞིག་“རུལ་སུངས་”དང་“ལོག་སྤྱོད་”ཡིན་མིན་ཞིབ་ཆ་གང་ཡང་བྱས་མེད་ལ། “རུལ་སུངས་”དང་“ལོག་སྤྱོད་”ཀྱི་རིག་གནས་ཡིན་པར་སྒྲུབ་བྱེད་རྒྱུ་མཚན་ཡང་གསལ་པོ་བགྲང་མེད། ཁོང་ཚོས་བཤད་པའི་རྒྱུ་མཚན་ནི་མཐར་གཏུགས་ན། “ཚད་མཐོའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ཟེར་བ་གླེང་ཐབས་བྲལ༌”ཞེས་པ་དང་། “ཏཱ་ལའི་རུ་ཚོགས་ཀྱིས་ཨུ་ཚུགས་ཀྱི་སྒོ་ནས་རུལ་སུངས་ཀྱི་བྱ་དངོས་དེ་དག་སྤྱད་དེ་ང་ཚོར་ཚུར་རྒོལ་བྱེད” “ལོག་སྤྱོད་དང་རུལ་སུངས་ཀྱི་རིག་གནས་རྩ་མེད་མ་བཟོས་ན་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གསར་པ་འཛུགས་དཀའ་”ཞེས་བོད་ཀྱི་རིག་གཞུང་ལ་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་རེ་བཙན་ཤེད་ཀྱིས་གཡོགས་ཡོང་བ་ལས། ཡང་སྙིང་ཚུལ་ཇི་ལྟར་རུལ་སུངས་དང་ལོག་སྤྱོད་ཡིན་ཚུལ་བཤད་མེད་ལ་བཤད་ཐུབ་པ་ཞིག་ཀྱང་མ་རེད།

སྙིང་པོ་དྲིལ་ན། གོང་གསལ་གྱི་གཏམ་བཤད་ཐོག་ནས། བོད་ཀྱི་རིག་གཞུང་གི་སྙིང་པོ་ནང་པ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་མཚོན་ཚུལ་ཡོངས་རྫོགས་དང༌། སྲོལ་རྒྱུན་གྱི་བསམ་བློ་རྣམས་ལ་ལོག་སྤྱོད་དང་རུལ་སུངས་ཞེས་པའི་མིང་བཏགས་ཏེ་རྩ་མེད་བཟོས་རྗེས་རྒྱ་ནག་གི་རིག་གཞུང་དང་རྒྱ་ནག་ལ་དགའ་ཞེན་བྱེད་དགོས་པའི་རིག་གཞུང་གི་མ་ལག་གཅིག་གསར་འཛུགས་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་གསལ་པོ་མཚོན་ཡོད་ལ། དོན་དུའང་བོད་ནང་ད་ལྟ་འགྲོ་གྲོན་ཕངས་མེད་བཏང་སྟེ་ཚགས་པར་དང་བརྙན་འཕྲིན། དུས་དེབ། རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་གང་དང་གང་ཞིག་གཉེར་ཡང་དམིགས་ཡུལ་འདི་ག་རང་གི་ཆེད་དུ་ཡིན་པ་གསལ་པོར་གྱུར།

ད་དུང་རྒྱ་གཞུང་ལ་བཤད་སྟངས་གཞན་ཞིག་ཡོད་པ་ནི། རིག་གཞུང་ལ་“རྗེས་ལུས་”དང་“སྔོན་ཐོན་”གཉིས་སུ་དབྱེ་སྟེ། “སྔོན་ཐོན་”གྱི་ཆེད་དུ་“རྗེས་ལུས་”དོར་དགོས་པར་ནན་བཤད་བྱེད་པ་དེ་རེད། དེ་ཡང་རྒྱ་གཞུང་གིས་གཏན་ལ་ཕབ་པའི་ཡིག་ཆ་རང་གི་ནང་དུ།

“གཞི་རིམ་རིག་གནས་ཀྱི་ལས་དོན་དེ་མ་ལེ་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་བྱེད་པ་དང་ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་དོན་གྱིས་གཅིག་གྱུར་བཀོད་འདོམས་འོག་སྔོན་ཐོན་རིག་གནས་འཛུགས་སྐྱོང་དང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་ཐོག་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུགས་ཆེར་དར་སྤེལ་དང༌། རྗེས་ལུས་ཀྱི་རིག་གནས་དོར་བ་དང་རུལ་སུང་གི་(སུངས་ཀྱི་)རིག་གནས་ལ་བཀག་འགོག་བྱེད་དགོས།”(༤༠)

ཞེས་བཀོད་ཡོད། ཁོང་ཚོས་བཤད་པའི་“སྔོན་ཐོན་རིག་གནས་”ཞེས་པ་ནི་རྒྱ་ནག་གི་རིག་གཞུང་ལ་ཟེར་ཞིང༌། “རྗེས་ལུས་”དང་“རུལ་སུངས་”གི་མིང་གིས་བསྙད་དེ་བཀག་འགོག་བྱེད་དགོས་པར་བཤད་པ་ནི། དོན་དུ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློའི་ཉིང་བཅུད་ཁག་ལ་ཟེར་བ་རེད། འོན་ཀྱང་འདིར་ཡང་སྔོན་ཐོན་ཡིན་པར་སྨྲས་པ་དེ་ཇི་ལྟར་སྔོན་ཐོན་ཡིན་པ་དང་། རྗེས་ལུས་ཡིན་པར་བསྒྲགས་པ་དེ་ཇི་ལྟར་རྗེས་ལུས་ཡིན་པའི་སྒྲུབ་བྱེད་རྒྱུ་མཚན་ཅི་ཡང་བཤད་མེད།

ཀློག་པ་པོ་ཚོས། གོང་དུ་རྒྱ་ནག་གཞུང་གིས་རིག་གཞུང་ལ་སྔོན་ཐོན་དང་རྗེས་ལུས་སུ་བཤད་པ་དང་། ཚད་མཐོ་བའི་རིག་གནས་དང་རུལ་སུངས་ལོག་སྤྱོད་ཀྱི་རིག་གནས་ཞེས་བཤད་པ་བདེན་ཡང་། དེའི་ཁོངས་ བོད་ཀྱི་སྐད་ཡིག་དྲངས་མི་འདུག་པས་འབྲེལ་བ་མི་འདུག་དྲན་སྲིད་པ་རེད། གནད་འགག་ནི། གཅིག་ནས་རྒྱ་ནག་གཞུང་གིས་རྩ་གཏོར་གཏོང་འདོད་ཀྱི་རིག་གཞུང་དེ། བོད་ཀྱི་རིག་གཞུང་སྤྱིའི་སྒྲོམ་གཞི་དང་གཙོ་གནད་དེ་རེད་མ་གཏོགས། དེའི་ཆ་ཤས་ཆུང་ངུ་ཞིག་རྩ་བ་ནས་མིན་པ་ཧ་ཅང་གསལ་པོ་རེད། དེར་བརྟེན། ཁོང་ཚོས་འདོད་པའི་“འཛུགས་གཏོར་ཟུང་འབྲེལ་”དེ་མངོན་འགྱུར་བྱ་དགོས་ཚེ། བོད་ཀྱི་སྐད་ཡིག་རྩ་མེད་དང་ནུས་མེད་དུ་མ་བཏང་བར་སྒྲུབ་ཐབས་མེད་པ་གསལ་པོ་ཤེས་ཀྱི་ཡོད། གཉིས་ནས། བོད་ཀྱི་སྐད་ཡིག་བྱུང་འཕེལ་གྱི་ལོ་རྒྱུས་དང་། དེའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཀྱི་རྣམ་གཞག་གང་ལ་བལྟས་ནའང་། སྔོན་བྱོན་ཆོས་རྒྱལ་དང་ལོ་པཎ་གྱི་མཛད་རྗེས་དང་། དཀོན་མཆོག་གསུམ་གྱི་ཆེ་བ། བླ་སློབ་ཀྱི་དམ་ཚིག་སོགས་དང་ཁ་བྲལ་ཐབས་མེད་ལ། ཇི་ཙམ་གྱིས་བོད་ཡིག་ལ་སྦྱངས་པ་ཆེ་བ་དེ་ཙམ་གྱིས་བོད་མི་རིགས་དང་དེའི་རིག་གཞུང་གི་ཆེ་བ་དང་ཡོན་ཏན་ཤེས་ཐོག རྣམ་དཔྱོད་ཀྱི་རྩལ་རྒྱས་ནས་གཞན་ཟེར་རྗེས་འབྲང་མི་བྱེད་པ་དེ་ཡང་རྒྱ་གཞུང་གིས་གསལ་པོ་ཤེས་ཡོད་པ་རེད། དེར་བརྟེན། བོད་ཀྱི་སྐད་ཡིག་ནི་རྒྱ་ནག་གཞུང་གིས་རྩ་མེད་ནུས་མེད་དུ་གཏོང་འདོད་པའི་ཁོངས་ནས་ཨང་དང་པོའི་ཁོངས་ཡིན་པ་མ་གཏོགས་ཐ་མའི་གྲས་མིན་པ་གསལ་བར་གྱུར་རོ།།
གཞན་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་རག་སྡིས་ཀྱིས།

“ལྗོངས་ནང་ཁུལ་གྱི་སློབ་གྲྭ་བའི་ནང་སྐེ་རས་དམར་པོ་བཏགས་ཏེ་དགོན་སྡེ་ཁག་ནང་མཆོད་ཐིགས་རྒྱག་པར་འགྲོ་མཁན་ཡོད་པ་མ་ཟད། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་དྲིལ་བསྒྲགས་ཀྱི་མགོ་སྐོར་འོག་ཚུད་དེ་ཁ་ཕྲལ་གྱི་བྱེད་སྤྱོད་ལ་སྙིང་རྗེ་དང་ཐེ་ཞུགས་བྱེད་མཁན་ཡང་ཡོད། ལོ་ངོ་བཅུ་ཕྲག་ཁ་ཤས་སོང་རྗེས་ཁ་བྲལ་རིང་ལུགས་པའི་སྟོབས་ཤུགས་ཉམས་ཞན་དུ་འགྲོ་དང་ཡང་ན་རྒྱ་སྐྱེད་དུ་འགྲོ། དེ་བཞིན་རང་རེའི་གཞོན་ནུ་ལོ་ཆུང་ཁག་གཅིག་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པར་གྱུར་དང་ཡང་ན་ཁ་ཕྲལ་རིང་ལུགས་སྟོབས་ཤུགས་ཀྱི་ཤུལ་འཛིན་པར་གྱུར་མིན་དེ་ནི་ང་ཚོས་བསམ་བློ་ཟབ་མོ་གཏོང་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། བོད་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་ཤུལ་རྒྱུན་འཛིན་མཁན་ཡོད་པ་བྱེད་དགོས་ན་ང་ཚོས་ངེས་པར་དུ་གཞོན་ནུ་ལོ་ཆུང་གི་མི་རབས་དེར་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་དགོས་ཤིང༌། ་་་ སྤྱི་ཚོགས་ཡོངས་ཀྱིས་ལས་དོན་དེར་མཐོང་ཆེན་བྱས་ནས་གཞོན་ནུ་ལོ་ཆུང་རྣམས་འཚར་ལོངས་ཡོང་བའི་ཕྱི་རོལ་གྱི་ཁོར་ཡུག་ཟམ་མི་ཆད་པར་གཙང་མ་ཡོང་བ་བྱེད་དགོས།”(༤༡)ཞེས་དང་།
བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཁྲེན་ཁུའེ་ཡོན་གྱི་གཏམ་བཤད་ནང༌།
“ང་ཚོའི་སློབ་གསོར་གྲུབ་འབྲས་ཐོབ་མིན་དེ་སློབ་གྲྭ་ཆེ་མོ་དང༌། ཆེད་ལས་སློབ་ཆེ། འབྲིང་རིམ་ཆེད་སློབ། སློབ་འབྲིང་བཅས་ཀྱི་སྔོན་ཐོན་ལག་འཁྱེར་ག་ཚོད་སྤྲད་ཡོད་མེད་དེ་མིན། མཐར་ཐུག་ནས་བཤད་ན་སློབ་ཐོན་སློབ་མ་དེ་ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་བྱེད་མཁན་དང་ཏཱ་ལའི་རུ་ཚོགས་ལ་སེམས་པ་ཕྱོགས་མཁན་ཡིན་པ། རླབས་ཆེན་གྱི་མེས་རྒྱལ་དང་རླབས་ཆེན་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་བསམ་པ་རྣམ་དག་བྱེད་མཁན་ཡིན་མིན་ལ་བལྟ་དགོས། དེ་ནི་ང་ཚོའི་སློབ་གསོའི་ལས་དོན་ལ་བྱས་རྗེས་དང་ནོར་འཁྲུལ་ཇི་བྱུང་བསྡུར་བ་བྱེད་པའི་མངོན་གསལ་དོད་ཤོས་དང་གལ་ཆེ་ཤོས་ཀྱི་ཚད་གཞི་ཞིག་ཡིན་”(༤༢)
ཞེས་བཤད་པ་འདི་ཚོར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ལ་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་ཞིག་ཇི་ལྟར་གཡོག་གི་ཡོད་པ་དང་། སློབ་གྲྭ་ཁག་གི་སྒྲུབ་བྱ་གཙོ་བོ་དེ་མི་རིགས་ཀྱི་རིག་གནས་དང་ཤེས་ཡོན་ཡིན་མིན་སོགས་གནད་འགག་མང་པོ་གསལ་བར་མཐོང་ནུས་པས་ཞོར་དུ་དྲངས་སོ།། །།

མཆན།
  • (༣༦) ལྗོངས་ཡོངས་ཀྱི་ས་ ཁུལ་དང་གྲོང་ཁྱེར་ཁག་གི་སློབ་གསོ་ལུས་ཨུད་ཀྱི་ཀྲུའུ་རེན་ཚོགས་འདུའི་ཐོག་གི་ གཏམ་བཤད། གནད་བསྡུས། ཀྲང་རུང་ཡང༌། བོད་ལྗོངས་སློབ་གསོ། ༢༠༠༠ ལོའི་དུས་དེབ་བཞི་པ། ཤོག་ངོས་ ༤ པར་གསལ།
  • (༣༧) ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་གཏམ་བཤད། ཁྲེན་ཁུའེ་ཡོན། བོད་ལྗོངས་སློབ་གསོ། ཆེད་བསྒྲིགས་དུས་དེབ་འཕར་མ། ཤོག་ངོས་ ༨ པར་གསལ།
  • (༣༨) གོ་སྐབས་དམ་འཛིན་དང་གསར་གཏོད་ཡར་བརྩོན་གྱིས་རང་ལྗོངས་ཀྱི་ རིག་གནས་བྱ་གཞག་གྲ་རྒྱས་གོང་འཕེལ་གཏོང་དགོས། ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་བཤད་སྒྲུབ་རྣམ་རྒྱལ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༩༨ ལོའི་དུས་དེབ་དང་པོ། ཤོག་ངོས་ ༢༠ ་་་ ༢༡ བར་གསལ།
  • (༣༩) གོ་སྐབས་དམ་འཛིན་དང་གསར་གཏོད་ཡར་བརྩོན་གྱིས་རང་ལྗོངས་ཀྱི་རིག་གནས་བྱ་གཞག་གྲ་རྒྱས་གོང་འཕེལ་གཏོང་དགོས། ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་བཤད་སྒྲུབ་རྣམ་རྒྱལ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༩༨ ལོའི་དུས་དེབ་དང་པོ། ཤོག་ངོས་ ༢༡ པར་ལུང་དྲངས་པ་ལས་འདིར་དྲངས།
  • (༤༠) གོ་སྐབས་དམ་འཛིན་དང་གསར་གཏོད་ཡར་བརྩོན་གྱིས་རང་ལྗོངས་ཀྱི་རིག་གནས་བྱ་གཞག་གྲ་རྒྱས་གོང་འཕེལ་གཏོང་དགོས། ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་བཤད་སྒྲུབ་རྣམ་རྒྱལ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༩༨ ལོའི་དུས་དེབ་དང་པོ། ཤོག་ངོས་ ༢༡ པར་ལུང་དྲངས་པ་ལས་འདིར་དྲངས།
  • (༤༡) བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་དེ་གོ་སྐབས་བཟང་པོར་བརྩིས་ནས་བོད་ ཀྱི་ལས་ཀའི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གཏོད་དགོས། རག་སྡིས། ༡༩༩༤ ཟླ་ ༩ ཚེས་ ༥ ཉིན། སྐབས་དྲུག་པའི་རྒྱུན་ཨུད་ཚོགས་འདུ་ཐེངས་བདུན་པའི་ཡིག་ཆ་ཨང་ལྔ་པ། ཤོག་ངོས་ ༣༨ ་་་ ༣༩ བར་གསལ།
  • (༤༢) ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་གཏམ་བཤད། ༡༩༩༤།༡༠།༢༦ ཁྲེན་ཁུའེ་ཡོན། བོད་ལྗོངས་སློབ་གསོ། ༡༩༩༥ ལོའི་དུས་དེབ་དང་པོ། ཤོག་ངོས་ ༥ པར་གསལ།

2 comments:

  1. རིན་ཆེན་དབང་རྒྱལ།January 10, 2011 at 11:53 AM

    རྒན་ཆུང་ཚེ་རིང་ལགས།
    སྐད་ཡིག་སྐོར་གྱི་དྲི་བ་ཞིག་དྲིས་ན་འགྲིག་གམ།

    ReplyDelete
  2. ཕྲན་པ་ཉེ་ལམ་ཝ་རཱ་ཎ་སི་དང་རྡོ་རྗེ་གདན་དུ་བསྐྱོད་སྟབས། སྐབས་ཐོག་ལན་འབུལ་ཐུབ་མ་སོང་། དྲི་བ་ག་རེ་ཡོད་ནའང་དྲིས་གནང་རོགས། གུས་པས་ཤེས་ན་ལན་ཕུལ་ཆོག

    ReplyDelete