2011-11-11

བསམ་ཚུལ་གསར་པ་འདེབས་པ།

༅༅།། བསམ་ཚུལ་ནི་གཟུགས་མེད་ཅིག་ཡིན་པས། དེ་བཏབ་སྟེ་གསོ་སྐྱོང་བྱེད་རྒྱུ་མེད་པར་ཁྱེད་ཀྱིས་ཡིད་ཆེས་ཀྱི་ཡོད་སྲིད། འོན་ཀྱང་ང་ཚོས་སྐྱེ་དངོས་གང་ཞིག་བཏབ་པ་རྣམས་དོན་དུ་སྐྱེ་དངོས་དེ་ལས་འབྲས་བུ་ཞིག་འབྱུང་བར་རེ་བའི་བསམ་པ་ཞིག་སྔོན་དུ་བཏང་ནས་བཏབ་པ་ཡིན་པས། བསམ་ཚུལ་བཏབ་པ་དང་འདྲ། ད་ལྟ་གསར་བཏོད་པ་ཚོས་བསམ་ཚུལ་གསར་པ་འགའ་ཞིག་འདེབས་བཞིན་ཡོད་ལ། དེས་འགྲོ་བ་མིའི་དཀའ་ངལ་ཆེན་པོ་འགའ་ཞིག་སེལ་ཐུབ་སྲིད། ཡིད་མ་ཆེས་མུ་མཐུད་བཀླག་པར་མཛོད།

མུ་གེ་དང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐུབ་པ།

ས་ཆ་མི་དགོས་པར་སྐྱེ་དངོས་འདེབས་ལས་བྱེད་པ་ཞིག་ཁྱེད་ཀྱི་བློ་ལ་འཆར་ཐུབ་པ་འདུག་གམ། ཧ་ལམ་འབྱུང་མི་སྲིད་པ་ལྟ་བུའི་ཐབས་ཤེས་འདི་ཐོག་མར་ཉི་ཧོང་གི་ནང་དུ་གསར་བཏོད་བྱས་པ་རེད། དེ་ཡང་ཉི་ཧོང་དུ་ཚན་རིག་པ་ཚོས་སྔོ་ཚོད་ཀྱི་རིགས་གསོ་སྐྱོང་མྱུར་པོར་བྱེད་པའི་ཐབས་ལམ་འཚོལ་ཆེད་དུ། རླུང་དང༌། འོད། ཚ་གྲང་བཅས་ཚོད་འཛིན་བྱེད་རྒྱུ་ཡོད་པའི་ཁང་པའི་ནང་དུ། སྐྱེ་དངོས་ཀྱི་རྩ་བའི་ཐོག་ཏུ་འཚོ་བཅུད་(nutrients)གཏོར་གྱི་ཡོད། འཚོ་བཅུད་དེ་ཚོས་སྐྱེ་དངོས་མྱུར་དུ་སྐྱེ་བར་རོགས་ཕན་བྱེད་ཀྱི་ཡོད། དེ་ལྟར་བྱས་ཏེ་སའི་ཐོག་ལ་སྐྱེ་བར་ཉིན་གྲངས་ ༩༠ འགོར་ངེས་ཀྱི་པད་ཚལ་རྣམས། ཐབས་ཤེས་གསར་པ་འདི་བརྒྱུད་ན། ཉིན་གྲངས་༣༠ ནང་ཡོངས་སུ་རྫོགས་པ་སྐྱེ་ཐུབ་ངེས་ཡིན། དེར་བརྟེན་མུ་གེ་མང་བ་དང་ཐོན་ཁུངས་དཀོན་པའི་ས་ཁུལ་དུ། འབྱུང་འགྱུར་ཐབས་ལམ་འདི་བེད་སྤྱོད་བྱས་ཚེ། མུ་གེའི་འཇིགས་པ་ལས་སྐྱོབས་ཐུབ་པའི་རེ་བ་ཆེན་པོ་ཡོད། 

ཚན་རིག་པས་ས་མི་དགོས་པར་སྔོ་ཚོད་འདེབས་གསོ་བྱེད་བཞིན་པ།

ཡང༌། ཁྱེད་ཀྱིས་སྐྱེ་དངོས་ཀྱི་སྤུས་ཚད་སྔར་ལྷག་ཡར་རྒྱས་གཏོང་ཐུབ་ཀྱི་རེད་བསམ་གྱི་འདུག་གམ། གལ་ཏེ་ཁྱེད་རང་གིས་ཡར་རྒྱས་གཏོང་ཐུབ་ཀྱི་རེད་སྙམ་ན་འགྲིག་པ་རེད། དེ་ཡང་དེང་སྐབས་ཚན་རིག་པ་ཚོས་སྐྱེ་དངོས་ཀྱི་ཕྲ་ཕུང་ནང་ནས་རིགས་རྒྱུན་གྱི་རྫས་སྣ་སྦྱོར་སྡེབ་བྱས་ཏེ། འཛམ་གླིང་ཐོག་དགོས་གལ་ཆེ་བའི་སྐྱེ་དངོས་ཁག་ཅིག་གི་ཞན་ཆ་སེལ་ཐབས་བྱེད་ཀྱི་ཡོད། དེ་ནི་སྐྱེ་དངོས་གཞན་ཞིག་གི་ནང་དུ་ཡོད་པའི་ཕན་ཆ་ཅན་གྱི་རིགས་རྒྱུན་རྫས་སྣ་ཞིག་སྐྱེ་དངོས་གཞན་ཞིག་ལ་སྤོ་འཛུགས་བྱེད་པར་ཟེར་བ་རེད། དེ་ལྟར་བྱས་པའི་སྐྱེ་དངོས་དེ་གཟུགས་དབྱིབས་སྔར་དང་གཅིག་མཚུངས་ཡིན་ནའང༌། དེ་ལ་དམིགས་བསལ་གྱི་ཁྱད་ཆོས་བཟང་པོ་གསར་དུ་འཛོམས་ཡོད། དཔེར་ན། གྲོའི་ཉེ་འཁོར་དུ་སྐྱེས་པའི་རྩྭ་ངན་རྣམས་མེད་པ་བཟོ་ཆེད་དུ་གྲོ་དང་བཅས་པ་ལ་རྫས་སྣ་གཏོར་ན་ཡང༌། གྲོ་ལ་སྐྱོན་ཅི་ཡང་འབྱུང་གི་མེད་པ་དང༌། བླ་མ་མན་ཐང་ངམ། དེང་སྐབས་ཀྲོ་མ་ཀྲུ་རུ་གྲགས་པ་དེ། འཁྲི་ཤིང་གི་ཐོག་ཏུ་སྨིན་དུ་བཅུག་ཚེ། མ་བཀོག་པའི་གོང་དུ་རུལ་གྱི་མེད་པ་དང༌། དེ་བཞིན་ཞོག་ཁོག་ལས་དུག་ཅིག་ཐོན་ཏེ་ཉེ་འཁོར་གྱི་འབུ་ངན་གསོད་ཀྱང༌། མི་ལ་གནོད་སྐྱོན་གང་ཡང་མི་འབྱུང་བ་ལྟ་བུ་ཡིན། དེར་བརྟེན་འབྱུང་འགྱུར་ཞིང་པ་ཚོས་ཡུལ་གང་འདྲ་ཞིག་གི་སྟེང་དང༌། གནམ་གཤིས་གང་འདྲ་ཞིག་གི་འོག་ཏུའང་འཕྲོད་བསྟེན་ལ་ཕན་འབྲས་ཆེ་བའི་ལོ་ཏོག་དང༌། ཚལ་རིགས། ཤིང་ཏོག་བཅས་འདེབས་གསོ་ཐུབ་པ་འབྱུང་སྲིད་པ་རེད།

ནད་བཅོས་སྲོག་སྐྱོབས་ལ་ཕན་པ།

ཚད་པ་དང༌། ཟུག་གཟེར། སྐྲང་འབུར་བཅས་འཇོམ་བྱེད་ཀྱི་སྨན་ ཨ་སེ་ཕི་རིན་ (Aspirin)ཟེར་བ་དེའི་གྲུབ་ཆའི་
སྨན་ཨ་སེ་ཕི་རིན།
རྫས་སྣ་གཅིག་ཤིང་ལྕང་མའི་ཤུན་པགས་ལས་འབྱུང་གི་ཡོད། དེ་ཡང་མི་ཚོས་ཚད་པ་དང༌། མགོ་གཟེར་བཅོས་བྱེད་དུ་དུས་རབས་མང་པོའི་རིང་ལྕང་མའི་ཤུན་པགས་བེད་སྤྱོད་བྱེད་མྱོང་ཡོད། དེང་སྐབས་གཟི་སྨན་(Drug)མང་པོ་ཞིག་ཚན་རིག་ཚོད་ལྟ་ཁང་གིས་བཟོ་ཡི་ཡོད་ཀྱང༌། མང་པོ་ཞིག་སྐྱེ་དངོས་ཀྱི་སྟེང་ནས་རྙེད་པའི་རང་བྱུང་གི་རྒྱུ་ཆ་རྣམས་གཞི་རྩར་བཟུང་བ་རྐྱང་ཡིན།

དེར་བརྟེན། སྐྱེ་དངོས་ནི་མ་འོངས་པར་གལ་ཆེའི་སྨན་རིགས་གསར་བཏོད་བྱེད་པའི་ལྡེའུ་མིག་ལྟ་བུ་ཡིན་མོད། འོན་ཀྱང༌། ད་ལྟའི་ཆར་ཉམས་ཞིབ་པ་ཚོས། འཛམ་གླིང་གི་མེ་ཏོག་ལྡན་པའི་སྐྱེ་དངོས་ཀྱི་རྣམ་གྲངས་ཁོངས་ནས། བརྒྱ་ཆ་བཅུ་ལས་ཉུང་བ་ཞིག་ལ་མ་གཏོགས་བརྟག་ཞིབ་བྱེད་ཐུབ་མེད། ཨ་རིའི་བྱང་ཕྱོགས་ཞི་བདེ་རྒྱ་མཚོའི་ཉེ་འགྲམ་གྱི་གཞུ་ཤིང་ (Pacific yew tree) ནི། འབྱུང་འགྱུར་ཕན་ཐོགས་ངེས་ཅན་འབྱུང་བར་ངེས་པའི་སྐྱེ་དངོས་ཤིག་ཡིན། དེ་ཡང་གཞུ་ཤིང་གི་པགས་པའི་ནང་དུ་ ཊེ་སོལ་(Taxol) ཞེས་པའི་རྫས་ཤིག་ཡོད་པ་དེ། སྐྲན་ནད་བཅོས་བྱེད་ཀྱི་སྨན་དུ་བེད་སྤྱོད་བྱེད་ཆེད་ཚན་རིག་པས་ཚོད་ལྟ་བྱེད་བཞིན་ཡོད།
ཞི་བདེ་རྒྱ་མཚོའི་ཉེ་འགྲམ་གྱི་གཞུ་ཤིང་།

བརྟག་ཞིབ་བྱེད་རྒྱུ་ཡིན་པའི་སྐྱེ་དངོས་མང་ཆེ་བ་ཚ་ཡུལ་གྱི་ཆར་ཞོད་ཆེ་བའི་ནགས་ཚལ་(Tropical rain forests)ཁག་གི་ནང་སྐྱེས་ཡོད་སྟབས། ཚན་རིག་པ་དང༌། སྨན་པ་ཁག་ཅིག་གིས་ཁུལ་དེར་གནས་སྡོད་བྱེད་མཁན་གྱི་མི་ལ་འདྲི་བརྩད་བྱས་ཏེ། ཁོང་ཚོས་སྔོ་སྨན་གྱིས་ནད་ཇི་ལྟར་བཅོས་པའི་ཚུལ་ཤེས་རྟོགས་ཡོང་བའི་རེ་བ་བྱེད་བཞིན་ཡོད།

ཁོར་ཡུག་སྲུང་སྐྱོབས་ལ་ཕན་པ།

ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་སྐྱེ་དངོས་རྣམས་ལམ་གསར་པ་ཞིག་གི་ཐོག་བེད་སྤྱོད་བྱེད་ཐུབ་བམ། ཐུབ་དང་ཐུབ།

སྐྱེ་འཚར་མྱུར་བའི་ཤིང་ཀེ་ནབ།
ཁྱེད་རང་གིས་ཉིན་ལྟར་འགྱིག་ཤོག་ཕྱི་ལ་གཡུག་པའི་ཚུལ་ལ་བསམ་བློ་ཞིག་ཐོངས་དང༌། འགྱིག་ཤོག་ནི་བཟོ་བདེ་སྤྱོད་བདེ་ཞིག་ཡིན་ཡང༌། དེ་བསྐྱར་བཟོ་(recycle)བྱ་རྒྱུ་དང༌། ངོ་བོ་བསྒྱུར་བ། མེད་པར་བཟོ་རྒྱུ་བཅས་ནི་ཧ་ཅང་གི་ཁག་པོ་ཞིག་ཡིན་པས། ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཡིན། དེར་བརྟེན་ཚན་རིག་པ་ཚོས་སྐྱེ་དངོས་ཀྱི་རིགས་རྫས་སྤོ་འཛུགས་བྱས་ཏེ། འགྱིག་ཤོག་གི་ཚབ་ཅིག་བཟོ་བྱེད་དུ། སྐྱེ་དངོས་གསར་པ་ཞིག་བཟོ་བཞིན་ཡོད། སྐྱེ་དངོས་འདིས་བཟོས་པའི་ཁུག་མ་རྣམས་ལ་ཚི་སྣ་ཡོད་པར་མ་ཟད། ཤེལ་ལྟར་མཁྲེགས་པོ་ཡོད་པ་དང༌། འགྱིག་ཤོག་ལྟར་ཆུ་འགོག་ཐུབ་ཀྱི་ཡོད། དེ་ཙམ་མ་ཟད་ཁུག་མ་འདིའི་རིགས་བསྐྱར་བཟོ་བྱ་རྒྱུར་དཀའ་ངལ་མེད་སྟབས། ཁོར་ཡུག་ལ་སྐྱོན་ཡོང་གི་མེད།
ཡང་ཐབས་ལམ་གཞན་ཞིག་ནི། དེང་སྐབས་ང་ཚོས་བེད་སྤྱོད་བྱེད་བཞིན་པའི་ཤོག་བུ་རྣམས་ཕལ་ཆེ་བ་ཤིང་སྡོང་ལས་བཟོས་པ་ཡིན་སྟབས། ཤོག་བུ་འགྲོ་རྒྱུག་ཇི་ཙམ་གྱིས་ཆེ་ན་ཤིང་ནགས་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡང་དེ་ཙམ་གྱིས་ཆེ་བ་ཡོད། དེར་བརྟེན་ཤོག་བུའི་རྒྱུ་ཆ་གསར་པ་ཞིག་འཚོལ་ཐུབ་ན་གང་འདྲ་འདུག གསར་གཏོད་པ་ཚོས་སྐྱེ་དངོས་ཀེ་ནབ་(Kenaf)ཞེས་པ་དེ། ཤོག་བུའི་རྒྱུ་ཆར་བེད་སྤྱོད་གསར་དུ་བྱེད་ཀྱི་ཡོད། ཀེ་ནབ་ཞེས་པའི་སྐྱེ་དངོས་དེ་ཚ་ཡུལ་དུ་སྐྱེ་ཡི་ཡོད་ཅིང༌། དེར་ཚི་སྣ་ལེགས་པོ་ཡོད་སྟབས་ཤོག་བུ་བཟོ་བར་འཚམས་པོ་ཡོད། ལྷག་པར་སྐྱེ་དངོས་འདི་འཚར་ཚད་མྱུར་པོ་ཡིན་པའི་ཐོག ཤིང་སྡོང་གི་རིགས་སྐྱེ་འཕེལ་བྱེད་མི་ཐུབ་པའི་ས་གནས་མང་པོར་ཡང༌། སྐྱེ་དངོས་འདི་སྐྱེ་འཕེལ་བྱེད་ཐུབ་པས། ཚན་རིག་པ་ཚོས་སྐྱེ་དངོས་འདིས་ཤིང་སྡོང་མང་པོ་སྐྱོབས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།

མཐའ་མཇུག་ཁྱེད་རང་གིས་འགྲོ་བ་མིའི་རིགས་ལ་འཕྲད་བཞིན་པའི་དཀའ་ངལ་གང་ཞིག སྐྱེ་དངོས་ཀྱིས་སེལ་ཐུབ་པ་དེ་འདྲ་གཞན་གང་དང་གང་ཡོད་པའི་ཐོག་ལ་བསམ་གཞིགས་གནང་རོགས།། །།

5 comments:

  1. གྲོགས་པོས་Twitterཐོག་ཟིན་བྲིས་བསྩལ་བའི་བཀའ་ལན་དུ།

    ཉིན་ཞག་མང་པོ་བར་ནས་བར་མཐུད་དེ།
    སུན་གཙེར་མང་པོ་རིམ་ནས་རིམ་བརྒྱུད་མཐར།
    ཕྱོགས་མཐོན་ལག་འཁྱེར་ཐོབ་པའི་དུས་ཙ་ན།
    ཡུན་ཐུང་སྐར་མ་འགའ་ཙམ་བདེའོ་སྙམ།
    དཀའ་སྤྱད་འབྲས་བུའི་ནོར་གྲོན་ཕང་མེད་བཏང་།
    ཆ་མེད་ཡུལ་དུ་རྒྱུས་མེད་གྲོགས་དང་སྡེབས།
    གཡང་གཟར་ལམ་འཕྲང་བགྲོད་ལ་བག་མི་ཚ།
    ལུས་ཀྱི་ངལ་བ་དང་བས་འཁུར་དུ་བླངས།
    བརྒྱ་བཤད་སྟོང་ལ་བསྒྲིལ་ན་ཚིག་གཅིག་སྟེ།
    ༸སྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཐོས་ཙམ།
    འབྱུང་ལ་རེ་བའི་སྐལ་བཟང་དགའ་སྟོན་ལ།
    ཁྲི་ཁྲི་འབུམ་འབུམ་བློ་སེམས་གཅིག་ཏུ་གཏད།
    རང་རང་ཡུལ་གྱི་གོམས་པའི་གཤིས་ཉིད་ལས།
    སྤྱན་ལམ་མཛེས་དང་མི་མཛེས་ཅི་ཡང་སྣང་།
    རྨི་ལམ་བརྟག་པའི་རྫས་འགྲེམས་ཀུ་ཤ་དང་།
    སྲུང་སྐུད་ལ་སོགས་གུས་པས་མི་ཞུ་བར།
    སྟོབས་དང་ཤེད་དང་ཧམ་པས་ཕྲོགས་འཁྱེར་བ།
    གཅན་གཟན་ཟན་ལ་རུབ་པའི་དཔེ་ཟླར་མཚུངས།
    གཅིག་ནས་གཉིས་སུ་ཕྱོགས་པའི་དཔྱད་པའི་ཡུལ།
    གཞི་རུ་བཅོལ་ན་ཕྱོགས་ཞེན་རང་སར་ཁེགས།
    གསར་འབྱོར་པ་དག་ལམ་འཕྲང་བརྒལ་བའི་ཡུས།༼༡༽
    དབང་གི་སྙིང་པོའི་མཚན་ཉིད་མ་རྟོགས་པ།༼༢༽
    དབང་ལས་ཐོབ་པའི་རྫས་དང་དམ་རྫས་སོགས།
    དུས་འཁོར་དབང་གི་སྙིང་པོ་ཡིན་པར་རློམས།༼༣༽
    དེ་ལྟར་ལགས་པས་དབང་རྫས་མ་ཐོབ་ན།
    གནས་མཆོག་འདིར་ལྷགས་དགོས་པ་མེད་པ་བསམ།༼༤༽
    ལ་ལའི་བསམ་པར་ཐོབ་པའི་དབང་གི་རྫས།
    བོད་དུ་འཁྱེར་ནས་བྱིན་རླབས་བགོ་བར་བསམ།༼༥༽
    རྨོངས་པས་དབང་དུ་བསྒྱུར་བའི་རང་རྟགས་ལ།
    སྙིང་རྗེའི་ཡུལ་གྱུར་བརྩེ་བས་རྗེས་འཛིན་མཛོད།
    གཞིས་བྱེས་བོད་མི་གཉིས་སུ་གྱེས་ཏེ་མི་ཚེའི་ཕྱེད་ལྷག་འདས་པ་དང་འབྲེལ་ཡུལ་མིའི་སྤྱོད་ཚུལ་གོམས་གཤིས་ཀྱང་དེ་འབྲེལ་གྱི་གནད་ལ། མིའི་སྤྱོད་པ་བཟང་ཞན་དེ་ཡང་ཤན་བཞུགས་པའི་རྒྱུ་ལ་བརྟེན་ནས་དེའི་རྒྱུ་རྐྱེན་ལ་རྒྱང་ལྟ་ཞིག་མཛོད་དང་།
    རང་བློ་ཁབ་མིག་ཙམ་གྱི་བུ་ག་ལ།
    ཡིན་མིན་དན་རྟགས་འགོད་པའི་ནོར་གྱི་མཆོག།
    ཤོང་བར་དཀའ་ཡང་ཟོལ་མེད་ཤ་ཚའི་གཏམ།
    དམ་པ་གྱེས་པ་བསྐོང་བའི་རྫས་སུ་ཕུལ།།

    ReplyDelete
  2. གོང་གསལ་བསམ་ཚུལ་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཕུལ།།

    ReplyDelete
  3. སྐུ་ཉིད་ཀྱི་དགོངས་འཆར་དོན་སྙིང་ལྡན་ལ་ཚིག་སྦྱོར་སྙན་འཇེབས་ལྡན་པ་ཞིག་གནང་བར་ཐུགས་རྗེ་ཆེ། ང་རང་ལོ་ངོ་ཉི་ཤུ་བོད་ནང་བསྡང་པ་དང་། ལོ་བཅུ་དགུ་བཙན་བྱོལ་ནང་བསྡད་སྟབས་གཞིས་བྱེས་གཉིས་ཀའི་གནས་སྟངས་ལ་ཆ་རྒྱུས་ཕྲན་བུ་ཡོད། དེ་འདྲའི་ཆ་ནས་བོད་མིའི་ཀུན་སྤྱོད་ཀྱི་འགྱུར་བར་དོ་སྣང་བྱུང་སྟེ། འཕྲུལ་སྒྲའི་ཐོག་མཐོང་ཚུལ་ཁ་ཤས་འཕྲལ་འཕྲལ་སྤེལ་བ་ཙམ་ཡིན།

    ReplyDelete
  4. རྒན་ལགས།
    ངས་དེ་རིང་ཡང་ཁྱེད་ཀྱི་བསྒྱུར་རྩོམ་འདི་ལས་ཁུངས་ནས་བཀླགས་ཡིན། ངོ་མ་ཁྱེད་ཀྱི་ བོད་མི་གསར་བརྗེ་བ། ཞེས་པའི་བསྒྱུར་རྩོམ་འདི་པར་སྐྲུན་བྱས་པ་ནས། ངས་ཁྱེད་ཀྱི་སྒྱུར་རྩོམ་གྱི་གནས་ལ་གདེངས་སྤོབས་བྱེད་ཐུབ་པ་བྱུང་། གདེངས་སྤོབས་འདི་ཕལ་ཆེར་རྒྱུན་གནས་ཐུབ་པ་འདུག སྤྱིར་ཁྱེད་ཀྱི་ང་འཇིག་རྟེན་འདིར་སླེབས་པ་ཤེས་ཀྱི་མེད་ལ་ང་ལྟ་བུ་ཞིག་ཡོད་པའང་ཁྱེད་ལ་ཚོར་སྣང་གང་ཡང་བྱུང་མེད། འོན་ཏེ་ངས་ཁྱེད་ཉིད་ཀྱིས་རྩམ་པ་དུས་དེབ་སྟེང་ འཁྱམས་པོ་ཁ་དོག་མེད་པའི་འཚོ་བ། བཀླགས་པ་ནས། ཁྱེད་རྩོམ་རིག་བྱ་བཞག་ནང་གལ་འགངས་འཛིན་པའི་མི་སྣ་ཞིག་ཏུ་ངོས་འཛིན་དེ་དུས་ནས་བྱས་མྱོང་། མདོར་ན་ཁ་སང་སློབ་ཆུང་གི་སློབ་ཁང་ཞིག་ནས་དེ་རིང་འཚོ་བྱེད་ཀྱི་མིང་འཛིན་ནས་ལས་ཁུངས་ཞིག་གི་བར་དུ་ངས་ཕལ་ཆེར་ཁྱེད་ཀྱི་བརྩམས་བྱར་ཆེ་མཐོང་དང་དུས་ཚོད་ཡོད་མིན་ལ་མ་གཏོས་པར་ཀློག་ཀྱང་བྱེད་ཀྱི་ཡོད། དེང་གི་འཆར་ངས་དེ་བས་ཁྱེད་ཀྱི་བསྒྱུར་རྩོམ་ལ་དོ་སྣང་དང་། བསྒྱུར་རྩལ། བསྒྱུར་ཚུལ། བསྒྱུར་ཐབས་སོགས་ཁྱེད་ཀྱི་སྒྱུར་རྩོམ་དག་ལས། རོ། བཅུད། དངས་ལེན། འཚོ་བཅུད་དུ་འགྱུར་ཐབས་བྱེད་ཀྱི་ཡོད། རྒྱུ་རྐྱེན་ནི་ངའང་དེང་གི་འཆར་རིག་གནས་ནང་འདྲེན་བྱ་འདུན་གྱི་མེ་ལྕེ་འབར་བའི་སྐབས་ཡིན། དེང་དུས་བོད་ལུགས་གསོ་རིག་འཛིན་པའི་སྐྱེ་བོ་མང་པོ་ཡོད་ལ། རིག་གནས་གཉིས་ལ་བྱང་ཆ་རྒྱས་དང་མ་རྒྱས་ལ་མ་གཏོས་པར་གང་ལྟར་དབྱིན་ཧིན་བོད་གསུམ་གྱི་ཐོག་བརྡ་སྤྲོད་ཐུབ་མཁན་མང་དག་ཡོད་ཀྱང་། རིག་གནས་ཕྱིར་འདྲེན་ལས་ནང་འདྲེན་བྱས་པ་ཤིན་ཏུ་ནས་དཀོན། དེང་དུས་མཐུན་རྐྱེན་གྱི་བཟད་པ་མེད་པའི་དུས་སྐབས་འདིར་ང་ཚོས་རིག་གནས་ནང་འདྲེན་བྱེད་ཐུབ་ན་དུས་རབས་དང་སྤྱི་ཚོགས། རིག་གནས། སང་ཉིན་གྱི་མི་རབས་རྣམས་ལ་ངོ་གནོང་མི་དགོས་པ་ཞིག་ཡོང་ངེས། དེར་བརྟེན་རྒན་ལགས་ནས་ནུབ་ཕྱོགས་པའི་ལྟ་གྲུབ་དང་། ནུབ་ཕྱོགས་ལྟ་གྲུབ་སྨྲ་བ་པོ་དག་གི་ལོ་རྒྱུས་དང་རིན་ཐང་ལྡན་པའི་བརྩམས་བྱ་དག་བོད་ཀྱི་རིག་གནས་བང་མཛོད་ནང་ནང་འདྲེན་གནང་ཐུབ་ན། དེ་རིང་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་དཔེ་དེབ་ཀློག་པ་པོ་ཇི་ཙམ་དཀོན་ཀྱང་། གཞི་ལུས་བོད་མིའི་འཕྲོད་དུ་བརྩམ་བྱ་དེ་དག་ལ་རེ་བསྒུག་བྱས་འདས་སོང་བ་དང་རེ་བསྒུག་བྱས་ནས་ཐང་ཆད་སོང་བ་མང་པོ་ཞིག་ཡོད་ངེས་པས། དེ་དག་ལ་ཕན་པ་ངེས་པར་བསྐྲུན་ཐུབ་ངེས་ལ། བོད་རིག་པའི་བང་མཛོད་རྒྱས་པའི་སྐྱེས་སུ་སོང་ངེས་པས། ངེས་པར་དུ་ཐུགས་བསམ་ཞིག་བཞེད་རོགས་གནང་། ཕྲན་ཉིད་ཀྱང་དེང་གི་འཆར་དེང་དུས་གསོ་རིག་དང་། འདས་པའི་ནུབ་ཕྱོགས་པའི་སྲོལ་རྒྱུན་གསོ་རིག་གི་བརྩམ་བྱ་དག་བོད་སྐད་ཐོག་བཀླག་ཐུབ་ན་སྙམ་ནས་ལས་ལ་འཇུག་བཞིན་ཡོད། ལས་དོན་དེ་ཕན་རླབས་ལྡན་པ་ཞིག་ཡོང་བ་ལ་ངེས་པར་དུ་རྒན་ལགས་ཀྱི་བཀའ་སློབ་དང་། བཀའ་བཀྱོན་གྱི་མཐུན་རྐྱེན་མཆིས་ན་གནང་སྐྱོང་ཅི་ནས་ཀྱང་ཡོང་བ་མཁྱེན།

    ReplyDelete
  5. ༡) འཚོ་བྱེད་པ་ཁྱེད་ཀྱིས་ཕྲན་གྱི་སྒྱུར་རྩོམ་ལ་ཐུགས་སྣང་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ།
    ༢) ཁྱེད་ཀྱིས་གསུངས་པ་བཞིན། དེང་སྐབས་དབྱིན་ཧིན་བོད་གསུམ་ཤེས་མཁན་ཉུང་ཉུང་མ་རེད། ཡིན་ནའང་། ཕྱིའི་རིག་གནས་བོད་ཡིག་ནང་ནང་འདྲེན་བྱེད་མཁན་ཉུང་བ་མ་ཟད། དེའི་གལ་འགངས་ཤེས་མཁན་ཡང་ཉུང་ཉུང་རེད། ཡར་མར་ག་རེ་བཤད་ནའང་མ་བཤད་ནའང་། བོད་མི་རིགས་འདི་གསོན་པོར་གནས་དགོས་ན། བོད་ཡིག་འདི་བེད་སྤྱོད་ཡོད་པ་ཞིག་བཟོ་དགོས། བོད་ཡིག་བེད་སྤྱོད་ཡོད་པ་ཞིག་བཟོ་བར། བོད་ཡིག་གི་ལམ་ནས་རིག་གནས་ཀུན་སློབ་སྦྱོང་བྱེད་ཐུབ་པའི་ལམ་ཁ་བཏོད་དགོས།
    ༣) ཁྱེད་ཀྱིས་དེང་རབས་ཀྱི་གསོ་རིག་གཞུང་ལུགས་བོད་སྐད་ནང་སྒྱུར་འདོད་ཡོད་གསུངས་པ་དེར་དགའ་བསུ་དང་བསྔགས་བརྗོད་ཡོད་ལ། ངའི་ངོས་ནས་རོགས་རམ་ག་རེ་ཐུབ་པ་དེ་ཏན་ཏན་ཞུས་ཆོག
    ༤) ངས་ཀྱང་དེང་སྐབས་གསར་རྩོམ་དང་ཕབ་སྒྱུར་གཉིས་ཀར་དོ་སྣང་བྱེད་བཞིན་ཡོད། ཐུགས་རྗེ་ཆེ།

    ReplyDelete