2012-04-19

རི་བོ་དང་རི་པ། ད་དུང་ཁེར་གདུང་།

༢༠༡༢།༠༤།༡༩
(རྩོམ་ཡིག་འདིར་ཞུ་དག་ཟིན་མེད།)

༅༅།། མཛེས་ཤིང་མཁོ་རྒུ་འཛོམས་ཀྱང་རི་བོ་གཅིག་ཀྱང་མེད་པའི་གྲོང་ཁྱེར་འདིར་སླེབས་རྗེས། ངས་གཞི་ནས་རང་ཉིད་རི་ལ་ཇི་ཙམ་གྱིས་དགའ་སྣང་ཡོད་པ་དེ་ཤེས། མ་གཞི་ང་རང་བོད་ཀྱི་རི་དང་འགྲོགས་ནས་མི་ལོ་བཅུ་གྲངས་དང་། རྒྱ་གར་རྡ་རམ་ས་ལའི་རི་ཚོགས་དང་འདྲིས་ནས་ལོ་ངོ་བཅུ་ཕྲག་བསྡད་པས། རི་ནི་ངའི་མི་ཚེའི་ཆ་ཤས་ཤིག་ཏུ་ལོས་གྱུར།

ཉིན་ཤས་སྔོན་ང་དང་ངོ་ཤེས་ཁ་ཤས་སྤྱི་པའི་གླིང་ཀ་ཞིག་ཏུ་ཕྱིན། གླིང་ཀ་དེའི་ནང་ས་ཕུང་མཐོ་ཙམ་ཞིག་འདུག་པ་དེ་རི་མིན་པ་ཚང་མས་ཤེས་ཀྱང་། ངའི་སེམས་ནང་དེ་རི་ཡིན་པ་ལྟར་མངོན་ནས་དབང་མེད་དུ་འཛེགས་པར་ཤོར། དེ་འཕྲལ་ངས་རི་དང་ས་ཕུང་གི་ཁྱད་པར་ཚོར་བྱུང། ས་ཕུང་ལ་རི་ལྟ་བུའི་མཁྲེགས་ཆ་མེད་པར་མ་ཟད། རི་ལྟ་བུའི་བརྟན་ཆ་དང་བརྗིད་ཆ། ད་དུང་རི་ཡི་དྲི་མ་དེ་ཡང་མི་འདུག །རི་ཡི་དྲི་མ་ཞེས་བརྗོད་དུས། གཞན་དག་གིས་ཚོར་དཀའ་ཡང་། ང་ལ་མཚོན་ན་དྲི་མ་དེ་ཧ་ཅང་དམིགས་བསལ་ཞིག་ཡིན།


གླིང་ཀའི་ནང་གི་ས་ཕུང་འདི་རི་བོ་མིན་ན་ཡང་། ང་རང་གླིང་ཁ་དེར་སླེབས་རིམ་བཞིན་དུ་ཐེངས་རེ་འཛེགས་སྙིང་འདོད་ཅིང་། ས་ཕུང་དེའི་རྩེ་ནས་རླུང་བསིལ་པོར་གདོང་གཏད་དེ། གཡས་གཡོན་ལ་བལྟས་ཚེ། མཛེས་པའི་མེ་ཏོག་དང་ལྗང་ཐིང་ཐིང་གི་ནིའུ་སིང་། ད་དུང་མཚམས་ཆད་རྒྱུ་མེད་པའི་རླངས་འཁོར་སོགས་ལས། རྡོ་ཕ་བོང་དང་། རི་བྱ། རི་དྭགས། རི་སྐྱེས་རྩི་ཤིང་སོགས་ནི་མཐོང་རྒྱུ་ག་ལ་ཡོད།

སེམས་སྟོང་ལྷང་ལྷང་འདིར་བསམས་ན། རི་བོ་ནི་ངའི་སེམས་པ་བསྙེ་ས་ཡིན་པ་འདྲ། དྲན་སྣང་དུ་ཡང་ཡང་འཆར་བ་འདིར་བསམས་ན། རི་བོ་ནི་ངའི་དགའ་མ་ཡིན་པ་འདྲ།

ཆུང་དུས། པཱ་ལགས་ཀྱིས་ང་རང་རི་ལ་འཁྲིད་དེ། “རི་ལ་འཛེགས་དགོས། རི་ལ་འཛེགས་ན་དཀའ་ངལ་ལ་མགོ་མི་བསྒུར་བའི་གཤིས་ཀ་འཇགས་ཀྱི་རེད་”ཅེས་གསུངས། ངས་སྐབས་དེར་ཁོང་གི་བཀའ་མོལ་དེའི་ནང་དོན་གསལ་པོ་མ་ཤེས། ཡིན་ནའང་ངས་པཱ་ལགས་ཀྱི་གསུངས་པར་ཉན་ཏེ། རི་ལ་འཛེགས་འགོ་ཚུགས། རི་ལ་ཡར་འཛེགས་སྟངས་དང་མར་བབས་སྟངས་དེ་ཚོ་ཡང་རིམ་པས་ཤེས། རི་སྟེང་གི་སྐྱུར་རྩྭ་ཆོ་ལོ་[1]དང་། མངར་རྩྭ་སྨུག་རྩི།[2] ད་དུང་འགྱིག་བྱེ་རིལ་ལྟ་བུ་བཟོ་རུང་བའི་ཨོ་རོག་ཉུང་མ།[3] རོ་བཅུད་ཆེ་བའི་གསེར་ཤ་དང་དཀར་ཤ།།བསེ་འབྲུ་སོགས་འཐུ་བཞིན་གཡག་གི་སྒལ་གཞུང་འདྲ་བའི་རི་ངོགས་དག་ཏུ་སྐྱིད་ཉལ་རྒྱག་གིན། ཡར་ནམ་མཁའི་བྱ་གླག་དང་བྱ་རྒོད་ཀྱི་འཕུར་རྩལ་ལ་ཞིབ་བལྟ། མར་སྔོ་ཕྱུར་ཕྱུར་གྱི་དུ་བ་འཕྱུར་བཞིན་པའི་གྲོང་ཚོར་རྒྱང་བལྟ། ད་དུང་ཉེ་འགྲམ་གྱི་གཡག་ཁྱུ་དང་ལུག་ཁྱུས་རྩྭ་བཟའ་བཞིན་པར་ཉེ་བལྟ་བྱས་ཏེ། རང་གི་སེམས་པའང་མུ་མཐའ་མེད་པའི་རི་ཚོགས་བཞིན། དྲི་མ་མེད་པའི་སྤྲིན་དཀར་ལྟར། བཀག་རྒྱ་མེད་པའི་བྱ་གླག་ནང་བཞིན་ཅི་བདེ་བདེར་གློད་པའི་བདེ་སྣང་དེ། སྐྱིད་སྣང་དེ། དགའ་སྣང་དེ། རྩྭ་རྩེའི་སྟེང་གི་ཟིལ་པ་བཞིན་དུ་འོད་འཚེར་འཚེར་དང་། ཉི་མས་དྲོད་པའི་རྡོ་ལེབ་བཞིན་དུ་ཚ་ལམ་ལམ་རེད།

འོན་ཀྱང་ང་རང་དགའ་ཞིང་གཅེས་པའི་རི་ཚོགས་དེ་དག་བསྐྱུར་ཏེ་བཙན་བྱོལ་དུ་ཡོང་དགོས་བྱུང་། ལམ་བར་དུ་ཧི་མ་ལ་ཡའི་རི་ཚོགས་དེ་ཚོས་ང་ཚོ་བྲོས་བྱོལ་བ་རྣམས་མ་བཀབ་པ་དང་། ང་ཚོ་རི་པ་ཚོས་རི་བོ་དེ་དག་བརྒལ་ནས་ཡོང་མ་ཐུབ་ཚེ། རྒྱ་གར་རང་དབང་ལུང་པར་སླེབས་ཐབས་ག་ལ་ཡོད། 


རྒྱ་གར་གྱི་སུ་ཇཱ་བོད་ཁྱིམ་དང་། དྷ་རམ་ས་ལ་གཉིས་ཀ་ནས་ཧི་མ་ལ་ཡའི་རི་རྒྱུད་མཐོང་ཐུབ་ཅིང་། རི་རྩེ་དཀར་དཀར་གྱི་ཁ་བ་དང་། རི་སྐེད་ནག་ནག་གི་བྲག་རི། རི་འདབས་སྔོ་ལྗང་གི་ནགས་ཚལ་དེ་ཚོའི་འཁྲིས་སུ་སླེབས་པ་ལྟ་ཅི། ཐག་རིང་ནས་བལྟ་རྒྱུ་བྱུང་བ་ཙམ་ཡང་ཧ་ཅང་ཧ་ཅང་གིས་སྐྱིད་པ་ཞིག་ཡིན།

སྐབས་རེ་ངས་ཇ་མངར་མོ་ཕོར་པ་གང་འཐུང་བཞིན། མིག་ཤེལ་གྱོན་ནས་ཞོགས་པ་ཉི་མ་རི་རྩེར་འཆར་བ་དང་དགོང་མོ་ཉི་མ་རི་རྩེར་ནུབ་པར་བལྟ་བཞིན་སྡོད་སྐབས། སེམས་ནང་འཆར་སྒོ་འདྲ་མི་འདྲ་འབྱུང་བ་དེ་སྐྱིད་པོ་ཞིག་ཡིན། ད་དུང་ཐ་མག་མ་སྤངས་པའི་གོང་དུ། ཇ་མངར་མོ་དང་མཉམ་དུ་ཐ་མག་འཐེན་བཞིན་རི་རྩེའི་ཉི་མར་བལྟ་བ་དེ་ནི་མཛེས་སྡུག་དང་ལོངས་སྤྱོད། བདེ་སྐྱིད་ཚང་མ་མཉམ་དུ་འཛོམས་པའི་དུས་ཚོད་ཅིག་རེད།

ལོ་མང་པོ་ཞིག་གི་གོང་ནས། ང་དང་ངའི་གྲོགས་མཆེད་ལྷག་པ་ཚེ་རིང་ལགས་གཉིས་ཞོགས་པ་ཆུ་ཚོད་དྲུག་པ་ནས་ལངས་ཏེ། གངས་སྐྱིད་ནས་རི་ལམ་བརྒྱུད་༸གོང་ས་མཆོག་གི་ཕོ་བྲང་གི་མཐའ་འཁོར་དུ་གླིང་སྐོར་ལ་འགྲོ་འགོ་བཙུགས་ཤིང་། དེ་དུས་ལམ་འགྲམ་མེ་ཏོག་གི་དྲི་ཞིམ་དང་། བྱ་བྱིའུ་ཡི་སྐད་སྙན། སྤོ་བོ་རྨོ་མོ་ཚོའི་ཞལ་འདོན། ད་དུང་ཤིང་ལོའི་གསེང་ནས་ཉི་ཟེར་འཕྲོས་ཡོང་སྟངས་དང་། རི་བྱ་ནག་པོའི་འགྲོ་སྟངས། སྤྲེའུ་འཚུབ་ཐེར་ཚོའི་འཁྱུད་རྩལ། རི་སྟེང་གི་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་ཚུལ་དེ་ཚོ་ནི་ཞོགས་པ་རྟག་པར་བལྟས་ཀྱང་ལྟ་སྙིང་འདོད་པའི་ལྟད་མོ་ཡིན། ལྷག་པར་ཞོགས་པ་སྔ་པོ་རྒྱ་གར་གྱི་ཇ་ཁང་ནང་ཇ་མངར་མོ་འཐུང་ཞོར། ཕར་ངོས་ཀྱི་རི་རྩེར་བལྟ་བཞིན། ཆོ་ཡོད་ལ་མེད་ལའི་སྐད་ཆ་བཤད་ནས་སྡོད་པ་དེ་ཡང་རི་སྟེང་གི་འཚོ་བ་སྐྱིད་ཤོས་ཤིག་རེད།

རི་བོ་མེད་པའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་འདི་ནས། ངས་ད་ནངས་ཡང་བསྐྱར་རི་བོ་དང་འདྲ་ཙམ་ཡོད་པའི་ས་ཕུང་དེར་འཛེགས། ཁ་སང་གི་རི་བོ་འཛེགས་རོགས་དེ་རིང་མེད་ལ། ཁ་སང་གི་དགོད་སྒྲ་དེ་དག་དེ་རིང་ཡལ་ཟིན་པས། ངའི་སེམས་པ་སྔར་བས་གྲང་ཅང་ཅང་དུ་གྱུར། རླུང་བུ་བསིལ། ལོ་མ་ལྗང་། བྱ་སྒྲོ་དཀར་པོའི་སེམས་པ་རྩྭ་ཚོམ་བཞིན་རྙོག་ཟིང་ཆེ། རླུང་བསིལ་བུ་འདི་ཇི་ལྟར་བསིལ་ཡང་། ངའི་ལུས་ལ་གྲང་ཟུག་སློང་མ་ཐུབ། ངས་རང་ཉིད་ལ་མནར་གཅོད་ཅིག་བཏང་སྟེ། ཁེར་གདུང་འདི་སེམས་ཙམ་མ་ཟད་ལུས་ཀྱིས་ཚོར་འདོད། དེར་བརྟེན། ངས་ས་ཕུང་ནས་མར་བབས་ཏེ། ལྷམ་ཕུད་རྗེས་ཟིལ་པས་ཡོངས་སུ་བརླན་པའི་རྩྭ་ལོ་ལྗང་ཁུའི་སྟེང་དུ་གོམ་པ་སྤོས། ཟིལ་པ་ཁྲུམ་ཁྲུམ་གྱི་རྩྭ་ཡི་ལོ་མ་ལྗང་ཁུ་དེ་ཚོར་རྐང་པས་རེག་མ་ཐག །རྐང་རྩེ་ནས་སྙིང་ཁ་བར་དུ་གྲང་ཟུག་གིས་ཁྱབ། “ཨ་ཆུ་ཆུ་་་“ གྲང་ཟུག་འདི་ཧ་ཅང་ཆེ་ཡང་ཧ་ཅང་འཇམ། ཧ་ཅང་ནེམ།

ངས་ཚོར་བཞིན་ཡོད། ངས་མྱོང་བཞིན་ཡོད། རི། རི་བོ། རི་ཀླུང་། རི་ཁུག །རི་ཞིང་། རི་གྲོང་། རི་ཆུ། རི་ཁྲོད། རི་བོ་ཏི་སེ། རི་བོ་གངས་ཅན་པ། རི༌༌༌ ༌༌༌ །། །། 




མཆན།
  1. ཆོ་ལོ། འདི་ལ་ལྷ་ས་བས་ཆུའུ་ཆུའུ་ཟེར། རོ་སྐྱུར། རྩ་བས་ཚོས་བྱས་ཆོག །ལོ་མ་སྐམ་སྟེ་ཐ་མག་ཀྱང་བྱས་ཆོག ནང་གསེས་རིགས་ཁ་ཤས་ཡོད།
  2. སྨྱུག་རྩི། རྩྭ་འདིར་འབྲི་མོག་ཀྱང་ཟེར། རྩ་བ་དམར་ཤས་ཅན་དེ་སྐམ་སྟེ་མར་ནང་བཏབ་ན། གཏོར་མ་དང་ངོ་གདོང་སོགས་ལ་བྱུག་བྱེད་ཀྱི་དམར་རྩི་ཡོང་།
  3. ཨོ་རོག་ཉུང་མ། འདིར་མིང་གཞན་དག་ཡོད་མེད་མ་ཤེས། རྩ་བ་ནག་པོ་ཞིག་ཡོད་པ་དེ་བརྐོས་ཏེ། དུས་ཡུན་གང་ཙམ་རིང་ཁ་ལ་ཟོས་ན། ཐོག་མར་ཁ་ཏིག་ཕྲན་བུ་ཡོད་ཀྱང་རིམ་པས་ཡལ་ནས་འགྱིག་བྱེ་རིལ་ལྟར་ནར་འགྲོ་བ་ཞིག་ཆགས་ཀྱི་རེད།  ཨོ་རོག་ཟེར་དོན་ནི། ནག་པོ་ཡིན་པས་རེད། ངའི་ཕ་ཡུལ་དུ་ཕོ་རོག་ལ་ཨོ་རོག་ཟེར་གྱི་རེད།

28 comments:

  1. གྲོགས་མཆོག་ལགས། ཤིན་ཏུ་སྙན་པོ་བྱུང་། ཐེངས་གཉིས་ཀློག་པ་ཡིན།

    ReplyDelete
  2. གྲོགས་བཟང་ལགས། རྩོམ་ཡིག་འདིའི་ནང་དང་པོ་ཁྱེད་ཀྱི་མཚན་བྲིས་པ་ཡིན། ཡང་བསྐྱར་བསུབ་པ་ཡིན། གལ་སྲིད་མོས་མཐུན་ཡོད་ན་ཁྱེད་ཀྱི་མཚན་འཇུག་གི་ཡིན། ད་བཀག་རྒྱ་ནས་བརྒལ་ནས་ཏོག་ཙམ་འབྲི་དགོས་མིན་ནམ་དྲན་གྱི་འདུག

    ReplyDelete
  3. སྐུ་ཞབས་ཆུང་ཚེ་ལགས་སྙན་པོ་འདུག་ལགས།

    ཞོགས་པ་ཆུ་ཚོད་དྲུག་པ་ནས་ལངས་ཏེ། གངས་སྐྱིད་ནས་རི་ལམ་བརྒྱུད་༸གོང་ས་མཆོག་གི་ཕོ་བྲང་གི་མཐའ་འཁོར་དུ་གླིང་སྐོར་ལ་ཕེབས་སྐབས་ཀྱི་གྲོགས་མཆེད་དེ་ལྷག་པ་ཚེ་རིང་ལགས་ཡིན་པ་ཡོད་ད།
    ཧ་ཧ་ཧ་ཧ་གཅིག་བྱས་ན་་་་་་་་་་་་་་་སྐུ་རྩེད་ཞུས་ཡིན།

    ReplyDelete
  4. དེ་ག་རང་། ལྷག་པ་ལགས་ངེད་གཉིས་ལོ་ཁ་ཤས་ཞོགས་པ་མཉམ་དུ་ཡར་རི་ལ་འཛེགས། གཙུག་ལག་ཁང་དུ་མཆོད་མཇལ་ཞུས། ཇ་འཐུང་བཞིན་བག་ལེབ་གཅིག་དུམ་བུ་གཉིས་ལ་བཏང་སྟེ་བཟས། ད་དུང་ཚལ་འདྲ་བོ་ལམ་ཞོར་དུ་ཉོས། དེ་ནས་མར་བབས་ཡོང་གི་ཡོད།

    ReplyDelete
  5. ཆུང་ཚེ་རིང་ལགས། ཁམས་བཟང་། རྩོམ་ཡིག་བཀླགས་ནས་དྲོ་བ་ཡང་གཞན་དང་མི་འདྲ་ཞིག་བྱུང་། རིག་འཛིན་གྱིས།

    ReplyDelete
  6. རིག་འཛིན་ལགས་འདིར་ཕེབས་ཏེ། ངའི་རྩོམ་ཆ་ལེ་ཆོ་ལེར་གཟིགས་པར་ཐུགས་རྗེ་ཆེ། ད་དུང་ཡང་ཡང་ཕེབས་རོགས།

    ReplyDelete
  7. གྲོགས་མཆོག་ལགས། གང་ཡང་ཡོད་མ་རེད། འབྲི་རྐྱང་གནང་རོགས།

    ReplyDelete
  8. ཁྱེད་ཀྱི་མཚན་བཅུག་ཟིན། ཐུགས་རྗེ་ཆེ།

    ReplyDelete
  9. ལྷ་རྟ་དཀར་པོ།April 19, 2012 at 3:41 PM

    ཚུང་ཚེ་རིང་ལགས་སྐུ་ཉིད་ཀྱི་རྩོམ་ཐུང་དེ་རྒྱ་གར་གྱི་ཇ་མངར་མོ་ལྟར་ཧོབ་འཐུང་བརྒྱབ་ཟིན་པས་བསྐྱར་དུ་ཁྱེད་ཀྱི་རྩོམ་རྗེས་མ་རྣམས་་འོང་རྒྱུར་རེ་སྒུག་བྱེད་ནས་སྡོད་ཡོད།
    ལྡི་ལི་ནས།

    ReplyDelete
  10. ལྷ་རྟ་དཀར་པོ་ཕེབས་པ་ལེགས། །རྩོམ་ཐུང་ཇ་བཞིན་བཞེས་པ་ལེགས། །ད་དུང་ཡང་ཡང་ཕེབས་རོགས་གནང་།། ཞབས་རྗེས་དགོངས་ཚུལ་གསུང་རོགས་གནང་།། ཐུགས་རྗེ་ཆེ།

    ReplyDelete
  11. སླར་ཡང་རྩོམ་རིག་གི་ལམ་ལ་ཞུགས་པ་དགའ་བསུ་ཚད་མེད་ཞུ།།།།།།།།།།།།།།

    ReplyDelete
  12. བསྟན་འཛིན་ཟླ་བ་ལགས། དགའ་བསུ་གནང་བར་ཐུགས་རྗེ་ཆེ། ད་ལྟ་ངའི་སེམས་པ་དོགས་འཆར་གྱིས་ཁེངས་ཡོད། རྩོམ་རིག་དང་ཁ་བྲལ་ཟིན་པ་ཞིག་གིས། ཡང་བསྐྱར་རྩོམ་རིག་ལ་ལག་པ་འཆང་བའི་ཚོར་སྣང་དེ་ཡུན་རིང་བྲལ་བའི་མཛའ་མོར་ཐུག་པ་ལྟ་བུ་རེད་ལ། འཇིགས་ཡེར་ཡེར་གྱི་ཚོར་སྣང་ཞིག་ཀྱང་རེད། ངས་རིམ་གྱིས་བལྟ། ང་དལ་གྱིས་འགྲོ།

    ReplyDelete
  13. རྩོམ་ཐུང་འདི་ཀློག་པ་ཡིན། སེམས་པ་སྐྱོ་བོ་བྱུང་། ཆུང་དུས་གྲོང་གསེབ་ཀྱི་འཚོ་བ་དྲན། ད་ལྟ་མི་ཡུལ་དུ་གྱར་བའི་སྡུག་བསྔལ་དྲན། ད་དུང་མཇུག་ཏུ་སེམས་ཤུགས་ཤིག་ཀྱང་སྐྱེས། ཐུགས་རྗེ་ཆེ། བློ་བསྟན་གྱིས་ཕུལ།

    ReplyDelete
  14. རྩོམ་འདི་སྙན་པོ་བྱུང་། སྐྱོ་ཤས་ཀྱང་སྐྱེས། ཡིན་ནའང་། ཞིབ་ཏུ་ཀློག་དུས། རྩོམ་འདིའི་ནང་གི་ཆ་ཤས་སམ་དུམ་བུ་གང་གིས་ཀློག་པ་པོ་ལ་སྐྱོ་སྣང་འཇོག་གི་ཡོད་མེད་དེ་ཤེས་ཀྱི་མི་འདུག དོན་དག་ནི་རི་དྲན་པའི་སྐོར་རེད། ཡིན་ནའང་ཚོར་བ་ཆེན་པོ་སྐྱེ་དོན་ག་རེ་ཡིན་ནམ། ད་དུང་དབང་མེད་དུ་རྩོམ་པ་པོ་དང་སེམས་པ་ཧ་ཅང་ཐག་ཉེ་པོ། རྩོམ་པ་པོ་དེ་བྱིས་པ་ནང་བཞིན་ཡིན་པ་འདྲ་ཞིག་མཐོང་གི་འདུག གཅིག་བྱས་ན་འདི་ལ་སྒྱུ་རྩལ་ཟེར་བ་ཡིན་གྱི་རེད། གྲོགས་མིང་སྤེན་པ་ཚེ་རིང་གིས་ཕུལ།།

    ReplyDelete
  15. བློ་བསྟན་ལགས་དང་སྤེན་ཚེ་ལགས་ཀྱིས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། སྤེན་ཚེ་ལགས་ཀྱིས་ད་ཕན་རྩོམ་ཡིག་བྲིས་པ་མ་མཇལ་ཡང་། རྩོམ་ཡིག་གི་བྲོ་བ་མྱོང་ཐུབ་པར་མ་ཟད། དེ་ཚོའི་ཁྱད་པར་གྱི་ཐད་ལ་དགོངས་ཚུལ་ཧ་ཅང་ཡག་པོ་གནང་ཐུབ་མཁན་ཞིག་ཡིན་པ་ངས་དེ་སྔོན་ནས་ཤེས་རྟོགས་ཡོད། དེ་ནི་ཁྱེད་ཀྱིས་གོང་དུ་བྲིས་པ་དེས་ཀྱང་མཚོན་ཐུབ། མདོར་བསྡུས་ནས་བཤད་ན། ཁྱེད་ཀྱི་དྲི་བ་དེའི་ལན་ནི་ཁྱེད་ཀྱི་དྲི་བ་ད་ག་རང་རེད་མ་གཏོགས། ངས་སོ་སོའི་རྩོམ་ཐུང་འདི་ལ་རང་འགྲེལ་ལྟ་བུ་བྱེད་མི་ཐུབ། ཡིན་ནའང་རྩོམ་འདི་ལ་རྒྱབ་ལྗོངས་མང་པོ་སྤུངས་ཡོད་རེད། ༡)བྱ་སྒྲོ་དཀར་པོ་དང་ལོ་མ་ལྗང་ཁུའི་མཚོན་དོན། ༢) རི་ཚོགས་དང་རིག་གཞུང་། ༣) ཕ་ཡུལ་དང་གཞན་ཡུལ། ༤) སེམས་ཚོར་དང་ལུས་ཚོར། ༥) རང་དབང་དང་གཞན་དབང་སོགས་ཕྱོགས་ངོས་མང་པོ་ཞིག་མངོན་པ་དང་མི་མངོན་པའི་ཚུལ་གྱིས་བརྒྱན་ཡོད། དེ་ཚོ་ནི་རི་བོའི་རྣམ་ཤེས་རེད།

    ReplyDelete
  16. གལ་ཏེ་ངས་བོད་སྐད་དུ་སྐྱེ་བོ་སུ་ཡིན་ནའང་། རང་ཉིད་ཀྱི་རྨི་ལམ་གྱི་རྗེས་སུ་འབྲངས་ནས་དེས་ཁྱེད་ལ་ལམ་ཞིག་རྙེད་ཐུབ་ཅེས་བརྗོད་ན། བོད་པ་ན་རེ། དེ་ཉི་ཅོལ་ཆུང་གི་སྐད་ཆར་བསྙད་སྲིད། འོན་ཏེ། དེར་བཤད་པའི་རྨི་ལམ་ནི་འཁྲུལ་སྣང་ཙམ་ལ་མི་ཟེར་བར། སོ་སོའི་ལྷན་སྐྱེས་ཀྱི་བག་ཆགས་སམ་ཤེས་རབ་ཁོ་ནར་བརྗོད། རང་གི་ལྷན་སྐྱེས་ཀྱི་བག་ཆགས་སམ་བྱིས་པའི་དུས་ཀྱི་དྲན་སྣང་ཡ་མཚན་པོ་དག་ལ་སྣང་མེད་བཏང་སྟེ། མི་ཚེའི་འདུན་ལམ་ཧྲིལ་པོ་སློབ་དེབ་དང་སྤྱི་ཚོགས་ག་གེ་མོས་སྒྲིག་དགོས་པ་དང་། དེ་ལྟར་བྱས་པའི་སྐྱེས་བུ་དེས་གོ་ལའི་ཐཽག་འབུར་དུ་ཐོན་པའི་ལས་དོན་ཞིག་སྒྲུབ་མི་ཐུབ་པ་གསལ་པོ་ཡིན་པ་འདྲ། བྱ་སྒྲོ་དཀར་པོས་འཚོལ་མི་དགོས་པའི་རྨི་ལམ་དྲོན་མོ་དེ་ཁོང་དུ་ཉར་ཏེ། སྙན་ངག་གི་མཛེས་སྡུག་རྣམ་པར་བཀྲ་བ་ཞིག ང་ཚོའི་ལོངས་སྤྱོད་དུ་བཤམས་སོང་།

    ReplyDelete
  17. ངག་རྣམ་ལགས། ངའི་པ་ཕས་ཆུང་དུས་རྨོན་པ་རྒྱག་དུས་ཞིང་ཁའི་རོལ་ནང་དུ་བོད་ཡིག་སྦྱངས་པ་རེད། ཁོང་ལ་བོད་ཡིག་སློབ་མཁན་ནི། རིག་གནས་གསར་བརྗེའི་སྐབས་ཞིང་གྲོང་དུ་བཙན་དེད་བྱས་པའི་བཙུན་མ་དམ་ཆོས་ཟེར་བ་ཞིག་ཡོད་པ་དེ་རེད། བཙུན་མ་དེ་དངོས་གནས་བྱས་ན། ངའི་པཱ་ལགས་ཀྱི་རྨོན་མཛོའི་རྗེས་སུ་སོན་འབྲུ་གཏོར་མཁན་རེད། ངའི་པ་ཕས་ཡི་གེ་སྦྱངས་དུས་དང་པོ་མཛུབ་མོ་སྤྱད་པ་དང་། གང་ཙམ་ནས་ཞིང་གི་རོལ་གྱི་ནང་ནས་བྱ་སྒྲོ་དཀར་པོ་ཞིག་བསྒྲུགས་ཏེ། དེས་ས་ཐོག་ལ་ཡི་གེ་བྲིས་པ་རེད། པཱ་ལགས་ཀྱིས་ཡི་གེ་ཤེས་རྗེས་ཚགས་པར་དང་སྒྲུང་མང་པོ་ཀློག་སྟེ། ང་ཚོ་ཕྲུ་གུ་ཚོར་གསུང་གི་ཡོད། ད་དུང་པཱ་ལགས་སྣ་ཐ་ལ་མཉེས་པོ་རེད། ཁོང་གིས་རྡོ་ལེབ་ཅིག་གི་སྒང་ལ་སྣ་ཐ་དབུར་རྗེས། བྱ་སྒྲོ་ཞིག་གིས་སྣ་ཐ་དེ་ཚོ་རུབ་རུབ་བཟོས་ཏེ། སྣ་རུའི་ནང་བླུག་གི་རེད། དེ་ཚོ་ནི་ངའི་པཱ་ལགས་ཀྱི་སྐབས་སུ་རེད། ངའི་པཱ་ལགས་ཀྱི་ཤུགས་རྐྱེན་དབང་གིས་ང་རང་བྱ་སྒྲོ་དཀར་པོར་དགའ། ངས་ནུབ་ཕྱོགས་སུ་བྱ་སྒྲོ་ཅན་གྱི་སྨྱུ་གུས་ཡི་གེ་འབྲི་བཞིན་པའི་ལོ་རྒྱུས་འདྲ་རིས་མང་དུ་མཐོང་། བྱ་སྒྲོ་དཀར་པོའི་རྨི་ལམ་དེ་འདི་ལྟར་འགོ་ཚུགས་པ་རེད། ཉེ་དུས་ངའི་བུས་ཁོ་རང་བྱ་སྒྲོ་ནག་པོ་བྱེད་འདོད་ཡོད་ཟེར། གཅིག་བྱས་ན་བྱ་སྒྲོ་ནག་པོ་ཞིག་ཀྱང་འབྱུང་སྲིད།

    ReplyDelete
  18. སྐུ་ཞབས་ཁྱེད་ལ་ཆུང་དུས་ཀྱི་རྨི་ལམ་ཡ་མཚན་པོ་གསུང་རྒྱུ་འདུག ལར་ནས་སྙན་ངག་མཁན་ཚོས་རང་གི་རྟོག་སད་ཀྱི་ཚོར་བ་དངོས་བྱུང་གི་མི་ཚེའི་གོམ་ཁ་རེ་རེའི་གསེབ་ནས་མཚོན་པར་བྱེད་པ་ནི་སྙན་ངག་མཁན་དག་གི་ཁྱད་དུ་འཕགས་པའི་འདུ་ཤེས་ཤིག་ལོས་ཡིན། ཁོང་ཚོས་དྲ་དེབ་ཀྱི་ཁ་བྱང་དུམ་དུམ་ཞིག་འདོགས་པར་ཡང་བསམ་བློའི་འཁོར་རྒྱ་འདི་འདྲ་འཚུད་པར་བྱེད་ཀྱི་ཡོད།
    དགོངས་དག ངས་མཆན་སྔ་མའི་ནང་རྨི་ལམ་ལ་འགྲེལ་བཤད་རྒྱག་ཁུལ་བྱས་ཡོད་ཀྱང་། དོན་དངོས་ཐོག་ཆུང་ལགས་ཀྱིས་རང་གི་དྲ་དེབ་ཀྱི་ཁ་བྱང་གི་འགྲེལ་བཤད་ནང་འདི་ལྟར''ཆུང་དུས་བྱ་སྒྲོ་དཀར་པོ་ཅན་གྱི་སྨྱུ་གུས། འཇིག་རྟེན་འདིར་མཛེས་སྡུག་ཕུགས་བརྟན་གྱི་རི་མོ་འགའ་འབྲི་བའི་རྨི་ལམ་བཅངས། ཟིན་བྲིས་འདི་ནི་ངའི་རྨི་ལམ་དེའི་ཆ་ཤས་ཤིག་ཡིན།''ཞེས་རང་ཉིད་ཀྱི་རྨི་ལམ་གསལ་བཤད་གནང་ཡོད།
    དེ་བས་སྐྱེ་བོ་ཚང་མར་རྨི་ལམ་རེ་ཡོད་ཅིང་། དེ་ལ་འཇུག་ན་ད་གཟོད་གྲུབ་པའི་འབྲས་བུ་དང་།
    དེ་བོར་ཏེ་ཕྱིན་ན་ཅི་ཞིག་བསྒྲུབས་ཀྱང་མཁྲིས་ནད་ཅན་ཕག་ཚིལ་སྤྲོད་པའི་ངང་ཚུལ་ལས་མི་འདས་པས།
    སྒུག་མི་དགོས་པའི་རྨི་ལམ་དེ་གསོན་ཐབས་བྱེད་དགོས་པ་འདྲ།

    ReplyDelete
  19. འཇིག་རྟེན་འདི་ཁྱད་མཚར་རེད། ཕྱོགས་གཅིག་ནས་བསམས་ན་འཚོ་གནས་ནི་ཧ་ཅང་སྟབས་བདེ་རེད། སྡོད་ས་ཞིག་དང་བཟའ་བཏུང་གྱོན་གོས་ལྡང་ཙམ་བྱུང་ན་འགྲིག་པ་རེད། ཕྱོགས་གཞན་ནས་བསམས་ན་ཧ་ཅང་གི་རྙོག་ཟིང་ཅན་རེད། དགོས་མཁོ་ཐམས་ཅད་ཚང་བ་ལྟར་སྣང་ཡང་ད་དུང་སྟོང་ལྷང་ལྷང་གི་ཚོར་སྣང་འབྱུང་གི་ཡོད།
    བདེ་སྐྱིད་དང་མདུན་ལམ་ཞེས་ཚིག་སྙན་པོ་ག་རེ་བཤད་ནའང་། གནད་འགག་ཐུག་ས་ནི་རང་གི་བློ་འདོད་ཚིམ་པ་དང་འགྱོད་པ་མེད་པ་ཞིག་བྱེད་དགོས་པ་དེ་རེད། རང་ཉིད་ལ་“རྨི་ལམ་”ཞིག་ཡོད་བཞིན་དུ་བརྩོན་ལེན་མ་བྱས་པ་དང་། ཐ་ན་རྨི་ལམ་དེ་དོར་བ་ནི་རང་གི་བློ་ཁ་མི་ཚིམ་པ་དང་བློ་འགྱོད་སྐྱེ་བའི་གཞི་རྩ་ཆེ་ཤོས་ཤིག་རེད།
    ངག་རྣམ་ལགས་ཕེབས་ཏེ་ཡང་བསྐྱར་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

    ReplyDelete
  20. སྟོད་ན་གངས་ཀྱི་རི་བོར་རྔམ་བརྗིད་ལྡན།།
    སྐེད་ན་ནགས་ཀྱི་ཚང་ཚིང་སྟུག་ཅིང་སྟུག།
    འདབས་ན་གྲོང་དང་གྲོང་གསེབ་ཐང་མར་བརྡལ།།
    དྷ་སའི་ཡུལ་གྲོང་ད་དུང་དྲན་ཞིང་དྲན།།

    གངས་ཅན་སྐྱིད་པའི་གཤོང་ན་འདུག་པའི་དུས།།
    སྙན་ངག་སྣུམ་པོ་རེ་གཉིས་བྲིས་པ་དྲན།།
    ད་ལྟ་འཚོ་བ་དངོས་དང་བྲལ་བའི་དུས།།
    ཤོལ་ཀ་གཅིག་ཙམ་བྲིས་པའང་བཅོས་མ་ཉིད།།༼ང་རང་ཉིད་ལ་ཟེར་བ་ཡིན།༽

    ལྕགས་མཁར་མཐོ་བ་ཙམ་གྱིས་པོ་ཏ་ལ།།
    དྲན་སོང་ཟེར་བ་ཨ་ལ་ཨེ་བདེན་ནམ།།
    རྒྱ་སེར་ཡུལ་གྱི་སྤྱི་གླིང་སྐྱིད་སྐྱིད་ཀྱང་།།
    ནོར་བུའི་གླིང་གའི་དོ་ཟླ་མིན་པར་ངེས།།

    ཡུལ་དང་འདུས་ཚོགས་བསྐྱུར་ཏེ་རིང་དུ་འཕྱན།།
    རིང་ནས་དྲན་པ་རང་གི་ཉོས་པ་རེད།།
    རང་ཡུལ་དྲན་པའི་གདུང་བ་སངས་འདོད་ན།།
    རང་ཡུལ་གཉིས་པ་དྷ་སར་ཕྱིར་ཕེབས་གནོངས།། ཧ་ཧ་ཧ་ཧ

    གྲོགས་དང་འགྲོགས་དུས་དགའ་དགོད་རོལ་མོར་བཅས།།
    རྒུན་ཆང་མཐའ་ལ་མིག་ཆུ་ཡོད་དམ་ཅི།།
    ཚིག་ཙམ་མཐོང་བས་སྙན་ངག་ངོ་མ་སྟེ།།
    དོན་ལ་སྙན་ངག་མཁན་ཁྱོད་བདེན་ནམ་ཅི།།

    གནའ་བོའི་རྒྱ་ནག་སྙན་ངག་མཁན་པོ་སྟེ།།
    ཞིས་ཀྲུང་ཟླ་བ་འཛིན་འདོད་མཚོ་ལ་ལྕེབས།།
    འདི་འདྲའི་སྙན་ངག་པ་དང་སྙན་ངག་བཅས།།
    དྭངས་པའི་ཡིད་ཀྱིས་སུ་ཞིག་འཇུག་ནུས་སམ།།

    ཕྱི་ཡི་ཁོ་ར་ཁོར་ཡུག་སེམས་ཀྱི་ལྗོངས།།
    ཡང་ཡང་འབྲི་བ་གནའ་བོའི་ནུབ་ལུགས་ཏེ།།
    སེམས་ཁམས་ལྗོངས་རྒྱུར་སོང་བའི་སེམས་ཀྱི་རིས།།
    ཁ་སང་དེ་རིང་འབྲི་མཁན་ཇེ་ཉུང་རེད།།

    དེ་རིང་དགོས་དང་མི་དགོས་ཚིག་འགའ་ཐལ།།
    སང་གནངས་བྲི་དང་འབྲི་ང་ཡིས་བལྟ།།
    མདོར་ན་རང་གི་བདེ་སྡུག་རང་གི་ལག།
    གང་དུ་ཅི་ལྟར་སྐྱེལ་བའང་རང་ལག་གོ།

    ༼ངས་ཀྱང་ཤར་མར་བྲིས་པ་ལས་ཞུ་དག་སོང་མེད་ན། ཚིག་དོན་གང་ནོར་ཡོད་ན་བཟོད་པར་གསོལ་ལོ།།༽

    ངས་གཞན་རྩོམ་ཀློག་པའི་སྐབས་ཐོག་མར་བར་བར་དང་མཚམས་མཚམས་ནས་ཚིག་རེ་གཉིས་སམ་ཐིག་ཕྲེང་རེ་གཉིས་ཙམ་རེ་ཀློག་བཞིན་མཇུག་རྫོགས་པར་བྱས། དེ་ནས་རྩོམ་ཡིག་དེ་རང་གི་ཡི་ག་དང་འཚམ་པོར་འདུག་སྙམ་ན་ད་གཟོད་འགོ་ནས་ཞིབ་ཚགས་ཀྱིས་བཀླགས་པ་ཡིན། ཐབས་ལམ་དེ་འདྲ་ཞིག་གིས་རྩོམ་ཡིག་དེའི་བརྗོད་དོན་ནམ་ཚིག་དོན་གང་ཐད་ནས་རོལ་ཙམ་རྒྱུས་བྱ་ཐུབ་པས། རྩོམ་ཡིག་གང་དེ་ཡོངས་རྫོགས་བཀླག་དགོས་མིན་ཡང་ཐག་བཅད་པ་ཡིན།
    དེ་ལྟར་ན། རྩོམ་ཡིག་དེར་ཚིག་གམ་དོན་གང་ཐད་ནས་རང་བློར་མི་འགྲོ་ས་དང་། ཚིག་དོན་གང་ཐད་ནས་སྐྱོན་དུ་མཐོང་བ་མང་དུ་འདུག་ཚེ་རྩོམ་ཡིག་གང་དེ་ཀློག་མཚམས་བཞག་པ་ཡིན་ལ། ཚིག་དོན་རེ་གཉིས་ལ་གསལ་འདེབས་ཀྱི་ཚུལ་དུ་ཚིག་རེ་གཉིས་ཅིས་ཀྱང་འབྲི་ལོབས་སུ་སོང་འདུག སྐུ་ཞབས་ཆུང་ཚེ་རིང་ནི་ངས་ནམ་རྒྱུན་རྗེད་འདེད་བྱེད་དགོས་པའི་བཙན་བྱོལ་ནང་གི་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་ཞིག་ཡིན་ལ། ཁོང་གི་བརྩམས་ཆོས་དང་མི་གཤིས་གང་ཐད་ནས་ངས་སློབ་སྦྱོང་བྱེད་དགོས་པ་མང་པོ་མཐོང་ཡོད་ལ། དེ་མཚུངས་ཁོང་ལ་རེ་བའང་ཅུང་མཐོ་ས་ནས་རྒྱག་གིན་ཡོད། དེ་ལྟར་ཀྱང་མཚམས་ལན་རེར་ང་རང་གི་མི་གཤིས་ཀྱིས་སྐུལ་ཏེ་ཁ་ནས་གང་བཤད་འདོད་པ་དང་ལག་གིས་ཅི་འབྲི་འདོད་པའི་ཚོར་བ་དེས་དེ་རིང་ཡང་འདིར་ཚིག་རེ་གཉིས་ཀྱིས་གོང་གི་རྩོམ་འདི་ཀློག་འདོད་ཡི་ག་དེ་འགག་ཏུ་བཅུག་སོང་།
    དགོས་དབང་གིས་དཔེ་ཙམ་དགོད་པར་བྱ་སྟེ། ༼ རྩྭ་རྩེའི་སྟེང་གི་ཟིལ་པ་བཞིན་དུ་འོད་འཚེར་འཚེར་དང་། ༽ཟེར་བ་འདི་ལ་གཟིགས་དང་། རྩྭ་ཡིོ་རྩེ་མོར་ཟིལ་བ་འོད་དུ་འཚེར་ཟེར་ན་བོད་རང་གི་སྐད་དང་མཐུན་པ་མ་ཟད། དོན་དུའང་བོད་སྐད་ཡིག་འགྲོས་ངོ་མ་ཡིན་མོད། འདི་ལ་(རྩྭ་རྩེའི་སྟེང་གི་” ཞེས་ཚིག་གི་སྟེང་ལ་ཚིག་བསྣན་དགོས་དོན་རྩ་བ་ནས་མི་འདུག་ལ། དོན་ལའང་ཧ་ཅང་གནོད་མི་འདུག་གམ། ཡང་དེར་མཐུད་ནས་
    “ཉི་མས་དྲོད་པའི་རྡོ་ལེབ་”དང་
    “གྲང་ཅང་ཅང་”
    “ཉི་མ་རི་རྩེར་འཆར་བ་དང་དགོང་མོ་ཉི་མ་རི་རྩེར་ནུབ་པར་བལྟ་བཞིན་”ཟེར་བ་ལྟ་དོན་ལ་འགྲིག་མིན་གང་ལྟར་ཀྱང་ཚིག་གི་ཆས་ནས་ནོར་ཉེན་ནམ་དོན་ལོག་གར་སྟོན་ཉེན་ཅན་མང་དུ་འདུག་མོད། ངས་འདི་ནས་རེ་རེ་བཞིན་དཔྱད་པ་གཏོང་པའི་དུས་མི་འདུག
    གཞན་ཞིག་ནས་རང་གོང་ཞུས་ལྟར་རྩོམ་ཡིག་འདི་ཆ་ཚང་བ་ཞུབ་ཏུ་བཀླགས་མེད་པས་འདི་བརྗོད་དོན་གཙོ་བོ་དང་རྩོམ་ཡིག་འདིའི་རིན ཏང་སོགས་ལ་རྒྱུས་མེད་རྒྱུས་གཏམ་ཅང་བཤད་མེད་ལ། བཤད་དགོས་པའང་མི་འདུག་མོད། སྐུ་ཞབས་ཁོང་ལྟ་བུ་ནི་ང་ཚོའི་མིག་དཔེར་ལྟ་ལྟ་འོས་པའི་རྩོམ་པ་པོར་ཞིག་ཡིན་པས་ན། གོང་དུ་བྲིས་པ་དེ་ལྟ་བུའང་མེ་ལོང་མ་ལས། སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར་ཟེར་བའི་དཔེར་སོང་འདུག་ན། གསལ་འདེབས་ཙམ་ལས་གཞན་སྔར་ལྟར་ཁྱོད་ཀྱི་ཀློག་པ་པོ་ཞིག་ཨེ་ཆགས་ལ་རེ་བས་སྒུག་ཅིང་ཡོད་དོ།། ང་ནམ་རྒྱུན་གང་བསད་འདོད་པ་ཐད་ཀར་བཤད་མཁན་ཞིག་ལས་སྐོར་ནས་ངོ་སྟོད་བྱེད་པར་རྒྱུས་མེད་པས་ན། འདིར་ཁྱོད་ལ་ཕོག་ཐུགས་གང་ཡང་མི་འབྱུང་བར་ཡིད་ཆེས་སོ།།

    གཅན་བཟོད་རྒྱམ་པས་གུས་ཡུལ་ཝ་ར་ན་སི་ནས།

    ReplyDelete
  21. བཟོད་རྒྱམ་ལགས་ཀྱི་དགོངས་འཆར་དེ་ཚོར་གུས་བརྩི་ཡོད། ཡིན་ནའང་ངེད་གཉིས་ཀྱི་འཚར་ལོངས་ཀྱི་ཁོར་ཡུག་དབང་གིས་མིན་ནམ། ཚིག་ཁ་ཤས་སྙན་མ་སྙན་ཐད་ལྟ་སྟངས་གཅིག་པ་མ་རེད། དཔེར་ན་ཉི་མས་དྲོད་པ་དང་། གྲང་ཅང་ཅང་ཟེར་བ་དེ་ཚོ་ང་ཚོ་དབུས་གཙང་ཁུལ་གྱི་རྒྱུན་སྐད་ནང་བཀོལ་ཁྱབ་ཆེ་ཞིང་ཚོར་ཤུགས་ཆེན་པོ་སྟོན་ཐུབ་པའི་ཚིག་སྙན་འཇེབས་ཅན་རེད། ཐུགས་རྗེ་ཆེ། ཚིག་བཅད་དེ་ལ་ལན་སྐབས་གཞན་ཞིག་ཏུ་བྲིས་ཟིན་པས་འདིར་བསྐྱར་ཟློས་བྱས་མེད། ཐུགས་རྗེ་ཆེ། ཡང་ཡང་ཕེབས་ཏེ་དགོངས་འཆར་གནང་རོགས།

    ReplyDelete
  22. ཁང་གསར་ཀརྨ་བསྟན་འཛིན།May 3, 2012 at 2:27 PM

    སྐུ་ཞབས་ཆུང་ལགས་ཀྱི་རྩོམ་སྙན་མོ་དེ་བཀླགས་པ་ཙམ་མིན་པར་། རྩོམ་གྱི་གཤམ་དུ་མཆན་བྲིས་མཁན་རྣམས་ཀྱི་སྐད་ཆ་ཡང་སྙན་ཞིང་གནས་ཚུལ་མང་པོ་ཞིག་ཤེས་ཀྱིན་འདུག སྐུ་ཞབས་ཆུང་ལགས་སླར་ཡང་རྩོམ་རིག་གི་འགྲུལ་བཞུད་དུ་ཕེབས་པར་དགའ་བསུ་ཞུ། ཁྱེད་ཉིད་ཀྱི་རྩོམ་ལ་དམིགས་བསལ་གྱི་ཁྱད་ཆོས་མང་དག་ཡོད་པ་ལས་ཕྲན་གྱིས་སྣང་བ་ནི་། ཁྱེད་ཀྱི་རྩོམ་ཡིག་དེ་བློ་རིག་མཆོག་དམན་སུས་ཀློག་ཀྱང་གོ་བདེ་ཞིང་ནང་དོན་ཟབ་པ་ཞིག་རེད་།

    ད་དུང་ཡང་རྩོམ་ཡིག་མང་ཙམ་སྤེལ་རོགས་གནང། །

    ReplyDelete
  23. ཀརྨ་ལགས་ཀྱིས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། ཡང་ཡང་ཕེབས་ནས་དགོངས་འཆར་གནང་རོགས།

    ReplyDelete
  24. ཁྱེན་ཡངས་ཆུང་ཚེ་རིང་ལགས། ཁྱེད་ཀྱི་རྩོམ་ཡིག་དེས་ང་སླར་ཡང་ཕ་ཡུལ་གྱི་ཞིང་པའི་འཚོ་བ་དེར་འཁྲིད། ཕྱིར་དྲན་གྱི་ཚོར་བ་དེས་ཡ་ཆུང་སེམས་ལ་དགའ་སྐྱོའི་དྲོ་བ་མི་འདྲ་བ་ཞིག་སྦྱིན།་ཐུགས་རྗེ་ཚེ།

    ReplyDelete
  25. མཚན་མི་གསལ་བའི་གྲོགས་པོ་ཁྱེད་ཀྱིས་གདེང་འཇོག་དང་མྱོང་ཚོར་གསུངས་པར་ཐུགས་རྗེ་ཆེ།

    ReplyDelete
  26. ཆུང་ཚེ་རིང་ལགས། ཁྱེད་ཀྱི་ཟིན་བྲིས་ཞིག་དྲ་རྒྱའི་རྒྱུད་ཀློག་རྒྱུ་བྱུང་། ཚིག་གི་འགྱུར་ཁུགས་ནི་ཧ་ཅང་ཡིད་དབང་འཕྲོག་བྱུང་བ་མ་ཟད་དུས་ཚོད་རགས་རིམ་བཞིན་ཁྱེད་ཀྱི་ཟིན་བྲིས་རྣམས་དེ་བཞིན་བོད་ཀྱི་དྲྭ་རྒྱ་ཁག་ལ་མྱུལ་ནས་བལྟ་ཀློག་བྱེད་ཀྱི་ཡོད། གུས་པའི་བོད་ཡིག་གི་གནས་ཚད་གཞན་པོ་ཡིན་འོན་ཀྱང་སྙིང་རུས་བཅངས་ནས་ག་དུས་ཡིན་ཡང་ཡར་རྒྱས་བཏང་ཐབས་བྱེད་ཀྱི་ཡོད་། དེ་སྔོན་ sonamdawa.blogspot.in ཞེས་པའི་ཐོག་རང་རྩོམ་འབྲི་ཁུལ་བྱེད་ཡིན་ཡང་རང་ལས་གནས་ཚད་མཐོ་བའི་རོགས་པ་ཞིག་གི་ལམ་སྟོན་མེད་ན་ཁྲོན་པའི་ནང་གི་སྦལ་པ་འདྲ་བོ་ཚོར་གྱི་འདུག དེར་བརྟེན་སྐུ་ཉིད་ནས་གཟིགས་ཞིབ་དང་བཀའ་སློབ་ལྷུག་སྩོལ་ཡོང་བའི་རེ་བ་ཞུ།
    གུས་འདུད་བཅས།
    བསོད་ནམས་ཟླ་བ།
    (མིང་དངོས་ནས།)
    iphoeniz@gmail.com

    ReplyDelete
  27. བསོད་ནམས་ཟླ་བ་ལགས་ཀྱིས་ཕྲན་གྱི་དྲྭ་དེབ་འདིར་མཉེས་པོ་དང་གདེང་འཇོག་གནང་བར་ཐུགས་རྗེ་ཆེ། དུས་ཚོད་ཡོད་དུས་ཁྱེད་ཀྱི་ཟིན་བྲིས་དེར་བལྟ་བར་ཡོང་གི་ཡིན།

    ReplyDelete
    Replies
    1. ཆུང་ལགས་ཀྱི་རྩོམ་ཡིག་འདིས་ང་སླར་ཡང་ཁ་སྦྱང་ཙམ་ལས་འདྲན་མ་ཕོད་པའི་ཕ་ས་དྲོན་མོ་འདི་དབང་མེད་དུ་འདྲན་དགོས་བཟོས་སོང་་་མཁས་བླུན་སུས་ལྟས་ཀྱང་མཐེ་བོང་མ་བསྟན་རང་དབང་མིན་འདུག་་་་་་་་་་མུ་འཐུད་བསམ་པའི་ལོངས་སྤྱོད་དུ་རྩོམ་གསར་གང་མང་འབྲིས་གནང་རྒྱུ་ཐུགས་ལ་འཛིན་རོགས་་
      ར་མ་རྒང་དངོས་གྲུབ་ནས་་

      Delete